༄༅།། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་རྟ་རྐྱང་དབྱེ་བའི་རབས་ལས་འཕྲོས་ཏེ་དམོད་མོའི་རིག་གནས་སྐོར་ལ་དཔྱད་པ།

གཡང་མོ་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 02-02


        གཡང་མོ་སྐྱིད། ༡༩༧༤ལོའི་ཟླ༨པར་མཚོ་སྔོན་མང་རྫོང་དུ་སྐྱེས། མོ། བོད་རིགས། རབ་འབྱམས་པ། མིག་སྔར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན།  ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་དམངས་ཁྲོད་རྩོམ་རིག་དང་བོད་ཀྱི་བརྡ་རྙིང་ཡིག་ཆ་ཡིན། རྒྱལ་ཁབ་རིམ་པའི་ལས་གཞི༢བསྒྲུབས་པ་དང་། བོད་ཡིག་གི་དཔེ་དེབ༢པར་སྐྲུན་བྱས། རིམ་པ་སོ་སོའི་དུས་དེབ་སྟེང་བོད་ཡིག་གི་དཔྱད་རྩོམ༡༥ལྷག་འགྲེམ་སྤེལ་བྱས། 《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས》ཞེས་བྱ་བར་རྒྱལ་ཁབ་རིམ་པའི་བྱ་དགའ་ཨང་གསུམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ།  ཞིང་ཆེན༡༣༥མཐོ་རིམ་མི་སྣ་སྐྱེད་སྲིང་འཆར་བཀོད་སློབ་ཁྲིད་རྐང་འཛིན་པ་དང་། ཞིང་ཆེན་རིམ་པའི་ན་གཞོན་དགེ་རྒན་རྐང་འཛིན་པ་བཅས་ཡིན།


[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་རྟ་རྐྱང་དབྱེ་བའི་རབས་ལས་འཕྲོས་ཏེ་དམོད་མོའི་གོ་དོན། དམོད་མོའི་བྱུང་འཕེལ། དམོད་མོའི་ཆོ་ག་སོགས་ལ་དཔྱད་ཞིབ་ནན་ཏན་བྱས་ཐོག   དམོད་མོའི་ཆོ་གའམ་དམོད་མོའི་རྣམ་བཞག་འདི་ཆེས་གདོད་མའི་མིའི་རིགས་ཀྱིས་ཐུན་མོང་དུ་དད་མོས་བྱེད་སྟངས་དང་འདུ་ཤེས་འཛིན་སྟངས་ཤིག་ཡིན་པ་བཅས་ཀྱི་སྐོར་བསྟན་ཡོད།
[བརྡ་ཆད་གཙོ་བོ།]    ཡིག་རྙིང་།    དམོད་མོ།     རིག་གནས།
           《རྟ་རྐྱང་དབྱེ་བའི་རབས》ལས། རྩྭ་ཆུའི་དོན་དུ་འབྲོང་གཡག་སྐར་བས་རྟའི་ཕུ་བོ་ཡིད་ཀྱི་གདང་པྱམ་བསད། རྐྱང་རོན་རྔོག་བཀྲ་སྤུན་མཆེད་གཉིས་ཀྱིས་འབྲོང་གཡག་སྐར་བ་ལ་ཤ་འཁོན་གླན་རྒྱུར་བློ་མ་མཐུན་པར་ཕན་ཚུན་ལ་དམོད་པ་བོར། སྤུན་འབྲིང་བ་རྐྱང་རོན་རྔོག་བཀྲས་ནུ་ཁུག་རོན་རྨང་དར་ཁྱོད་ནི་ཡུལ་མི་ཡུལ་སྐྱི་མཐིང་དུ་སོང་སྟེ་མི་དང་འབྲེལ་བ་བགྱིས་ཚེ། དུས་ནམ་ཡིན་ཡང་ཁར་སྲབ་ཀྱིས་བསྲབས་ཏེ་ཁ་དྲུང་དུ་རྨ་འཁོར་བར་ཤོག   རྒྱབ་ཏུ་སྒ་བསྟད་དེ་སྒལ་རྨ་འབྱུང་བར་ཤོག   གློ་བ་གློ་ཐག་གིས་མནན་ནས་ཁོང་གི་སྙིང་ཉམས་པར་ཤོག་ཅེས་གནག་སེམས་བསྐྱེད་ནས་སྨོན་ལམ་ངན་པ་བཏབ་པའི་མཐུ་ཡིས་དམོད་ཕོག་སྟེ། མིའི་ཞོན་རྟར་གྱུར་ནས་ད་ལྟའི་མི་བདེ་བའིི་སྡུག་བསྔལ་གྱི་མནར་གཅོད་དེ་དག་མྱོང་དགོས་ཚུལ་བསྟན་ཡོད། ནུ་ཁུག་རོན་རྨང་དར་གྱིས་ཕུ་བོ་ཁྱོད་ནི་ཡུལ་པྱི་འབྲོག་ལྡང་སུམ་དུ་སོང་ན་ཞོན་པའི་མི་མེད་ཀྱང་བྱང་སྐར་སྤུན་བདུན་བཞོན་ནས་རྒྱབ་བྱི་འབྲས་དང་བ་ཚྭས་འཚིག་པར་ཤོག    སྲབ་འཇོག་པའི་མི་མེད་ཀྱང་རྩྭ་ཡན་པས་རང་ཤུགས་ཀྱིས་བསྲབས་ཏེ་ཁ་དྲུང་དུ་རྨ་འཁོར་བར་ཤོག  རྗེས་སྙེག་པའི་མི་མེད་ཀྱང་མགྱོགས་ཤ་ཁྱིས་སྙོགས་ཤིག  འཛིན་པའི་མི་མེད་ཀྱང་རླུང་འཚུབ་ཀྱིས་བརྡེག་པར་ཤོག་ཅེས་སྨོན་ལམ་ངན་པ་བཏབ་པའི་མཐུ་ཡིས་དམོད་ཕོག་སྟེ། རྐྱང་ནམ་རྒྱུན་རི་མགོའི་ཆར་རླུང་དྲག་པོའི་ཁྲོད་རྗེས་ཤ་ཁྱིས་བསྙེགས་པ་དང་རྒྱབ་བྱི་འབྲས་དང་བ་ཚྭས་ཚིག་པ་སོགས་རང་བྱུང་གི་གནོད་འཚེ་དང་འཕྲད་ཚུལ་བཀོད་ཡོད་པར་གཞིགས་ན། དམོད་མོ་ལ་ཡིད་ཆེས་དང་དད་མོས་བྱེད་པ་ནི་བོད་གནའ་རབས་ཀྱི་གདོད་མའི་ཆོས་ལུགས་ལས་རིག་གནས་ཀྱི་ཁྱབ་ཡུལ་ཆེས་ཆེ་བའི་རྣམ་པ་ཞིག་ཡིན་པས། དེའི་སྐོར་དམིགས་སུ་བཟུང་ནས་སྤྲོས་ན་གཤམ་གསལ་ལྟར།

གཅིག    དམོད་མོའི་གོ་དོན།
           དམོད་མོ་ནི་མིའི་རང་བཞིན་གྱི་ནུས་པ་ལས་བརྒལ་བའི་སྟོབས་ཤུགས་ལ་སྐྱབས་བཅོལ་ཏེ་རྫས་ཡོད་མེད་གང་རུང་ལ་བརྟེན་ནས་གཞན་ལ་གནོད་བྱེད་ཀྱི་ངན་སྔགས་བཟླས་པ་སོགས་ལུས་ངག་གི་སྦྱོར་བ་ཞིག་ལ་ཟེར། རི་དྭགས་རྔོན་པ་དང་དགྲ་འདུལ་བའི་སྐབས་སུ་དམོད་བོར་བ་ཡིན།  དམོད་མོ་དང་བྱད་ཀ་ཕུར་ཁ།  བྱད་སྟེམས།  མཐུ་བྱད་རྣམས་ངན་སྔགས་ཀྱི་མཐུ་གཏད་སོགས་གནོད་བྱེད་ཀྱི་ནུས་པ་ཞིག་ལ་ངོས་འཛིན་པ་ཡིན་པས་དོན་གྱི་ངོ་བོར་ཁྱད་པར་མེད།《དུང་དཀར་ཚིག་མཛོད་ཆེན་མོ》ལས། མཐུ་བྱད་ནི་མི་གཞན་གྱིས་རང་ཉིད་ཀྱི་ཆོས་ལུགས་ལ་གནོད་འཚེ་བྱེད་པ་བྱུང་ཚེ་བྱེད་པ་པོ་མི་དེའི་མིང་བྱང་བྲིས་པའི་མིང་ངམ་འཁོར་ལོ་སོགས་རྫས་ངན་སྣ་ཚོགས་དང་བསྲེས་ཏེ་གླང་དམར་པོའི་རྭ་དང་། རྔ་མོང་། རྟ། གཡག་སོགས་ཀྱི་མགོའི་ནང་བླུགས་ཏེ་མི་ཚང་དེའི་སྒོའི་ཐེམ་པའི་འོག་དང་། ལམ་བཞི་མདོ། རི་ཡི་རྩེ། ཟམ་པའི་འོག་སོགས་སུ་སྦས་ནས་མི་ཚང་དེའི་མི་རྒྱུད་རྩ་སྟོངས་སུ་འགྲོ་བའི་ཐབས་ཤེས་ཤིག་སྟེ་བོད་དང་རྒྱ་དཀར་ནག་གི་ཆོས་ལུགས་ཚང་མར་ཐབས་ཤེས་དེ་རིགས་ཡོད་ཟེར་ཞིང་།《བོད་རྒྱ་ཚིག་མཛོད་ཆེན་མོ》ལྟར་ན།     བྱད་ཕུར་ནི་མཐུ་གཏད་ཀྱི་ཕུར་བུ་ལ་གོ་བ་དང་།
           ཕུར་བ་དེ་ནི་གདོན་བགེགས་འདུལ་བྱེད་ཀྱི་སྔགས་ཆས་ཤིག་ཡིན་པས།  ཡི་དམ་ཕུར་བ་ལ་བརྟེན་ནས་སྲི་གནོན་པའི་ཆོ་ག་ཞིག་ཀྱང་ཡོད་པར་གྲགས། བྱད་སྟེམས་ནི་ངན་སྔགས་ཀྱི་མཐུ་གཏད་དམ་དམོད་མོ། བྱད་ཀ་ནི་མཐུ་གཏད་སོགས་གནོད་བྱེད་ཀྱི་ནུས་པ། བྱད་སྟེམས་གདོན་ཅེས་པ་བྱད་སྟེམས་ཀྱིས་བཏང་བར་གྲགས་པའི་གདོན་ནད་ཅིག་སྟེ།  ནད་རྟགས་སུ་ལག་ཏུ་ཤིང་འཛིན་ཞིང་གཅེར་བུར་རྒྱུག་པ་དང་།  གནས་སྟོང་པ་ལ་འདུག་པ་སོགས་བྱེད་པ་ཞིག་ཡིན་པར་གྲགས་པས།  