༄༅།། གསར་རྙེད་འདི་དག་གི་ཆེད་དུ་ཁྱེད་ཀྱིས་གནའ་བོའི་ཨེ་ཅིབ་མི་ལ་བཀའ་དྲིན་ཞུ་འོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


ཚན་རིག་འཇུག་ངོགས།
  གནའ་བོའི་ཨེ་ཅིབ་ཅེས་བཤད་མ་ཐག་མི་ཚང་མའི་བློ་ངོར་འཆར་བ་ནི་གཏོར་གཟུགས་མཆོད་རྟེན་དང་སེང་གེ་མིའི་གདོང་ཅན། ཆོས་དཔོན་བཅས་རེད། འོན་ཀྱང་གནའ་བོའི་ཨེ་ཅིབ་མིས་བརྗིད་ཉམས་ཆེ་བ་དང་ལོ་རྒྱུས་ཀྱི་དཔངས་མཐོ་བའི་གནའ་ཤུལ་འདི་དག་གསར་གཏོད་བྱས་པ་ལས་ད་དུང་དེང་སྐབས་ང་ཚོའི་འཚོ་བའི་ཁྲོད་གོམས་གཤིས་སུ་ཆགས་པའི་གྲུབ་འབྲས་མང་པོ་ཞིག་གསར་བཟོ་བྱས།
སོ་སྨན།
  གནའ་བོའི་ཨེ་ཅིབ་མིའི་སོའི་སྣང་ཚུལ་ཅུང་ཟད་མི་ལེགས་མོད། འོན་ཀྱང་ཁོ་ཚོའི་ཁ་ནད་སྔོན་འགོག་གི་ཐད་ལ་ནུས་ཤུགས་ཅི་ཡོད་བཏོན་ཡོད་དེ། གནའ་བོའི་ཨེ་ཅིབ་བང་སོ་ལས་གསར་རྙེད་བྱུང་བའི་སོ་ཐུར་དང་གཞན་སོ་སྨན་གསར་བཟོ་བྱས་སྟབས་ཁོ་ཚོའི་སོ་སྔར་ལས་ཇེ་མཛེས་དང་ཇེ་ལེགས་ཇེ་དཀར་ཡིན། གནའ་བོའི་ཨེ་ཅིབ་མིས་རྡོ་ཚ་དང་དག་ཅི། ཡོན་ཧྭ་མེ་ཏོག སེ་པན་སོགས་འཐག་ནས་མཉམ་དུ་བསྲེས་རྗེས་སོ་སྨན་བཟོས་པ་ཡིན་ལ། སོ་སྨན་འདིའི་རིགས་དང་དེང་སྐབས་ང་ཚོས་བཀོལ་བཞིན་པའི་སོ་སྨན་གཉིས་གཏན་ནས་མི་འདྲ་བར། སོ་སྨན་ལས་སྣོན་བྱེད་པའི་སྐབས་ཡོན་ཧྭ་མི་ཏོག་བསྲེས་པར་གཞིགས་ན། ཁོ་ཚོས་སྐབས་དེར་གལ་ཆེ་བའི་སོ་སྨན་ལས་སྣོན་གྱི་ལག་རྩལ་ཤེས་རྟོགས་བྱུང་ཡོད། རྒྱུ་མཚན་ཡང་ད་ལྟའི་སྨན་པས་ཡོན་ཧྭ་མེ་ཏོག་འདིའི་རིགས་ཀྱིས་སོ་ནད་སྔོན་འགོག་ལ་ཧ་ཅང་ཕན་པར་འདོད་དོ།།
ལོ་ཐོ།
  འཚོ་བར་གོ་རིམ་དང་ལྡན་དགོས་ན་ལོ་ཐོ་ནི་མེད་དུ་མི་རུང་བ་ཞིག་ཡིན། གནའ་བོའི་ཨེ་ཅིབ་མིས་ཉིན་365ཅན་གྱི་ལོ་ཐོ་ཐོག་མར་གསར་བཟོ་བྱས་ཡོད། དེ་ཡང་ཁོ་ཚོའི་སྤྱི་ཚོགས་ལ་མཚོན་ན་ཞིང་ལས་ནི་གཙོ་བོ་ཡིན་ལ། འོན་ཀྱང་རང་བྱུང་ཆ་རྐྱེན་གྱི་ཚད་བཀག་ཐེབས་ཏེ། མཚོ་རླབས་འཕྱུར་ཐེངས་གཅིག་གིས་ཡོད་ཚད་རྩ་མེད་དུ་གཏོང་བའི་ཉེན་ཁ་ཆེ། དེ་བས་ས་བོན་འདེབས་པའི་གོ་སྐབས་ཡག་ཤོས་དེ་འཚོལ་བ་དང་ཆག་སྒོ་ངན་པར་གཡོལ་ཕྱིར་གནའ་བོའི་ཨེ་ཅིབ་མིས་ཉི་ལུའོ་གཙང་པོའི་མཚོ་རླབས་འཕེལ་འགྲིབ་ཀྱི་དུས་ཚོད་ཟིན་ཐོར་བཀོད་པར་མ་ཟད། ལོ་ཐོར་བལྟས་ནས་ཆུ་ལོག་རྒྱུག་པའི་དུས་ཚོད་སྔོན་དཔག་བྱེད་པའང་གསར་རྙེད་བྱུང་ཡོད།
  སྐར་མ་གནམ་སྤྱང་ཤར་བའི་དུས་ནི་ཏག་ཏག་ཉི་ལུའོ་གཙང་པོར་མཚོ་རླབས་འཕྱུར་བའི་དུས་ལ་བབ་ཡོད་པས། གནའ་བོའི་ཨེ་ཅིབ་མིས་ལོ་ཐོ་གསར་བཟོ་བྱེད་དུས་སྐར་མ་གནམ་སྤྱང་ལའང་ཞིབ་འཇུག་གཏིང་ཟབ་བྱས་ཡོད་པ་རེད།
  ཁོ་ཚོས་གསར་བཟོ་བྱས་པའི་ལོ་ཐོ་ནི་དེང་སྐབས་ང་ཚོས་དགར་བའི་ལོ་གཅིག་ལ་དུས་ཚིགས་བཞི་ཡོད་པའི་དགར་ཐབས་དང་མི་འདྲ་བར། མིས་ཞིང་འདེབས་པའི་དུས་ཚིགས་གསུམ་རུ་བཀར་ཡོད་དེ། ཆུ་ལོག་རྒྱུག་དུས་དང་སོན་འདེབས་དུས། སྟོན་སྡུད་དུས་བཅས་དུས་ཚིགས་རེར་ཟླ་བ་བཞི་རེ་དང་། ཟླ་བ་རེར་ཉིན30བཅས་ཡིན་ལ། ལྷག་མའི་ཉིན་བཞི་པོ་ནི་སྟོན་སྡུད་དུས་དང་ཆུ་ལོག་རྒྱུག་དུས་ཀྱི་བར་དུ་བསྣན་ནས་ཆོས་ལུགས་ཀྱི་ཆོ་ག་སྤེལ་བ་རེད།
མིག་མཛེས་ཕྱེ་མ།
  གནའ་བོའི་ཨེ་ཅིབ་མིས་དབྱང་འགྱུར་ཟངས་དང་ཁམ་སྙིང་བསྲེགས་པའི་ཕྱེ་མ་བཅས་སྣ་མང་རྒྱུ་ཆ་མཉམ་དུ་བསྲེས་ནས་མིག་མཛེས་ཕྱེ་མ་བཟོས་པ་ཡིན་ལ། མཐར་འཛེང་རྡོ་ལས་གྲུབ་པའི་རྫ་སྣོད་ནང་དུ་གསོག་ཉར་བྱས་ཡོད།
  མིག་མཛེས་ཕྱེ་མའི་གསར་རྙེད་དང་མིག་མཛེས་ཕྱེ་མ་བྱུགས་པ་ནི་སྐབས་དེའི་ཨེ་ཅིབ་མིར་མཚོན་ན་ཆེས་རྒྱུག་ཆེ་བ་དང་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད་པ་རེད། འོན་ཀྱང་འདི་ནི་ཨེ་ཅིབ་མིས་དར་སྲོལ་གསར་པ་ཞིག་ཏུ་ངོས་འཛིན་གྱིན་མེད་པར། མིག་མཛེས་ཕྱེ་མ་བྱུགས་རྗེས་ཉི་མའི་ལྷ་དང་གཟུགས་འདྲ་བ་ཆགས་ཀྱིན་ཡོད་པར་མ་ཟད། མིག་ལ་སྲུང་སྐྱོབ་བྱེད་པ་དང་འབུ་ཕྲ་སྔོན་འགོག་བྱེད་པ། ཉི་མའི་འོད་ཀྱིས་མིག་དབང་ལ་ཐེབས་པའི་གནོད་པ་དེ་སྔོན་འགོག་བྱེད་པའི་ནུས་པ་ཡོད་དོ།།
