༄༅།། ཡང་སྙིང་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པ་ནི་གོ་སྐབས་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-11



  ང་ཚོས་འདི་ལྟར་བསམ་གཞིག་རེ་བཏང་འོང་དུས། འུ་ཚོའི་ཉེ་འཁོར་ན་འཆོར་སླ་ལ་འཛིན་དཀའ་བའི་དངོས་པོ་ཁྱད་མཚར་ཞིག་འདུག་སྟེ། དེ་ནི་ཁྱེད་དང་འབྲེལ་མེད་ཀྱི་དངོས་པོ་གཞན་ཞིག་མ་ཡིན་པར་གོ་སྐབས་ཞེས་པ་དེའོ།

  གོ་སྐབས་ནི་རྙེད་པར་དཀའ་ལ་རིན་ཐང་བྲལ་བའི་ནོར་བུ་རྩ་ཆེན་ཞིག་ཡིན། ནམ་རྒྱུན་ང་ཚོས་གོ་སྐབས་ཀྱི་རིན་ཐང་ལ་བསམ་གཞིག་གང་ཡང་མ་བྱས་པར་ཉིན་མཚན་ཁོར་མོ་ཡུག་ཏུ་བསྡད་པ་ཡིན་ན། གོ་སྐབས་ལ་སྙིང་རྗེ་སྤུ་ཙམ་ཡང་མེད་པར་ཁྱོད་ཀྱི་ཚེ་སྲོག་རྟ་རྔ་ཙམ་པོ་ཡང་ཤེས་མེད་ཚོར་མེད་ཀྱིས་འཕྲོག་འགྲོ་བར་ཐེ་ཚོམ་མེད། དེ་འདྲ་ཡིན་དུས། ཁྱེད་རང་ལ་སྨྲ་ཤེས་ཤིང་དོན་གོ་བ་ཞེས་པའི་འགྲོ་བ་མིའི་མཚན་ཉིད་བཞག་པ་དེ་ལ་དོན་སྙིང་ཅི་ཡང་མི་འདུག

  དུས་རབས་གསར་བའི་མཁའ་དབུགས་རྔུབ་མཁན་གྱི་ན་གཞོན་ཞིག་གམ་ཡང་ན་ཟང་ཟིང་ལང་ལོང་གི་སྤྱི་ཚོགས་ཤིག་ཏུ་འཚོ་བ་སྐྱེལ་མཁན་གྱི་མི་བུ་ཞིག་ཡིན་ཕྱིན། གོ་སྐབས་ནི་སེམས་ནས་འདོར་མི་རུང་བའི་གདམས་ངག་ཅིག་ཏུ་ངོས་བཟུང་སྟེ། གོ་སྐབས་ལ་དམ་འཛིན་དང་གཅེས་སྤྲས་བྱེད་ཤེས་ཚེ། ཁྱོད་རང་ས་གང་དང་གནས་གང་དུ་སོང་ཡང་རུང་། གོ་སྐབས་ནི་ནམ་རྒྱུན་ཁྱེད་དང་འགྲོགས་ནས་ཡོད་པས། དེ་ནི་ཁྱེད་ཀྱིས་ཅི་བདེར་བཀོལ་ཆོག་པའི་གཟུགས་མེད་ཀྱི་རལ་གྲི་ཞིག་དང་ཀུན་ནས་མཚུངས། 

  ཁྱེད་ཀྱིས་ཡིད་འཇོག་དང་རྟོག་དཔྱོད་གང་ཡང་མ་བྱས་པར།  ནམ་རྒྱུན་འཁང་ར་དང་སྡུག་གཏམ་ཁོ་ན་བཏོན་ཏེ། ང་ལ་གོ་སྐབས་མི་འདུག་ཅེས་མ་གསུངས་རོགས། ཁྱེད་ཀྱིས་ཕར་གོ་སྐབས་འཚོལ་དགོས་པ་ལས། གོ་སྐབས་ཀྱིས་ཚུར་ཁྱེད་རང་བཙལ་ནས་མི་ཡོང་ཁོ་ཐག་ཡིན། དེ་བས་ན་ཁྱེད་ནི་གོ་སྐབས་དེ་ཉིད་རང་དབང་དུ་ཁ་ལོ་སྒྱུར་མཁན་ཀྱི་བདག་པོ་ཞིག་བྱེད་དགོས་པ་ལས། གོ་སྐབས་ཀྱི་ཁུར་བོ་ཞིག་གཏན་ནས་བྱེད་མི་རུང་། 

  རང་ལ་འཚམ་པའི་ཁོར་ཡུག་ཅིག་ཏུ། རང་གིས་བདམས་པའི་ལམ་ཁ་དེ་རུ། རང་ཉིད་ནི་དུད་འགྲོ་རྣམས་དང་དབྱེ་འབྱེད་བྱ་འདོད་ན། མི་ཞིག་གི་ལས་ཀ་ནི། ཉིན་ལྟར་ཟ་འཐུང་དང་སྐྱིད་ཉལ་བྱེད་ཤེས་པ་དེ་མ་ཡིན་པར། འཇིག་རྟེན་འདིར། རང་ཉིད་ཀྱིས་གོ་སྐབས་གང་ཡོད་བཙལ་ཏེ་མི་ཚད་ལྡན་ཞིག་ཏུ་གཏང་རྒྱུ་དེ་མཐར་གཏུགས་ན་གོ་སྐབས་ཁོ་ན་ལ་རག་ལས།

  ཡང་གཅིག་བཤད་ན། ང་ཚོས་ངུ་ངག་གི་དབྱངས་རྟ་ཐོག་མར་གྱེར་བ་ནས། ང་ཚོས་རྐང་ཆུང་གི་གོམ་འགྲོས་གང་སར་སྤོས་པ་ནས། ཉིན་མཚན་བར་མེད་དུ། གོ་སྐབས། གོ་སྐབས་ཞེས་སྨྲ་བཞིན། མཛེས་སྡུག་གི་གོ་སྐབས་གྲངས་མེད་ཅིག་བརླགས་སོང་། རིན་བྲལ་གྱི་གོ་སྐབས་མང་པོ་ཞིག་ཤོར་སོང་། དེ་ནི་རང་ལ་ཐོབ་ཟིན་པའི་གཅེས་ནོར་རྩ་ཆེན་ཞིག་ཕངས་སེམས་ཅི་ཡང་མེད་པར། ལོ་ཟླའི་གཡང་ཁར་བསྐྱུར་བ་ཡིན་པས། མི་ཚེ་འདིའི་ཆེས་བློ་ཕམ་སྟེར་བའི་ལོ་རྒྱུས་ཀྱི་བྱས་ཉེས་ཤིག་རེད་དོ།།



རྩོམ་ཡིག་སྔོན་མ།
༄༅།། མཁའ་འགྲོ་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1