དེ་དག་གི་ངོ་བོ་ནི་སྐྱེ་འགྲོ་གཞན་ལ་ངམ་གནག་བྱེད་དང་ཞེ་གནག་བྱེད་ཀྱི་མི་དགེ་བའི་ཆོས་ཡིན་ཏེ། གཞན་ཕྱོགས་ལ་སྡང་བའི་དབང་གིས་ཕ་རོལ་དགྲ་ལྟ་བུ་སོད་པ་དང་བགེགས་བར་ཆད་ཀྱིས་འཆི་བ། སྲོག་རྟེན་བླ་གནས་ཉམས་པ།  རྒྱུ་ནོར་ལོངས་སྤྱོད་རྒུད་པ། དོན་མི་འགྲུབ་པ་དང་ནད་མང་བ།  ཚེ་ཐུང་བ་སོགས་སུ་གྱུར་ཅིག་ཅེས་ངན་སྔགས་ཀྱིས་མཐུ་གཏད་དམོད་མོ་བྱེད་པ་ནི་གཞན་ལ་བསམ་གནག་བྱེད་ཀྱི་སྡིག་པའི་ལས་ནག་པོ་མི་དགེ་བ་ཤ་སྟག་ཡིན་པས། དམོད་མོའི་ཆོ་ག་སྒྲུབ་ཐབས་ཀྱི་བསྟན་བཅོས་ལ་གནག་རབས་ཟེར་བ་སྟེ། 《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས》ཞེས་པའི་སྟེང་དུ《གནག་རབས》ཞེས་བྱ་བའི་དམོད་མོའི་སྐོར་གྱི་བསྟན་བཅོས་ཤིག་འཁོད་ཡོད་པ་ལྟ་བུའོ། །
           དམོད་མོ་ནི་རྫས་ཡོད་མེད་གང་རུང་ལ་བརྟེན་པ་ཞིག་སྟེ། རྫས་སྔགས་ལ་བརྟེན་ནས་དམོད་བོར་བ། དཔེར་ན། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ《གནག་རབས》ཞེས་བྱ་བ་ལས།   “ཀླུ་ལ་གཏད་པའྀ་སྔགས་ལ། །  མོག་ཤང།   རུམ་ཡང།  སྤ་ཚུམ།  ཐྀལ་ཕོར་མེ་རེ།  སྀབས་ཁ་ན་དུལ་དུལ། །   བྱས་དེ་བརྗོད་ལ་གཏད་དོ། །”ཅེས་ཀླུ་རིགས་འཁོར་བཅས་རྣམས་མགུ་བའམ་སྐུལ་བར་བྱེད་པའི་སྔགས་བཟླས་ཤིང་། རྗེས་སུ་ཡི་རང་བ་དང་སྐྱབས་སུ་རེ་བའི་གྲོགས་དན་ཞུས།  “སེན་མོ་དྲི་སུལ་ནས།  སོ་རྙིལ་རྩ་ནས་བྱུང་། །  དུ་གསོལ་ལོ། ། དྲའ་བོ་བྱང་དུ་གཞུག་པ་དང། སེན་མོ་རྩ་ནས་འབྱུང་བ་དང་། ། མཆན་ལན་རྩ་ནས་བྱུང་བ་དང་། གྲའ་བོ་གསད་པ་ནིང།”ཞེས་དགྲ་བོ་བསད་དེ་སྙིང་དང་མཆིན་པ། སེན་མོ་དང་སོ་རྙིལ་རྩ་ནས་ཕྱུང་འདོད་ཀྱི་ལས་དོན་ཀླུ་ལ་བཅོལ།     “སྲན་ཆུང་གྱི་ཕྱེ་ལ།  བ་དམར་མོ་དང་།  ར་དཀར་མོའི་འོ་མ་དང་སྦྲུས་ལ།   ཆུ་སྲྀན་གྱི་གཟུགས་དང་། །  སྦྲུལ་ནག་པོ་འགོ་རྒུ་བོའི་གཟུགས་བྱས་ལ། །   གྲའ་བོའི་གཟུག་ལ་རྨོད་བཙུགས་ལ། །  ལན་རྒུར་བོ་རྐོར་ལ་གཞག་གོ། །”①ཅེས་གནའ་བོའི་བོད་མི་རྣམས་ཀྱིས་ལྷ་སྲིན་སྡེ་བརྒྱད་ཀྱི་ནང་ཚན་ཀླུ་ནི་ས་འོག་དང་། ཤིང་གི་རྩ་བ། ཐབ་ཀྱི་སྟེང་། ཆུ་སོགས་སུ་གནས་པར་འདོད་དེ། མཚོན་རིས་སུ་སྦྲུལ་དང་སྦལ་བ། ཆུ་སྲིན། ཉ་སོགས་འགོད་པར་མ་ཟད། ལོངས་སྤྱོད་གནས་བབས་ཀྱི་དབང་གིས་མི་ཡི་ལུས་ལ་སྦྲུལ་གྱི་མགོ་བོ་གསུམ་ཅན།  ལྔ་ཅན།  བདུན་ཅན།  དགུ་ཅན་སོགས་ཡོད་པར་གྲགས། མི་རྣམས་ས་དང་ཆུའི་བྱེད་ལས་ལ་གཙོ་བོར་བརྟེན་ནས་འཚོ་ཞིང་། ས་ཆུའི་བདག་པོ་ས་བདག་ཀླུ་གཉན་རྣམས་ཡིན་པར་འདོད་དེ། ཀླུ་རྣམས་དང་འགྲས་པ་ཞི་ཞིང་བདེ་ལེགས་འབྱུང་བའི་སླད་དུ་ཤིང་རྩི་བལ་མཚོན་དར་ཟབ་དང་། མེ་ཏོག་འབྲས་བུ་རིན་ཆེན་སྣ་ཚོགས། དཀར་གསུམ་མངར་གྱི་མཆོད་པ་གཙང་མ་བཤམས་པ་སོགས་ཀླུ་རྣམས་དགྱེས་པའི་ངང་གྲོགས་སུ་བཀུག་སྟེ་ཕ་རོལ་དགྲ་བོ་འདུལ་བའི་གཉེན་པོར་བསྟེན་པ་ཡིན། མཁས་དབང་འཇུ་མི་ཕམ་མཆོག་གིས“ཀླུ་ཞེས་པ་ཉོན་མོངས་པ་གཏི་མུག་ཤས་ཆེ་བས་ཆགས་པ་དང་ཞེ་སྡང་ཡང་ཆེ་སྟེ། གཏི་མུག་གི་དབང་གིས་གཉིད་ཆེ་བ་དང་།  