དག་ཅི་ཀ་ར།
  གནའ་བོའི་ཨེ་ཅིབ་ཏུ་སོ་ནད་ནི་མི་རྣམས་མགོ་ན་རུ་འཇུག་པའི་གནད་དོན་ཆེན་པོ་ཞིག་རེད།དེ་གའི་མི་རྣམས་ཀྱིས་ཟ་བའི་ཟས་རིགས་ཁྲོད་དུ་སོ་ལ་གནོད་པའི་དངོས་རྫས་འདུས་ལ། སོ་འཁྲུད་པ་ལས་གཞན་པའི་སྲུང་སྐྱོབ་བྱེད་ཐབས་མིད་པས། སོ་རུལ་བར་འགྱུར་སླ་ལ་ཁ་རུལ་གྱི་གནད་དོན་ཡང་འབྱུང་སྲིད།
  གནད་དོན་འདི་ཐག་གཅོད་ཆེད། གནའ་བོའི་ཨེ་ཅིབ་མིས་འཛམ་གླིང་སྟེང་གི་དག་ཅི་ཀ་ར་ཐོག་མར་གསར་གཏོད་བྱས་པ་སྟེ། སྤོས་ཀར་དང་ཤིང་ཚ་སོགས་འདུས་པའི་བསུང་རྫས་མང་པོ་ཀ་ར་དང་མཉམ་དུ་བསྡེབས་ནས་གྲུབ་པའི་སྒང་དབྱིབས་ཀྱི་ཀ་ར་དེ་ཡིན། ཀ་ར་དེས་གནའ་བོའི་ཨེ་ཅིབ་མི་དམངས་ཀྱི་ཁ་རུལ་གནད་དོན་ཐག་བཅད་པར་མ་ཟད།  མཛའ་གྲོགས་སྒྲིག་པའི་མི་རྣམས་ལའང་ཕན་པ་མང་པོ་བསྐྲུན།
སྒོ་ཟྭ།
  འཛམ་གླིང་སྟེང་ཆེས་སྔ་བའི་སྒོ་ཟྭ་དེར་ལོ་ངོ་4000ལྷག་གི་ལོ་རྒྱུས་ཡོད་ལ། གནའ་བོའི་ཨེ་ཅིབ་ཕོ་བྲང་ལས་གསར་རྙེད་བྱུང་བ་ཡིན། ཨེ་ཅིབ་ཀྱི་ཆེས་ཐོག་མའི་སྒོ་ཟྭ་ནི་ཤིང་ལས་གྲུབ་པའི་འཕྲེད་ཤིང་ཞིག་ཡིན་ལ། དེའི་སྟེང་དུ་སྟབས་བདེའི་སོ་ཁུང་ཡོད་པར་མ་ཟད། ལྡེ་མིག་སྟེང་དུའང་སོ་ཁ་ཇུས་འགོད་བྱས་ཡོད། སྒོ་ཟྭ་འབྱེད་པའི་སྐབས་སུ་སོ་ཁའི་རི་མོ་ནང་ཕན་ཚུན་མཚུངས་ན་སྒོ་ཟྭ་འབྱེད་ཐུབ།

  གནའ་བོའི་རོ་མ་མིས་ཨེ་ཅིབ་ཀྱི་ཤིང་ལས་གྲུབ་པའི་སྒོ་ཟྭའི་ལག་རྩལ་རྒྱུན་འཛིན་བྱས་པའི་རྨང་གཞིའི་སྟེང་འདབ་ལྷེ་སྒོ་ཟྭ་གསར་གཏོད་བྱས་ཡོད། གནའ་བོའི་ཨེ་ཅིབ་མིས་གསར་གཏོད་བྱས་པའི་སྒོ་ཟྭའི་སྟེང་གི་སོ་ཁ་ནི་དུས་ད་ལྟའང་བཀོལ་སྤྱོད་བྱེད་བཞིན་ཡོད།

རྩིས་རིག

  གནའ་བོའི་ཨེ་ཅིབ་མིས་དེང་རབས་ཀྱི་རྩིས་རིག་གསར་བཟོ་བྱས་ལ། ཁོ་ཚོས་རྩིས་རིག་ཤེས་བྱར་བརྟེན་ནས་རྩིག་དངོས་འཛུགས་སྐྲུན་བྱེད་དགོས་པར་མ་ཟད། སྤྱི་དམངས་ཕན་ཚུན་གྱི་ཟས་རིགས་ལའང་བགོ་བཤའ་རྒྱག་དགོས་པ་རེད།
