༄༅།། སློབ་གསོའི་མཚན་ཉིད་དང་ངོས་འཛིན་སྟངས་བཤད་པ།

རྩོམ་སྒྲིག་པ།གངས་ལྗོངས་ཉི་གཞོན་དྲ་བ། ཡོང་ཁུངས། རྡོ་རྗེ་དོན་གྲུབ། སྤེལ་དུས། 07-05


        སློབ་གསོ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་ནང་མེད་དུ་མི་རུང་བའི་བྱང་སེམས་དང་ཤེས་རིག་འཕེལ་བའི་ཐབས་ལམ་ཉག་གཅིག་དང་། འཇིག་རྟེན་ལ་ཕན་ཡོན་དང་བདེ་སྐྱིད་བསྐྲུན་པའི་རྩ་བའི་ཆ་རྐྱེན་དུ་ངེས་པས། མི་རིགས་གང་དང་རྒྱལ་ཁབ་གང་ཞིག་གི་དངོས་པོའི་འཕེལ་རྒྱས་དང་བསམ་བློའི་ཆུ་ཚད་ནི་སློབ་གསོ་དང་ཁ་འབྲལ་མི་རུང་ཞིང་། མི་ཚེའི་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ་སོགས་ཀྱང་སློབ་གསོ་དང་འབྲལ་མི་རུང་བ་ནི་ཉ་ལ་ཆུ་ཡི་དཔེ་ལྟར་མཐོང་། ཡིན་ནའང་། སྤྱི་ཚོགས་སོ་སོའི་འཕེལ་རིམ་ཁྲོད“སློབ་གསོ”ཞེས་པའི་ཐ་སྙད་འདིའི་འཇུག་གཞིའི་ནང་དོན་ལ་འགྲེལ་རྒྱག་སྟངས་མི་འདྲ་བའི་དབང་གིས་སློབ་གསོར་བཞག་པའི་མཚན་ཉིད་དང་ངོས་འཛིན་སྟངས་ཀྱང་སོ་སོ་ཡིན། 
        དེང་གི་སྐྱེ་བོ་སུ་ཞིག་ཡིན་རུང་ཐོག་མར་སློབ་གསོའམ་བོད་ཀྱི་སློབ་གསོ་ཞེས་མཐོང་མ་ཐག་འདི་ནི་འཇིག་རྟེན་གསར་པར(བཅིངས་གྲོལ་བྱས་ཚུན་ཆད)གྲགས་པའི་སྤྱི་ཚོགས་ཀྱི་ཐ་སྙད་གསར་པ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་ན་ཡང་། དོན་དམ་དུ་སློབ་གསོ་ཞེས་པ་འདིར་ཞིབ་ཏུ་མནོ་བསམ་བཏང་ན། ལོ་རྒྱུས་ཀྱི་དུས་རིམ་སོ་སོའི་ནང་བྱོན་པའི་རྒྱལ་ཁབ་ཁག་གི་མཁས་པའམ་གྲུབ་མཐའ་སྨྲ་བ་ཚོར་རང་རང་གི་མཚན་ཉིད་འཛིན་སྟངས་དང་། སྡོམ་ཚིག་འགོད་སྟངས་རེ་ཡོད་དེ། རྩོད་སྒྲུབ་དངོས་གཙོ་རིང་ལུགས་སྨྲ་བ་མར་ཁེ་སིས་སློབ་གསོ་ནི“རང་ཉིད་ཀྱིས་གསར་གཏོད་བྱས་པའི་རང་དབང་གི་འཕེལ་རྒྱས་ཤིག་ཡིན”པར་སྨྲ་བ་དང་། ཉེ་རབས་ཀྱི་དམངས་གཙོ་གསར་བརྗེ་པ་དང་། སློབ་གསོ་པ་གྲགས་ཅན་སྐུ་ཞབས་ཚའེ་ཡོན་ཕེ་ཡིས་སློབ་གསོ་ནི་སློབ་གསོ་མྱོང་མཁན་གྱི་མི་གང་དེར་དངོས་ཤུགས་གང་རུང་ནས་རོགས་རམ་བྱས་ཏེ་ནུས་པ་གོང་འཕེལ་དང་། མི་གཤིས་ཇེ་ལེགས་སུ་བཏང་ནས་མིའི་རིགས་ཀྱི་རིག་གནས་ཐད་འགན་འཁྲི་དང་ལེན་བྱེད་པ་ཞིག་ཏུ་སྐྱོང་བ་ལས། སློབ་གསོ་མྱོང་མཁན་གྱི་མི་དེ་རྣམ་པ་གཞན་ཞིག་གི་ཡོ་བྱད་དུ་བསྒྱུར་པ་དེ་མིན་ཞེས་གསུངས་ཡོད། 