ཞེ་སྡང་གི་དབང་གིས་སྐྱེ་བ་བདུན་དུ་མི་གཏོང་བ་དང་། ཆགས་པའི་དབང་གིས་ཆགས་པ་ལ་གནས་པའི་ལུས་ལ་ཞུགས་ནས་མི་གཏོང་བའོ། ། ཀླུ་གདོལ་པ་ཅན་གྱིས་མཐོང་བ་ཙམ་གྱིས་ནད་བསྐྱེད་དོ། ། རིགས་གསུམ་ནི་རེག་པ་ཙམ་གྱིས་ནད་བསྐྱེད་དོ། ། ཀླུ་བྲན་རྣམས་ནི་སྟེང་སྒོ་གསུམ་ནས་ཞུགས་ནས་ལུས་ཀྱི་བཅུད་ཟ་བར་བྱེད་དོ། །”②ཅེས་ས་བདག་བཙན་པོ་ཀླུ་གདོལ་བ་ནག་པོས་བཏང་བའི་དུག་དང་གདོན་ནད་སོགས་ལས་བྱུང་བའི་གནོད་པ་ནི་ཤིན་ཏུ་ཚབས་ཆེ་བར་སྙམ་ནས། དེ་གྲོགས་སུ་བཀུག་ནས་སྐྱབས་སུ་རེ་བའི་འཕྲིན་ལས་བཅོལ་བའི་ཕྱིར་དུ།    རྫས་ཀྱི་སྦྱོར་བར་སྲན་ཆུང་གི་ཕྱེ་ལ་བ་དམར་མོ་དང་ར་དཀར་མོའི་འོ་མ་བསྲེས་——————①པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་བསྒྲིགས་ཤིང་། 2007ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས》ཀྱི་ཤོག་ངོས1ན་གསལ།②སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《འཇུ་མི་ཕམ་བཀའ་འབུམ》པོད་ཨེའི་ཤོག་ངོས273པར་གསལ།  ནས་ཀླུ་རིགས་མཚོན་བྱེད་ཆུ་སྲིན་གྱི་གཟུགས་དང་སྦྲུལ་ནག་པོ་མགོ་དགུ་ཅན་གྱི་གཟུགས་དབྱིབས་བཟོས་ཤིང་། དགྲ་བོའི་གཟུགས་ལ་དམོད་བཙུགས་ཏེ་ཀླུ་རིགས་དེ་དག་གིས་ལན་དགུར་བསྐོར་ཏེ་ཤོར་ས་མེད་པར་བྱས་ནས་བཞག་ཡོད་པ་ལྟ་བུའོ། །
           རྫས་མེད་པ་ལ་བརྟེན་ནས་དམོད་བོར་བ། དཔེར་ན།《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས། “རྒྱལ་པོ་གྲི་རུམ་བཙད་པོ་དེས། །    ཞལ་ནས་དམོད་པ་ངན་པ་བོར། ། ང་ཡི་ལུས་ལ་གྲི་རྟགས་ཡོད་པ་དེས། ། གྲི་བྱེད་གནམ་དུ་དར་བར་ཤོག །  དཔྲལ་བའི་ཁྲག་གི་སྨེ་བ་དེས། ། གྲི་ཡུལ་གྲི་མཚོན་རྒྱས་པར་ཤོག ། དཀོར་དུ་མཚོན་ཆ་ཡོད་པས་ཀྱང་། ། མི་སྲོག་མཚོན་གྱིས་གཅོད་པར་ཤོག །  དྲག་རྩལ་ལོག་ཆོས་སྤྱད་པ་ཡིས། །  ལོག་ཆོས་མཐའ་ནས་དར་བར་ཤོག །    འཇིག་རྟེན་ཁམས་སུ་མཚོན་དར་ནས། །  རྒྱལ་ཁམས་འཁྲུག་པས་ཁེངས་པར་ཤོག །  ལྷ་རུ་ཚངས་པ་བསྟེན་པས་ཀྱང་། །   རྒྱལ་འདྲེ་མགོ་ལོ་རྒོད་པར་ཤོག །   གདོན་འདྲེ་ཡས་དང་ཆེ་བར་ཤོག ། དེ་ལྟར་དམོད་པ་བོར་ནས་ནི། ། རྒྱལ་པོ་དམངས་ཀྱིས་གྲི་རུ་བཀྲོངས། ། གྲི་གུམ་ཞེས་ཀྱང་དེ་ལ་བྱ། །”① ཞེས་པ་དང་།  “གྲི་བཤད་ལས། དུས་དང་བསྐལ་བ་ད་ལྟ་ལ། །  