  གནའ་བོའི་ཨེ་ཅིབ་མིས་དབྱིབས་རྩིས་རིག་པའི་ཕྱོགས་སྟོན་དུས་དེབ་བསྐྲུན་ཏེ་སྒྱུར་ཐབས་དང་བགོ་ཐབས་གསལ་བཤད་བྱས་ཡོད། སྤྱི་ལོ་སྔོན་གྱི་1650ལོར། དཔེ་དེབ་དེའི་མིང་ལ་ལེ་དབྱིན་ཏེ་འཁྱུག་ཡིག་ཤོག་བུ་ཞེས་བཀོད་པ་དང་། ནང་དུ་རྩིས་རིག་དོགས་གཞི་ཅན་དང་ཐག་གཅོད་བྱེད་ཚུལ་སོགས་ཧ་ལམ་84ལྷག་འདུས་ཡོད་པར་མ་ཟད། ལས་བཟོ་པ་ཡོངས་ལ་ཟས་རིགས་བགོ་བྱའི་ཐབས་ལམ་ཡང་འདུས་ཡོད།
དུས་ཚོད།
  གནའ་བོའི་ཨེ་ཅིབ་མི་ལ་དུས་ཚོད་དང་ཡང་ན་ཁ་པར་ལ་སོགས་པའི་དུས་ལྟར་དུས་ཚོད་ཐག་གཅོད་ཐུབ་པའི་ལག་ཆ་མེད་ནའང་། ང་ཚོས་དེང་སྐབས་འདི་ལྟ་བུའི་སྟབས་བདེའི་ལག་ཆ་བཀོལ་སྤྱོད་བྱེད་ཐུབ་པ་ནི་ཁོང་ཚོའི་བྱས་རྗེས་རེད།
གྲུ་ནར་རྡོའི་མཆོད་རྟེན་བརྒྱུད་ནས་གནའ་བོའི་ཨེ་ཅིབ་མི་ནི་འཛམ་གླིང་སྟེང་ཆེས་ཐོག་མར་ཉི་མའི་འགྱུར་ལྡོག་ལ་གཞིགས་ནས་ཉིན་གཅིག་དུས་ཚོད་དུ་མ་ལ་བགོ་ཐུབ་པའི་མི་རིགས་ཤིག་རེད། གྲུ་ནར་རྡོའི་མཆོད་རྟེན་གྱི་གྲིབ་མ་ལ་གཞིགས་ནས་གནའ་བོའི་ཨེ་ཅིབ་མིས་ཉིན་གཅིག་གི་དུས་ཚོད་ཁག་གཉིས་སུ་དབྱེ་ཡོད་དེ། ཉིན་གུང་གི་སྔོན་དང་ཉིན་གུང་གི་རྗེས་ཞེས་གཉིས་སུ་དབྱེ་ཡོད། དེ་དང་ཆབས་ཅིག་གྲུ་ནར་རྡོའི་མཆོད་རྟེན་འདི་ལས་ང་ཚོས་ལོ་གཅིག་གི་ནང་ཆེས་རིང་བ་དང་ཆེས་ཐུང་བའི་ཉིན་མོ་དེ་དུས་ནམ་ཡིན་པའང་རྟོགས་ཐུབ།
  གྲུ་ནར་རྡོའི་མཆོད་རྟེན་རྗེས་སུ་གནའ་བོའི་ཨེ་ཅིབ་ཀྱི་ཨ་མིང་ཉི་ཧོ་ཐེ་ཁྲིམས་ཁང་གིས་དུས་ཚོད་གསར་གཏོད་བྱས་པ་རེད། མི་རྣམས་ཀྱིས་ཞབས་ལ་རྟགས་བཀོད་ཡོད་པའི་དཀར་ཡོལ་སྟེང་དུ་ཆུ་བླུགས་རྗེས། ཆུ་གནས་ཀྱི་འགྱུར་ལྡོག་ལ་བརྟེན་ནས་དུས་ཚོད་ཐག་བཅད་པ་རེད།།

          2016ལོའི་ཟླ་4པའི་ཚེས་15ཉིན་གྱི་《མཚོ་སྔོན་བོད་ཡིག་གསར་འགྱུར།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1