སྐབས་བཞི་བའི་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུའི་འགྲན་ཚོགས་འགོ་རྩོམ་ལ་ཉེ།

དོན་འགྲུབ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་ཉིན་རེའི་ཚགས་པར། སྤེལ་དུས། 08-26


        གསར་འགོད་པས་ཟླ8པའི་ཚེས23ཉིན་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུའི་འགྲན་ཚོགས་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཟླ9བའི་ཚེས9ཉིན་ནས་ཟླ9བའི་ཚེས14ཉིན་བར། 2016ལོའི་སྐབས་བཞི་བའི་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུའི་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནས་འཚོག་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་ཀུན་ནས་ཐོན་པའི་འཐུས་ཚབ་རུ་ཁག129ཡི་ལུས་རྩལ་པ་སྟོང་གཅིག་ལྷག་གིས་ཚོ་སྐོར་ལྔ་བྱས་ནས་མདའ་རྩལ་འགྲན་རྒྱུ་རེད།  མིག་སྔར། སྟ་གོན་གྱི་བྱ་བ་སྣ་ཚོགས་བདེ་བླག་ངང་སྤེལ་བཞིན་ཡོད།
        ཐེངས་འདིའི་འགྲན་བསྡུར་ནི་ཀྲུང་གོ་མདའ་འཕེན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་སོགས་ཀྱིས་འགན་སྒྲུབ་བྱས་པ་རེད།  2006ལོ་ནས་བཟུང་། གཅན་ཚ་རྫོང་དུ་སྔ་རྗེས་སུ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་འགྲན་བསྡུར་དང་། རྒྱལ་སྤྱིའི་འགྲན་བསྡུར་སྐབས་གསུམ་བཅས་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུའི་འགྲན་བསྡུར་སྤེལ་མྱོང་ཞིང་གཡང་མདའི་མདའ་འཕེན་འགྲན་བསྡུར་དེ་རྒྱལ་ཡོངས་ཀྱི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་གསུམ་གྱི་གྲས་སུ་བདམས་ཡོད་པ་དང་འགྲན་བསྡུར་གྱི་སྒྲིག་ལམ་ཡང་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གྱི་འགྲན་བསྡུར་སྒྲིག་ལམ་ལྟར་བཟོས་ཡོད།
        རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ལ་རྒྱལ་ཁབ་ཕྱི་ནང་ཀུན་ནས་ཐོན་པའི་འཐུས་ཚབ་རུ་ཁག129ཞུགས་ཡོད་པ་དང་། འགྲན་ཞུགས་པ་ཚོས་ཉིན་དྲུག་རིང་རྭ་གཞུ་མི20ཅན་དང་། གཞུ་འཁོར་ལོ་མ་མི20ཅན། ལྕགས་གཞུ་མི20ཅན། རྭ་གཞུ་མི5ཅན་དང་ལྕགས་གཞུ་མི5ཅན་གྱི་ཚོ་སྐོར་བཅས་རྣམ་གྲངས་ལྔའི་འགྲན་བསྡུར་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1