༄༅།། བློ་བྲོས་བའི་ཤུལ།

ཉན་ཤུལ་འཇམ་དབྱངས་གྲགས་པ ། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-18


        དེ་ནི་རི་རྫོང་དཔོན་ཁང་གི་ཆུ་དེད་ནས་ཡར་ཕྱིན་པའི་ཚེ་ལུང་པའི་ཕུ་ན་ཁང་ཤུལ་ཡོད་ལ། མཁར་ཞིག་ཀྱང་ཡོད། དམངས་ཁྲོད་རྒན་པོ་དག་གི་ཤོད་སྲོལ་ར་ཤལ་མཁན་སྤྲུལ་རྒྱལ་དབང་ཉི་མས་གསུངས་པ་ལྟར་ན། སྔར་དེ་ན་ཉན་ཤུལ་ཨ་བློ་ཟེར་བ་རྒྱུ་ཤེད་དང་དབང་ཤེད་ཅན་ཞིག་ཡོད་པ་ལ་ཤ་འུ་གཤིས་པ་རྣམས་མི་དགའ་བ་དང་། ཕྱིས་སུ་ཉག་དམག་གི་སྐབས་ཉན་ཤུལ་ཨ་བློ་དེར་ཆགས་མ་ཐུབ་པར་ཡུལ་གཞན་དུ་བྲོས་སོང་ཚེ། ཤ་འུ་གཤིས་པ་རྣམས་དགའ་ནས་ས་དེ་ལ་བློ་བྲོས་ཞེས་བཏགས་པར་གསུངས། འོན་ཀྱང་ས་མིང་དེ་རྟའུ་བའི་ཡུལ་སྐད་ཀྱི་རྡོ་དཀར་གྱི་མིང་ཞིག་ཡིན་ནམ་སྙམ།  སྤྱི་ལོ(1950)སྐོར་ཞིག་ལ་ཁྲོ་ཡུལ་བ་དངུལ་མགར་བསམ་འགྲུབ་ཀྱིས་དེའི་ས་ཞིང་རྣམས་མགར་ཐར་བླ་བྲང་ལས་བླངས་ཏེ་དེར་ཁང་པ་ལས་ནས་ལོ་འགའ་སོང་རྗེས་ས་ཞིང་བཅོས་བསྒྱུར་སྐབས་མཉམ་ལས་ཁང་གིས་ཀ་བཞི་དགོན་འདབས་སུ་སྤོ་བཅུག་པས་ཁང་པ་སླར་ཡང་སྟོང་པར་གྱུར། ཁྱིམ་ཚང་དེ་ཡན་ལག་དང་བཅས་ད་ལྟ་དགོན་འདབས་ན་གནས་སོ།། དེ་ཚང་གི་ཁྱིམ་རྒྱུད་ལས་བྱུང་བ། ད་ལྟའི་ཀ་བཞིའི་ཁྲི་འཛིན་པ་སྐལ་བཟང་ཡོན་ཏན་བཞུགས་ཡོད་དོ།།

            ཉན་ཤུལ་འཇམ་དབྱངས་གྲགས་པའི་གསུང་རྩོམ་ལས་དྲངས།   


རྩོམ་ཡིག་རྗེས་མ།
༄༅།། ཝ་རི་མཁར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1