སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་ལ་གཟིགས་ཞིབ་ཏུ་ཕེབས་པའི་ཉིན་གཉིས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 08-25



     
       སྤྱི་ཟླ་8པའི་ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་ཝུའུ་ཧྲི་གྲོང་རྡལ་པན་ཡན་གྲོང་ཚོར་(五十镇班彦村)ཕེབས་ནས་གནས་སྤོས་དབུལ་སྐྱོར་གྱི་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཁོང་ཡུལ་མིའི་སྡོད་ཁང་གསར་པའི་ནང་དུ་ཕེབས་ཏེ། སྡོད་ཁང་གི་བཟོ་བཀོད་དང་འཛུགས་སྐྲུན་འཕེལ་རིམ། དྲོད་ལེན་བྱེད་ཚུལ་སོགས་ལ་ཐུགས་ཁུར་གནང་། 
       ཕྱི་དྲོར་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ཕེབས་ནས་རྒྱང་རིང་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་ལ་བརྒྱུད་དེ། སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་ཕྱི་རོལ་ན་ཡོད་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་དངོས་ཡོད་སྣང་བརྙན་ལ་གཟིགས། རྨ་ཆུའི་འབྱུང་ཁུངས་མཚོ་སྐྱ་རེངས་དང་སྔོ་རེངས། རྣམ་སྲས་རྫ་ཆུའི་གྲོག་རོང་ཆེན་པོ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་མི་སྣ་དང་གཞི་རིམ་ལས་བྱེད་པར་བརྙན་ལམ་འབྲེལ་མཐུད་བྱེད་སྐབས། ཞི་ཅིན་ཕིང་གིས་སྐྱེ་ཁམས་སྲུང་སྐྱོང་བྱ་དགའ་ཁ་གསབ་འགྲེམས་སྤྲོད་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ་བཀོད་སྒྲིག གསའ་སོགས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་གནས་ཚུལ་སྐོར་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་དང་སྐུ་ཁམས་བདེ་ཐང་ཡོང་བའི་སྨོན་འདུན་ཡང་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོའི་ཆུ་གསོག་མཐོ་ལྕོག་ནི་རྒྱལ་ཁབ་ཀྱི་ཚེ་སྲོག་གི་འབྱུང་རྩ་ཡིན་པས། གཙང་གསུམ་ཆུ་འགོ་སྲུང་སྐྱོང་ལེགས་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་གཏོང་རྒྱུའི་ལས་ཀ་འགངས་ཆེན་ཞིག་ཡིན། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་བརྟན་པོ་བྱེད་པའི་ལས་འགན་གལ་ཆེན་ཁུར་ཡོད། ལག་ལེན་གྱིས་ར་སྤྲོད་བྱས་པ་ལྟར་ན། གཙང་གསུམ་ཆུ་འགོའི་ས་ཁུལ་གསར་སྤེལ་བྱ་རྒྱུར་ཚོད་འཛིན་དང་བཀག་སྡོམ་བྱ་རྒྱུ་ནི་འཕེལ་རྒྱས་ལ་བཀག་འགོག་བྱེད་པ་མ་ཡིན་པར་དེ་ལས་ལྡོག་སྟེ་འཕེལ་རྒྱས་ལ་ཕན་པ་ཡོད་པ་ཞིག་ཡིན། ཞི་ཅིན་ཕིང་གིས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ་ཚོས་འགན་འཁྲི་ནན་སྒྲུབ་དང་སྲུང་སྐྱོང་ལས་འགན་ལེགས་འགྲུབ་བྱ་རྒྱུ། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་བའི་ཚོད་ལྟ་སྔར་ལས་ལྷག་པར་བྱས་ཏེ་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་ཏན་ཏིག་བྱ་རྒྱུའི་རེ་བ་གནང་།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1