    ཀྲུང་གོའི་རླབས་ཆེན་གྱི་མི་དམངས་སློབ་གསོ་པ་ཐའོ་ཞན་ཀྲུ་ཡིས་ཀྱང་སློབ་གསོ་ནི་འཚོ་བ་དང་། འཚོ་བའི་ཆེད་དུ“འཚོ་བའི་སློབ་གསོ”བྱེད་པར་བགྱིས་ཏེ། མི་གང་དེར་འགུལ་སྤྱོད་ཀྱི་ནུས་པ་དང་། བསམ་གཞིག་གི་ནུས་པ། གསར་གཏོད་ཀྱི་ནུས་པ་ཡོད་པ་ཞིག་ཏུ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན་པ་སོགས་མང་དུ་བསྙད་ཡོད་ལ། ཨ་རིའི་འཕེལ་རྒྱས་སེམས་མཁན་རིག་པ་བ་ཧྭ་ཝོར་ཏི·གན་ཌི་ན(Howard Gardner)ཡིས་ཀྱང་དྲི་བ་དྲིས་ལན་གྱི་ཚུལ་དུ།“ཅི་འདྲ་ཞིག་ལ་སློབ་གསོ་ཟེར་ཞེ་ན། དེ་ནི་བྱིས་པར་ཉམས་མྱོང་གི་སྟེང་ནས་འཇིག་རྟེན་ནི་གང་འདྲ་ཞིག་ཡིན་པ་ཤེས་རྟོགས་བྱེད་དུ་འཇུག་རྒྱུ་དང་། སློབ་གསོ་གཏོང་མཁན་གྱིས་དེའི་ཁྲོད་ནས་སྐུལ་སློང་གི་ནུས་པ་ཐོན་ཐུབ་པ་ཞིག་ཡིན་དགོས་”ཞེས་གསུངས་པ་དང་། ཀོ་ཏ་ལིའི་སློབ་གསོ་བསམ་བློ་པ་མཱ་རེ་ཡཱ·མན་ཐེ་སི་རོ(Maria Montesori )ཡིས།“སློབ་གསོའི་ངོ་བོ་ནི་རང་རྒྱུད་ལ་སྐུལ་སློང་བྱས་ནས་ཚེ་སྲོག་དོན་ཡོད་དུ་བཏང་སྟེ། བྱིས་པ་ཚོར་མངོན་ལྐོག་གང་རུང་ནས་བསམ་བློར་རམ་འདེགས་བྱས་ནས་འཚོ་གནས་ལ་ནུས་ཤུགས་སྦྱིན་ཞིང་། ཁོ་ཚོའི་སེམས་ཁམས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་རྒྱུ་དེ་ཡིན”ཞེས་གསུངས་ཡོད་པ་ལྟར། སློབ་གསོ་ཞིབ་འཇུག་པ་དག་གིས་རང་རང་གི་ལངས་ཕྱོགས་རེ་བཟུང་ནས་སློབ་གསོར་བདེན་ལུགས་རེ་བཀོད་ཡོད། 
        དུས་རབས་ཉེར་གཅིག་པའི་རྒྱལ་སྤྱིའི་སློབ་གསོ་ཨུ་ཡོན་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ལ་ཕུལ་བའི་སློབ་གསོ་ཞིབ་འཇུག་གི་སྙན་ཞུ་ཡི་གེར།“སློབ་གསོ་ནི་མི་རེ་རེས་ཅི་ལྕོགས་སྒོས་རང་གི་ནུས་པ་སྔོག་འདོན་དང་རང་ཉིད་ཀྱི་ལས་དབང་བསྒྱུར་བཀོད་བྱེད་པར་མཁོ་བའི་བསམ་བློ་དང་། ནུས་པ། དུང་སེམས། དྲན་ཤེས་ཕྱོགས་ཀྱི་རང་དབང་འདོན་སྤེལ་བྱ་རྒྱུ་དེ་ཡིན”ཞེས་བརྗོད་ཡོད། རང་རེའི་བོད་མི་རིགས་ལ་མཚོན་ནའང་སློབ་གསོ་ནི་མི་གཤིས་སམ་མི་རྒྱུད་ཇེ་འཇམ་དང་ཇེ་ལེགས་སུ་བཏང་ནས་སྤྱི་ཚོགས་ཀྱི་འཚོ་བ་བདེ་འཇགས་དང་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་དུ་བསྐྲུན་ཏེ། མི་རྣམས་ཀུན་སྤྱོད་བཟང་པོ་དང་ཀུན་སློང་གཙང་མ་ཞིག་ཏུ་བཏང་ནས་རང་གཞན་གྱི་ཆ་གཉིས་ཀར་དགེ་བ་དང་ཕན་པ་རྒྱ་ཆེན་པོ་ཡོད་པའི་གང་ཟག་ཞིག་ཏུ་བརྩོན་ལེན་བྱེད་པ་དང་། གཙོ་བོ་ལས་དང་རྒྱུ་འབྲས་ཀྱི་ལམ་ནས་བླང་དོར་གྱི་རལ་གྲིས་དགེ་མིན་གྱི་ལས་རྣམས་རྩད་གཅོད་པ་དང་། སྡིག་པ་མ་ཡིན་པའི་ལངས་ཕྱོགས་ནས་སྡུག་བསྔལ་བསྐྱེད་བྱེད་ཀྱི་རྒྱུ་དེ་སློབ་གཉེར་དང་ཡིད་འཇོག  དམིགས་སྒོམ་གྱི་ཐབས་སོགས་བེད་སྤྱད་ཅིང་སྡིག་པའི་ལས་རྣམས་འཇོམས་པར་བྱས་ནས། བདེ་སྐྱིད་དམ་ཡང་དག་གི་ལམ་བུར་བགྲོད་པར་བསྐུལ་བའི་གཟུགས་མེད་ཀྱི་ཡོ་བྱད་ལྟ་བུ་ཞིག་ལ་ངོས་འཛིན་གནང་ཡོད། 

        དེ་བས་སློབ་གསོའི་བྱ་བ་གཉེར་མཁན་ཞིག་ལ་མཚོན་ན། སློབ་གསོའི་ངོ་བོ་དང་སློབ་གསོའི་གཞི་དོན་ཅི་ཡིན་པ་དང་རང་གིས་སློབ་གསོའི་ནུས་པ་ཇི་ལྟར་འདོན་སྤེལ་བྱེད་པ་དང་། སློབ་གསོའི་ཁ་ཕྱོགས་བཟང་པོ་ཞིག་ཏུ་ཇི་ལྟར་དམིགས་གཏོད་པ་སོགས་ནི་ནམ་རྒྱུན་བསམ་བློ་གཏོང་གཞི་ཡིན། འོན་ཀྱང་དེ་ལས་ལྡོག་སྟེ་ཉིན་རྒྱུན་སློབ་གསོའི་ཐ་སྙད་ངག་ཏུ་བཟླས་ཏེ་འགྲམ་རུས་ཟད་ཟད་དུ་བརྩོན་ཀྱང་ལག་ལེན་དུ་མ་བསྟར་ན། ཉིན་ཁའི་རྒན་མོའི་ལབ་གླེང་གི་རྗེས་འཇུག་ལས་མ་འདས་ཏེ།རྒྱུ་མཚན་ནི་རྟོག་དཔྱོད་ཀྱི་ནུས་པ་དང་རང་འགུལ་གྱི་ཀུན་སློང་ཞིག་མེད་ན། དངོས་ཡོད་ཀྱི་སློབ་གསོའི་ཁྱབ་ཁོངས་སུ་བློ་ལྡན་རིག་གསལ་གྱི་སློབ་གསོ་པ་རང་རྟོགས་ཅན་ཞིག་བྱ་རྒྱུ་ནི་ཧ་ཅང་ཁག་པོ་འདུག དེའི་ཕྱིར། གཞི་རིམ་ན་སློབ་གསོའི་བྱ་བ་གཉེར་པའི་སློབ་གསོ་པ་རྒན་པ་ཞིག་གིས། “སློབ་གསོ་ནི་རྒྱང་བསྐྱོད་ཀྱི་རླངས་འཁོར་ནང་ཟོག་སྒྲོམ་འཇུག་རྒྱུ་དེ་གནད་གཙོ་བོ་མིན་ལ།གལ་ཆེན་ནང་གི་འགངས་ཆེན་ནི་ཇི་ལྟར་དེའི་སྣུམ་ཟོམ་དུ་རླངས་སྣུམ་ལྡུག་རྒྱུ་དེ་ཡིན”ཞེས་གསུངས་པ་ནི་ལེགས་བཤད་དུ་འཁུམས་སོ།།

    2016ལོའི་ཟླ་7པའི་ཚེས་1ཉིན་གྱི《མཚོ་སྔོན་བོད་ཡིག་གསར་འགྱུར།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1