ཀྲང་ཏེ་ཅང་གིས་འབར་མའི་རྒྱལ་དོན་སྲིད་སྐྱོང་ལས་རོགས་ཨང་ཧྲན་སུ་ཅི་དང་མཇལ་འཛོམས་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 08-26


      

          ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོར་འབར་མའི་རྒྱལ་དོན་སྲིད་སྐྱོང་ལས་རོགས་ཨང་ཧྲན་སུ་ཅི་དང་མཇལ་འཛོམས་གནང་། 

        ཀྲང་ཏེ་ཅང་གིས། ཀྲུང་གོ་དང་འབར་མ་ནི་རི་ཆུ་འབྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་བར་བརྩེ་བ་ཟབ་མོ་ཡོད། ཁྲིམས་འཛུགས་ལས་ཁུངས་ཀྱི་འགྲོ་འོང་ནི་ཀྲུང་གོ་དང་འབར་མའི་འབྲེལ་བའི་གལ་ཆེའི་གྲུབ་ཆའི་ཆ་ཤས་ཡིན་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་བར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ལ་ཤུགས་སྣོན་རྒྱག་པའི་འབྲེལ་ཟམ་ལྟ་བུ་ཞིག་ཀྱང་ཡིན། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་མུ་མཐུད་ཀྲུའུ་ཞི་ཞི་ཅིན་ཕིང་གི་བློ་ཐག་ཉེ་བ་དང་ལྷག་བསམ། གཉིས་ཕན། ཁོག་ཡངས་བཅས་ཀྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འབར་མའི་གྲོས་ཚོགས་ཁང་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་པོ་བྱེད་པ་དང་། མཛའ་གྲོགས་འགྲོ་འོང་ཟབ་ཏུ་གཏོང་བ། ཉམས་མྱོང་སྤེལ་རེས་བྱེད་པ། ས་ཁུལ་དང་རྒྱལ་སྤྱིའི་ཕྱོགས་མང་གྲོས་ཚོགས་ཁང་གི་སྒྲིག་གཞིའི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕྱོགས་གཉིས་པོའི་དངོས་གཉེར་མཉམ་ལས་དང་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་སྐུལ་འདེད་དང་། ཀྲུང་གོ་དང་འབར་མའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཀྲུང་གོ་དང་འབར་མའི་འབྲེལ་བ་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།
        ཨང་ཧྲན་སུ་ཅིས། འབར་མའི་ཕྱོགས་ནས་ཀྲུང་གོའི་བར་གྱི་མཛའ་གྲོགས་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ་དང་། ཕྱོགས་གཉིས་པོའི་ཁྲིམས་འཛུགས་ལས་ཁུངས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་གཉིས་པོའི་མི་དམངས་བར་གྱི་སྲོལ་རྒྱུན་མཛའ་གྲོགས་དང་མཛའ་གྲོགས་བརྩེ་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། འབར་མ་དང་ཀྲུང་གོའི་འབྲེལ་བར་གོང་འཕེལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1