རྒྱལ་པོ་བློ་ལོག་སྐྱེས་པ་དང་། ། གདོན་འདྲེ་ཡས་དར་ཆེ་བ་དང་། ། ལས་ངན་འཁྲུག་པ་དར་བ་རྣམས། །  དུས་དང་བསྐལ་བ་སྔ་མ་ལ། ། གྲི་རུམ་བཙན་པོའི་དམོད་པ་ལས། །” ②ཞེས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་སྨད་ལ་བན་བོན་འཁྲུག་རྩོད་དང་། བོན་གྱི་བསྟན་པ་བསྣུབས་པའི་རྒྱུ་ལོ་ངམ་རྟ་རྫིས་གྲི་གུམ་བཙན་པོར་གྲི་མདའ་ལྟོ་ནག་གིས་བརྒྱབ་པས། གྲི་གུམ་བཙན་པོ་ཞེ་སྡང་དང་ཁོང་ཁྲོའི་སེམས་ཀྱིས་གཞན་ལ་མི་འདོད་པ་དང་མི་བདེ་བའི་སྡུག་བསྔལ་འདི་དང་འདི་འདྲ་འབྱུང་བར་ཤོག་ཅེས་དམོད་བོར་བ་ལས་བྱུང་བར་འདོད་པ་ནི་ལོ་རྒྱུས་དོན་དངོས་དང་མཐུན་པ་ཞིག་མ་ཡིན་ཡང་།  ཆེས་གདོད་མའི་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་དང་ཤིན་ཏུ་མཐུན་ཏེ།   གདོད་མའི་བོད་ཀྱི་ལྷ་སྒྲུང་དང་གཏམ་རྒྱུད་སོགས་སུ་དམོད་མོ་འགྲུབ་བྱེད་ཀྱི་རྫས་སྦྱོར་དང་ལྷ་——————①②ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་ཤིང་། 1985ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ཀྱི་ཤོག་ངོས192དང204ན་གསལ།
           འདྲེ་སྐུལ་བྱེད་ཀྱི་ངན་སྔགས་བཟླས་པ་ལ་སོགས་པའི་ཆོ་ག་དེ་འདྲར་མི་མངོན་ཡང་། ངག་གི་དམོད་ཚིག་འབའ་ཞིག་གི་བྱེད་ནུས་ལ་བརྟེན་ནས་རྒྱལ་པོ་བཀྲོངས་པ་དང་ཆོས་ལུགས་བསྣུབས་པ་སོགས་སྐྱེ་འགྲོ་ལ་བྱུང་བའི་གནོད་པ་དང་སྡུག་བསྔལ་སྣ་ཚོགས་ཀྱི་འབྱུང་རྩ་དམོད་མོ་ལ་ཁུངས་གཏུགས་ཡོད་པ་དང་། 《འཇང་གླིང་གཡུལ་འགྱེད》ལས།    “ལྷ་ཡར་མཆོད་གནམ་ཐེལ་དཀར་པོ་མཁྱེན། ། མར་མཆོད་ས་ཐེལ་ནག་པོ་མཁྱེན། །  བར་མཆོད་བར་ཐེལ་ཁྲ་བོ་མཁྱེན། །  དུས་དེ་རིང་ཉི་མའི་གདོང་གང་ལ། །   དགྲ་མགོ་རྩྭ་མགོ་གཏུབ་གཏུབ་དང་།    དགྲ་སྐེད་རྩྭ་སྐེད་གཅོད་པ་གཉིས།དགྲ་སྙིང་ས་ལ་བརྡབ་འདྲ་གསུམ། དེ་གསུམ་རང་གི་ལག་ཏུ་ཤོག །” ①ཅེས་པ་དང་། “གཞུ་སྟོད་ལྷ་ཆེན་ཚངས་པས་འཚོས། །གཞུ་སྨད་ཀླུ་ཆེན་གཙུག་ནས་འཚོས། །མདེལ་སྣེ་ཚ་ཚ་ཐུལ་ལེ་སོང་། །ལྟོང་ཁ་དུ་བ་ལྷབས་སེ་རྒྱུག །   སྨྱུག་སྐེད་མེ་སྟག་ཁྲོམ་ཁྲོམ་སོང་། ། ཕྱི་རུས་པའི་གསེས་མཁར་གཏོར་ལ་ཤོག ། ནང་རྣམ་ཤེས་མར་མེ་སོད་ལ་ཤོག །  དོན་སྣོད་ཧུབ་ཀྱིས་གྲོང་ལ་ཤོག །”②ཅེས་ཆེས་གདོད་མའི་དུས་ཀྱི་དགྲ་འདུལ་གཉེན་སྐྱོང་གི་བྱ་བའི་ནང་དམོད་མོའི་རིག་གནས་དར་ཆེ་བ་དང་དམོད་བོར་བ་རྒྱུག་ཆེ་བ་འདི་ལ་ཞིབ་ཏུ་གཞིག་ན། དམོད་མོའི་མཐུ་ནུས་ལ་དད་པའི་འདུ་ཤེས་ཡང་རང་བཞིན་གྱིས་ཤུགས་ནས་རྟོགས་ཐུབ།
