༄༅།། ནོར་ནག་གི་རྒྱ་མཚོ།

གངས་རྩེན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-15


ཕོ་རྒོད་ཀྱི་བྲང་སྒོ་ཕྱེ་འདྲའི་ཁོད་ཡངས་པའི་རྩྭ་ཐང་གི་ཕང་དུ།
གནམ་ས་གཉིས་ཀྱི་བར་དུ་བག་ཡངས་འཁྱིལ་པའི་ནོར་ནག་གི་རྒྱ་མཚོ།
ངུ་ཤངས་ཀྱི་དབྱངས་རྟ་སྙན་མོས་ཞོགས་པའི་སྐྱ་རེངས་ཀྱི་ཐུ་མཐའ་ཕྱེ་སྟེ།
མེས་པོའི་ཁྱིམ་གཞིས་ཀྱི་ཞལ་རས་ཀྱི་དཀྱིལ་འཁོར་དེ་རིང་ཁོ་བོས་མཐོང་།

ལྷང་ལྷང་འཚེར་བའི་འདོ་རིགས་རྟ་ཕོའི་གོམ་འགྲོས་མིག་གི་དགའ་སྟོན་མཆོད་ཅིང་།
གཡང་དཀར་ཁྱུ་ཚོགས་ལང་ལོང་རྒྱུ་བའི་སྤྲིན་དཀར་བཞིན་གནམ་སའི་མཚམས་སུ་གཡོ།
 ཞོགས་པ་དེར་རང་བྱུང་གི་སྒྲ་དབྱངས་ཁྲི་སྟོང་གིས་ཉི་མའི་འཛུམ་རིས་དལ་གྱིས་བཅོམ་པས།
གཟུགས་སྒྲ་དྲི་ཡི་འདོད་རྒུ་དཔལ་ཡོན་ཕྱོགས་སུ་མེར་བའི་ལང་ཚོ་འདི་ན་འཁྱིལ།

འཛུམ་དཀར་དུང་གིས་བསུས་པའི་བཞོ་མ་བརྒྱ་ཡིས་ཤངས་ཤངས་ཀྱི་དབྱངས་རྟ་སྙན་མོའི་ཁྲོད།
ཟོ་རུ་དྲངས་པའི་འབྲི་མོ་སྟོང་གི་འོ་མའི་རྒྱ་མཚོ་དེ་རིང་རྟེན་འབྲེལ་གྱི་མཆོད་པ་ཡིན།
རྭ་གཟུགས་དང་སྤུ་མདོག་མི་མཐུན་པའི་ནོར་གནག་གི་ཁྱུ་ཚོགས།
སྐལ་བ་སྟོང་གི་མེས་པོ་ཚང་གི་རང་བྱུང་གི་བཀོད་པ་དེ་རིང་རྩྭ་ཐང་གི་མགྲོན་དུ་བསུས།

མར་དྲི་དང་རྩམ་དྲི་ལྡང་བའི་རང་བྱུང་གི་མཛེས་པས་ཁོ་བོ་རབ་ཏུ་བཟི་སྟེ།
སེམས་ཀྱི་ཚོར་འདུའི་རླབས་རིས་ལས་རྩེན་པའི་སྙན་ངག་གི་དབྱངས་རྟ་སྙན་མོ།
མེས་པོ་སུ་ཡི་གད་རྒྱངས་དང་མཛངས་མ་གང་གི་འཛུམ་ཞལ་ཡིན་ཨང་།
དེ་རིང་ང་ལ་སྤྲོ་སྣང་གི་བསྟོད་གླུ་ལས་སྨྲེ་སྔགས་གི་མིག་ཆུ་ཡོང་དོན་མེད།
     2016ལོའི་《གངས་ལྗོངས་ཉི་གཞོན།》དེབ་བཞི་བ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1