༄༅།། ཤོ་རྒྱག་པར་བསྐྱིས་པའི་སྒོར་མོ་ཕྱིར་མ་བྱིན་ན་ཆོག་གམ།

རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-29


【གྱོད་དོན】
        ངའི་གྲོགས་པོ་ཞིག་རྒྱུན་དུ་ཤོ་རྒྱག་རྒྱུར་ཧ་ཅམ་དགའ་ལ། སྐབས་ཤིག་ཁོས་ཤོ་བརྒྱབ་སྟེ་སྒོར་3000ཕམ་ལ། ཕྱིས་སུ་ཁོ་ངའི་སར་ཡོང་ནས་སྒོར་3000བསྐྱི་བའི་རེ་བ་འདོན་བཞིན་བཤད་རྒྱུར། ཤོ་བརྒྱབ་སྟེ་ཕམ་པས་དེའི་བུ་ལོན་དུ་སྟེར་དགོས་ཟེར། ངས་ཀྱང་བློས་ཐུབ་ཀྱི་གྲོགས་པོ་ཡིན་པའི་ཁ་ངོ་ལ་བལྟས་ཏེ་ཁོ་ལ་སྒོར་3000བསྐྱིས་པ་ཡིན། མ་བསམ་ས་ནས་ཁོས་སྒོར་མོ་བླངས་རྗེས་ཡང་བསྐྱར་ཤོ་རྒྱག་ཏུ་སོང་ཞིང་། མཇུག་མཐར་མི་དམངས་ཉེན་རྟོག་པས་འཛིན་བཟུང་བྱས་པ་རེད། ཉེན་རྟོག་པས་ཁོ་ལ་འདྲི་གཅོད་བྱེད་དུས་ངས་གྲོགས་པོས་མི་གཞན་དང་ཤོ་བརྒྱབ་སྟེ་ཕམ་པས་སྒོར་3000དེའི་བུ་ལོན་དུ་སྟེར་བའི་སྒོར་མོ་ཡིན་པར་བཤད། ཉེན་རྟོག་པས་ཁོ་ལ་སློབ་གསོ་གཏོང་དུས་བཤད་རྒྱུར། ཤོ་བརྒྱབ་པའི་བུ་ལོན་ལ་བཅའ་ཁྲིམས་ཀྱིས་ཁས་ལེན་དང་སྲུང་སྐྱོང་མི་ཐོབ་ཟེར། དེའི་རྐྱེན་གྱིས་ངའི་གྲོགས་པོའི་བསམ་པར་ཤོ་བརྒྱབ་པའི་བུ་ལོན་བཅའ་ཁྲིམས་ཀྱིས་ཁས་ལེན་མི་བྱེད་ན། ཤོ་རྒྱག་བྱེད་དུ་བསྐྱིས་པའི་བསྐྱིས་སྒོར་ཡང་བཅའ་ཁྲིམས་ཀྱིས་ཁས་ལེན་མི་བྱེད་པར་སྙམ་སྟེ་ངའི་ལག་ནས་བསྐྱིས་པའི་སྒོར་མོ་མི་སྟེར་ཟེར།
【གྱོན་དོན་དབྱེ་ཞིབ།】
        རང་རྒྱལ་བཅའ་ཁྲིམས་ཀྱིས་ཤོ་རའི་སྟེང་གི་རྒྱལ་ཕམ་དེ་བུ་ལོན་གྱི་འབྲེལ་བ་ཡིན་པ་ཁས་ལེན་གྱིན་མེད། རྒྱལ་སོང་བའི་མི་དེ་རང་བཞིན་གྱིས་བུན་བདག་ཡིན་པར་ངོས་འཛིན་མི་བྱེད། ཤོ་རྒྱག་པའི་བྱ་སྤྱོད་ནི་ཁྲིམས་འགལ་རང་བཞིན་ཞིག་ཡིན་པས། རྩ་དོན་སྟེང་ཤོ་རྒྱག་པའི་མ་རྩའི་བདག་དབང་ནི་རྒྱལ་ཁབ་ལ་ཡོད། འདི་ནི་སྤྱི་བདེ་ལས་ཁུངས་ཀྱིས་ཤོ་རྒྱག་པའི་མ་རྩ་གཞུང་བཞེས་བྱེད་པའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡིན། འོན་ཀྱང་ཤོ་རྒྱག་དུས་སྒོར་མོ་ཕར་ཚུར་ལ་བསྐྱི་བ་དེ་བཅའ་ཁྲིམས་སྟེང་རྒྱུན་ལྡན་གྱི་སྒོར་མོ་ཕར་ཚུར་ལ་བསྐྱི་བའི་བཅའ་ཁྲིམས་འབྲེལ་བ་རུ་བརྩི་བཞིན་ཡོད་པས་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ། རྒྱུ་མཚན་ནི་ཤོ་རྒྱག་མཁན་བར་གྱི་རྒྱལ་ཕམ་དང་ངོ་བོ་གཏན་ནས་མི་འདྲ་བའི་ཁྱབ་ཁོངས་གཉིས་ཡིན། དེའི་རྐྱེན་གྱིས་བུན་བདག་གིས་སྒོར་ཚུར་བསྐྱི་མཁན་(ཤོ་རྒྱག་མཁན།)གྱིས་བསྐྱིས་སྒོར་གྱི་དུས་ཚོད་དང་གྲངས་ཀ་མ་ནོར་བར་སྟེར་བར་རེ་བ་འདོན་པའི་དབང་ཆ་ལོངས་སྤྱོད་བྱེད་བཞིན་ཡོད། ཁྱོད་ཀྱི་གྲོགས་པོས་ཤོ་བརྒྱབ་པའི་བུ་ལོན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་མི་ཐོབ་པར་ཁ་གཡར་ཏེ། ཤོ་རྒྱག་བྱེད་དུ་བསྐྱིས་པའི་བསྐྱིས་སྒོར་ལའང་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་མི་བྱེད་པའི་བཤད་སྲོལ་དེ་ཡིས། ཁྲིམས་མཐུན་གྱི་ཕར་ཚུར་ལ་སྒོར་བསྐྱི་བའི་འབྲེལ་བ་དང་ཁྲིམས་འགལ་བྱ་སྤྱོད་གཉིས་ཀྱི་དབྱེ་མཚམས་རྙོག་འཛིང་དུ་བཏང་བ་ཡིན་པས། བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད། ཁྱོད་ཀྱིས་ཁོ་ལ་ཁྲིམས་ལྟར་བསྐྱིས་སྒོར་སྟེར་བའི་རེ་བ་བཏོན་ཆོག་ལ། གལ་ཏེ་ཁོས་རང་ཉིད་ཀྱི་འདོད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་བསྐྱིས་སྒོར་སྟེར་བ་དང་ལེན་མི་བྱེད་ཚེ། ཁྱོད་ཀྱིས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏུགས་བཤེར་བྱས་ཆོག
   རམས་ཚེ་བྷོ་དང་སྐལ་བཟང་རྒྱལ་གྱིས་སྒྲིག་སྒྱུར་བྱས་པའི་《གྱོད་དོན་དབྱེ་ཞིབ་ཆིག་བརྒྱ་མ།》ལས་བཤུས། 


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1