           དེ་ཡང་ཁ་དཔེར།  མྱི་བོ་གྲགས་ན་སྐུང་རན་ཡིན། ། རྟ་བོ་གྲགས་ན་བཙོང་རན་ཡིན། ། ཞེས་པ་ལྟར་གཞན་ལ་འཚེ་བའི་བསམ་སྦྱོར་ལས་བྱུང་བའི་དམོད་མོའི་གནོད་པ་མ་ཡིན་པར། རང་བཞིན་གྱི་སྐྱེ་གཟུགས་དྲང་བ་དང་བློ་རིག་སྐྱེན་པ། ཆ་བྱད་ལེགས་པ། འཇོན་ཐང་ལྡན་པ་སོགས་གཞན་ལས་ཁྱད་དུ་འཕགས་པའི་དགེ་མཚན་ལ་གཞན་  གྱིས་ཡིད་སྨོན་དང་ཧམ་པ་ཆེར་དྲགས་ན་ཁ་ལས་རླུང་རྟ་དང་ཚེ་བསོད་དབང་ཐང་སོགས་ལ་ཤིན་ཏུ་གནོད་པར་འདོད་ཅིང་། དེ་འབྲེལ་གྱི་བསྟོད་པ་དང་ཡིད་སྨོན་གྱི་ཚིག་བརྗོད་པར་རྐྱེན་བྱས་ཏེ།——————①②གཏེར་མ་ཚེ་རིང་ཆོས་འཕེལ་གྱིས་བསྒྲིགས་ཤིང་། 2002ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《འཇང་གླིང་གཡུལ་འགྱེད》ཀྱི་ཤོག་ངོས484དང་488པར་གསལ།
           ནད་ཚ་དང་བར་ཆད་འབྱུང་བར་ཤིན་ཏུ་འཛེམ་པར་བྱེད། དཔེར་ན། བྱིས་པ་སྙིང་རྗེ་བའམ་མིང་ཡག་པོ་ཡོད་པའི་རིགས་ལ་གཞན་གྱིས་བསྟོད་པ་མང་དྲགས་ན་བྱིས་པའི་བདེ་ཐང་ལ་གནོད་པར་འདོད་ཅིང་། བྱིས་པ་གསོན་ཚད་དམའ་བའི་ཁྱིམ་ཚང་ཁ་ཤས་ཀྱིས་ཆེད་དུ་ཁྱི་མོ་ཐར།  ཕག་རྟུག    སྡོམ་པོ་སྐྱིད་ཅེས་མིང་བཙོག་པོའི་རིགས་ཀྱིས་འབོད། ལ་ལས་བུའི་མིང་ལ་བྱི་མོ་ཐར་ཞེས་བུད་མེད་ཀྱི་མིང་གདགས་པར་བྱེད་པའི་གནད་ཀྱང་འདི་ཡིན་པར་ངེས།དེ་བས་བོད་ཀྱི་དམངས་ཁྲོད་དུ་དམོད་མོའི་གནོད་པ་མ་ཡིན་པར་མི་ལ་སྙན་གྲགས་དར་ཆེ་སྟེ། གཞན་གྱིས་བསྟོད་དྲགས་པ་དང་ཡིད་སྨོན་བྱེད་དྲགས་ནའང་གནོད་འཚེ་དང་རྐྱེན་ངན་འབྱུང་བར་འདོད་པའི་འདུ་ཤེས་ཤིག་ཆགས་ཡོད་པའང་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ།

གཉིས།   དམོད་མོའི་བྱུང་འཕེལ།
           《ལྡེའུ་ཆོས་འབྱུང》ལས། རྩིབས་ཀྱི་ལྷ་སྐར་མ་ཡོལ་ལྡེ་ཡིས་རྗེ་གཉའ་ཁྲི་བཙན་པོར་ཞུས་པ།  “རྐུ་ལ་ལན་མཆིས།  སྡང་ལ་བྱམས་མཆིས།  དུག་ལ་སྨན་མཆིས།   དགྲ་ལ་ཟིན་མཆིས། གདོན་ལ་ལྷ་མཆིས། རྫུན་ལ་བདེན་མཆིས།  སྲི་དང་ཅན་ལ་གནན་ཐབས་མཆིས།  བྱད་ལྟེམས་ལ་བསྒྲལ་ཐབས་མཆིས། གཡོ་ལ་དྲང་མཆིས། གཡག་ལ་མཚོན་མཆིས། འོ་སྐོལ་གཉིས་ཀྱང་མེའུ་ཉེ།  ཤིང་སེ་བ་བཞིན།  ཤ་རུས་ཐོགས་ཞིམ། གོས་གཡང་བལ་དྲོ། མི་རྗེ་མེད་ཀྱི་རྗེ་དང་གཡག་བདག་མེད་ཀྱི་བདག་ཏུ་ཅིས་ཀྱང་གཤེགས་འཚལ”①ཞེས་པ་ལྟར་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་སྔ་རོལ་དུ་བོད་ན་ཕ་རོལ་བྱད་ལྟེམས་དང་དམོད་མོའི་མཐུ་ལས་བྱུང་བའི་གནོད་པ་བཟློག་བྱེད་ཀྱི་ཐབས་ལམ་སྣ་ཚོགས་ཤིག་བཀོལ་སྤྱོད་བྱེད་བཞིན་ཡོད་པར་མ་ཟད། མཐུ་གཏད་མནན་གསུམ་གྱི་དྲག་སྔགས་མཁན་རྣམས་ཀྱང་བྱུང་ཡོད་པ་མངོན་པར་གསལ།    
