༄༅།། ཆམ་པས་གདུང་བའི་བུ་ལ་སྐྱོ་སྣང་།

དབང་ཆེན། རྩོམ་སྒྲིག་པ།ཚེ་བརྟན་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-16


  ཟས་ཀྱི་སྙད་པའི་སྒྱུ་མའི་ལུས་འདི་ཉིད། །གློ་བུར་བདེ་ཐང་འཇོམས་བའི་ཆམ་པ་ཞིག  །གང་བྱུང་ཆ་མེད་ལུས་ཀྱི་ལྷུ་ལག་དང་། །ཁ་སྣ་མིག་སོགས་གཤེར་ཁུ་འཛག་ནས་གཟེར། །ལས་ངན་རྣམ་སྨིན་ལུས་ཀྱི་ཕུང་པོ་ལ། །མི་འདོད་སྡུག་ལ་བསྐུལ་བའི་ཡམས་ནད་ཞིག །ཟས་སྤྱོད་ཡི་ག་འཆུས་པའི་རྣམ་པ་ལ། །བདེ་བའི་སྣང་བར་སྐད་ཅིག་གཅིག་གིས་འཇོམས། །ཆམ་པས་ལུས་ཀྱི་ནུས་སྟོབས་ཆོམ་ལ་ཕབ། །ཆམ་པས་ལུས་སེམས་དགའ་བདེ་འཕྲོག་ཅིང་བཅོམ།  །ཆམ་པས་རྨི་ལམ་འཁྲུག་ཅིང་སྣང་བར་འགྱུར། །ཆམ་པས་ཚེ་དང་སྲོག་ལ་འཇབ་ཅིང་རྒོལ། །རང་ལུས་དྭངས་གཙང་འོ་མའི་ཆུ་གཏེར་ལ། །མི་གཙང་མཁའ་དབུགས་གད་སྙིགས་ཀྱིས་བརྙོགས་ཏེ། །འབྱུང་ཁམས་རྒོད་མ་ཁ་་ཡི་རྟ་གདོང་མེས། །ཚ་གྲང་འཐབ་པའི་རྦ་རླབས་འཁྲུགས་པར་གྱུར། །ཕྱི་རོལ་ས་ཆུ་མེ་རླུང་ནམ་མཁའི་ཁམས།  །ནང་གི་རྡོ་རྗེའི་ལུས་ཀྱི་གྲོང་ཁྱེར་དུ། །ཤ་ཁྲག་དྲོད་དབུག་སྟོང་དང་རྟེན་འབྱུང་གི། །རྒྱུ་རྐྱེན་ལྟོས་བཅས་སྡུག་ལྡན་ལུས་འདི་གྲུབ། །ལུས་ལ་རྟེན་བཅས་རྣམ་ཤེས་དྲི་བཅས་སུ། །བན་རིག་གཅིག་ཏུ་འཁྲུལ་པའི་དུག་གསུམ་གྱིས། །བརྟག་པའི་རང་གཟུགས་ལྡན་འདུས་ནད་དང་གདོན། །བདེ་སྡུག་ལས་ཀྱི་སྣང་བ་སྣ་ཚོགས་འཆར། །ནད་ཀྱིས་མནར་བའི་ཉོན་མོངས་ལུས་འདི་ལ། །ཚ་གྲང་བཀྲེས་སྐོམ་ངན་སོང་གསུམ་གྱི་གནས།  །རྣམ་སྨིན་ལས་ཀྱི་འབྲས་བུ་མཐོང་ཆོས་སུ།  །རང་བཞིན་གྲུབ་པར་དཔྱོད་ལྡན་སུ་ཡིས་རྟོགས། །སྔོན་བྱས་ལས་ཀྱི་ཞིང་ས་གཤིན་པོ་རུ། །ཇི་ལྟར་སྡིག་པའི་ས་བོན་འདེབས་པ་ཡིས། །རྒྱུ་འབྲས་བསླུ་མེད་མྱུ་གུ་འཁྲུངས་ནས་སུ། །དེ་ལྟར་རྣམ་སྨིན་ལས་ཀྱི་འབྲས་བུ་སྨིན། །ཀུན་གཞིའི་བག་ཆགས་སྲིད་པའི་གྲོང་ཁྱེར་དུ། །ཚོགས་བརྒྱད་གཡེང་བའི་ལམ་དུ་འཕྱན་པ་ཡིས།  །མ་རིག་གདོན་གྱིས་བཟུང་བའི་རྒྱལ་ཁམས་སུ། །མཐའ་མེད་འཁྱམ་པའི་སེམས་ཀྱི་བུ་ཆུང་སྐྱོ། །དེ་ལྟར་ལུས་ཀྱི་བདེ་ཐང་གཤིབ་པ་ལ། །སྔོན་འགོག་འཕྲོད་བསྟེན་ཟས་སྤྱོད་སྨན་སོགས་ལ། །བླང་དོར་མ་ནོར་གཟབ་པར་ལྷུར་ལེན་ནས། །ནད་མེད་ཚེ་རིང་ལོ་བརྒྱ་ཐུབ་པར་སྨོན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1