           སྐབས་དེར་རུས་རྒྱུད་——————①1987ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ལྡེའུ་ཆོས་འབྱུང》གི་ཤོག་ངོས234བར་གསལ།  དང་མི་གྲངས་མང་དུ་འཕེལ་བ་དང་ཆབས་ཅིག་མ་རྨོས་པའི་ལོ་ཏོག་སོགས་རང་བྱུང་གི་འཚོ་བའི་མཐུན་རྐྱེན་ཟད་པར་གྱུར་པས། སྤང་ཐང་ཞིང་དུ་རྨོས་ནས་ལོ་ཏོག་འདེབས་འཛུགས་བྱེད་ཤེས་པར་གྱུར་པ་དང་།  རི་སྐྱེས་སྲོག་ཆགས་བཏུལ་ནས་ཞིང་ཕྱུགས་ལས་ཐོན་སྐྱེད་གཉེར་བ།  ཟངས་ལྕགས་ཀྱི་གཏེར་རྡོ་བཞུས་ནས་ཐོན་སྐྱེད་ཡོ་བྱད་སྣ་ཚོགས་བཟོས་ཏེ་བཀོལ་སྤྱོད་བྱེད་ཤེས་པ་དང་ཆབས་ཅིག་མི་རྣམས་ཀྱི་རྒྱུད་ན་འདོད་ཆགས་དང་ཞེ་སྡང་།  གཏི་མུག  ང་རྒྱལ།  ཕྲག་དོག་ལ་སོགས་ཉོན་མོངས་ཆ་ཚང་བར་ཡོད་པས། འབྲུ་རིགས་དང་ས་ཞིང་།  ནོར་ཕྱུགས་སོགས་འཚོ་བའི་མཐུན་རྐྱེན་དང་སྡོད་གནས་ཀྱི་དོན་དུ་འཁྲུག་རྩོད་སྣ་ཚོགས་བྱུང་། འཁྲུག་རྩོད་དེ་ལ་བརྟེན་ནས་ཕན་ཚུན་གསོད་རེས་བྱས་ཏེ་དགྲ་གཉེན་གྱི་འདུ་ཤེས་ཆགས། བུ་ལ་ཕ་ཕྱོགས་ཆེ། བུ་མོར་མ་ཕྱོགས་ཆེ། འཇིག་རྟེན་ལ་རང་ཕྱོགས་ཆེ་ཞེས་པའི་དཔེ་ལྟར་དགྲ་ལ་སྡང་ཞིང་གཉེན་ལ་བྱམས་པ་ནི་འགྲོ་བ་མི་རྣམས་ཀྱི་བདག་གཅེས་འཛིན་གྱི་རང་གཤིས་ཡིན་པས། གཉེན་རྣམས་གཅེས་པར་བསྲུངས་ནས་འགལ་རྐྱེན་མི་མཐུན་ཕྱོགས་ཀུན་ཞི་ཞིང་ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་རྒྱས་ཏེ་མངའ་ཐང་དགའ་བདེའི་དཔལ་གྱིས་ཡུན་རིང་དུ་འཚོ་བར་འདོད་པ་དང་། དགྲ་རྣམས་སྲོག་དང་བྲལ་བར་བྱས་ཏེ་རྨེགམེད་དུ་གཏོང་བར་བྱེད་པའི་བློ་ཞིག་ངང་ངམ་ཤུགས་ཀྱིས་བྱུང་། འོན་ཀྱང་དགྲ་འདུལ་གཉེན་སྐྱོང་གི་འཚོ་བའི་ཁོར་ཡུག་དེའི་ནང་དུ་མི་རྣམས་ཀྱིས་རང་གི་སྟོབས་དང་ནུས་པར་བརྟེན་ནས། དགྲ་འདུལ་འདོད་ཡོད་པ་ཐམས་ཅད་འདུལ་མི་ནུས་པ་དང་། གཉེན་སྐྱོང་འདོད་ཡོད་པ་ཐམས་ཅད་སྐྱོང་མི་ནུས་པའི་སྐབས་སུ་གཞན་ལ་སྐྱབས་བཅོལ་བའི་བློ་སྐྱེས་ཤིང་། བློ་དེའི་ཤུགས་ཀྱིས་མཐུ་སྟོབས་མི་ལས་འཕགས་པའི་ལྷ་ཀླུ་གཉན་བཙན་སོགས་སྐྱབས་གནས་སུ་བཀུར་ཏེ་གང་བཅོལ་ལས་ལ་སྡོང་གྲོགས་མཛད་པའི་འཕྲིན་ལས་ཞུས་ན་ཡིད་ཀྱི་བསམ་དོན་མ་ལུས་རེ་བ་བཞིན་དུ་འགྲུབ་པར་འདོད་དེ། རེ་ལྟོས་བྱེད་སའི་ལྷ་ཀླུ་གཉན་བཙན་གང་རུང་ཞིག་ལ་དགྱེས་སྐྱེད་བསང་དང་གསོལ་མཆོད་ཕུལ་ནས་གཉེན་ཕྱོགས་དར་ཞིང་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཁ་གཡང་སྒྲོག་པ་དང་། དགྲ་ཕྱོགས་མ་ལུས་འཇོམས་པར་བྱེད་པའི་ངན་སྔགས་དམོད་མོ་བྱེད་པའི་སྲོལ་ཞིག་དར། དཔེར་ན།《བདུད་གླིང་གཡུལ་འགྱེད》ལས། གླིང་གེ་སར་རྒྱལ་པོའི་ཕུ་བོ་ལྡོང་འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་བཙུན་མོ་རག་བཟའ་ལ་སྲས་དགྲ་ལྷ་རྩེ་བརྒྱད་འཁྲུངས་པ་དང་། ནེའུ་ཆུང་ལུ་གུ་ཚར་ཡག་དེས་བཀྲ་ཤིས་སྨོན་ལམ་གྱི་གླུ་ལེན་ངག་བཀུག་འདི་ལྟར་བྱས། ཤར་གཡུ་ལོ་བཀོད་པའི་ཞིང་ཁམས་ནས། ། དུང་ལོ་འབར་བའི་ཁྲི་སྟེང་ནས། ། རྗེ་བཙུན་སྒྲོལ་མ་དཀར་སྔོན་མཁྱེན། ། བུ་ལྡོང་རིགས་ལྷ་ཡི་སྲས་ཕོ་འདི། ། ཤར་གླིང་དཀར་རྒྱན་ལ་འཁྲུངས་ལེ་རེད། མཐོང་ཚད་ཟིལ་གྱིས་གནོན་པར་ཤོག །  དེ་རིང་གནམ་སྐར་དུས་ཚོད་ལེགས་། ། བཟང་པོ་བརྒྱད་འཛོམ་ཉི་མ་ཤར། ། དར་གྱི་གོས་དཀར་དྲི་མེད་འདི་། ། ལྷ་ཚངས་པའི་དར་གོས་ནང་ནས་བྱུང་། ། གེ་སར་རྒྱལ་པོས་གནང་ལེ་རེད། དེ་རིང་བུ་ལ་བསྐོན་རྒྱུ་ཡིན། ། ཚངས་པ་ལྷ་ཡི་སྟོབས་རྩལ་དེ། ། དེང་ནས་བུ་ལ་འཛོམ་པར་ཤོག ། ཅེས་པ་དང་།  ཡང་ཡབ་ཁུ་བོའི་གདན་ས་ཟིན་པར་ཤོག   མ་ཡུམ་གྱི་དྲིན་ལན་འཇལ་བར་ཤོག   བཀྲག་དང་གཟི་མདངས་སྙན་གྲགས་གསུམ། ཉི་མས་གར་ཁྱབ་ཁྱབ་པར་ཤོག  བརླིང་ཆེ་བ་རི་རྒྱལ་ལྟ་བུ་ཤོག   ཟབ་ཆེ་བ་རོལ་མཚོ་ལྟ་བུ་ཤོག རྔམ་ཆེ་བ་ལྷ་དབང་ལྟ་བུ་ཤོག ཕྱུག་ལ་ཀླུ་དབང་ལྟ་བུ་ཤོག  རྣམཐོས་སྲས་ཀྱི་ལོངས་སྤྱོད་ཤོག་ཅེས་བཀྲ་ཤིས་བདེན་ཚིག་བརྗོད་བཞིན་པར་ཐོག་མར་མས་ཁྲུས་ཆབ་གསོལ།  གཡུ་སྒྲོན་གྱིས་ལྟེ་བ་བཅད། ནེའུ་ཆུང་ནས་ཡོངས་འདུས་ཀྱི་ཚེ་ཆུ་དང་ནད་བརྒྱ་འཇོམས་པའི་སྨན་རིལ་བཅས་དྲངས། ཀུན་དགའ་གཡུ་ཡི་མཚོ་སྐྱིད། འབྲུ་བཟའ་ཤེས་རབ་དབང་མོ།  ཚ་ཞང་བུ་མོ་མཛེས་སྒྲོན་སོགས་ཀྱིས་གླུ་ལེན་ངག་བཀུག་མ་བྱུང་རུང་བཀྲ་ཤིས་པའི་སྐྱབས་འགྲོ་སྨོན་ལམ་འུར་དིར་དིར་ཕུལ་བ་ན། མ་རག་བཟའི་གྲོགས་མཆེད་རྣམས་བདེ་ཆེན་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམ་ཚིག་རྣམ་པར་དག་པའི་མཐུས་བདེན་ཚིག་ཐམས་ཅད་གྲུབ་སྟེ་དབང་ཐང་ཆེ་བ། ལོངས་སྤྱོད་འཛོམས་པ། ནད་མེད།  བཀྲ་ཤིས་ཤིང་ཚེ་རིང་བ་བཅས་བྱུང་།① ཞེས་ཚེ་འདིའི་ལེགས་——————①བསྟན་འཛིན་ཕུན་ཚོགས་ཀྱིས་བསྒྲིགས་ཤིང་། 2000ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བདུད་གླིང་གཡུལ་འགྱེད》ཀྱི་ཤོག་ངོས274ནས277བར་གསལ།
           ཚོགས་ཀུན་གྱི་གཞི་ལྷ་དང་ཤིས་ཚིག་བརྗོད་པ་ལ་རག་ལས་པར་འདོད་པས།  སྙིང་ནས་རེ་ལྟོས་འཆའ་སའི་ལྷ་དེར་སྒོ་གསུམ་གུས་པས་ལན་བརྒྱར་འདུད་ཅིང་། ནད་གདོན་རྐྱེན་ངན་ཞི་བ་དང་ཚེ་བསོད་དབང་ཐང་རྒྱས་པ་སོགས་ཅི་བསམ་འདོད་དོན་མ་ལུས་དྲང་བོར་ཞུས་ན། མིའི་རང་བཞིན་གྱི་ནུས་པ་ལས་བརྒལ་བའི་ལྷ་ཀླུ་གཉན་བཙན་མཐུ་བོ་ཆེ་དག་གི་བྱིན་རླབས་མཐུས། ཡིད་རྩེ་གཅིག་སྨོན་པའི་དོན་མཐའ་དག་གེགས་མེད་པར་བདེ་བླག་ཏུ་འགྲུབ་པར་འདོད་ཅིང་།  འདོད་ཚུལ་དེ་ལ་བརྟེན་ནས་གླིང་གི་མ་སྲུ་རྣམས་ཀྱིས་བཀྲ་ཤིས་པའི་ཁ་གཡང་དྲོན་མོ་ལས་ཁོ་ཚོའི་ཡིད་ཀྱི་རེ་འདུན་མཐའ་དག་མངོན་འགྱུར་བྱུང་ཏེ་སྲས་དགྲ་ལྷ་རྩེ་བརྒྱད་དབང་ཐང་ཆེ་བ།  ལོངས་སྤྱོད་འཛོམས་པ།  ནད་མེད་པ།  བཀྲ་ཤིས་ཤིང་ཚེ་རིང་བ་བཅས་སྨོན་དོན་གེགས་མེད་ལྷུན་གྱིས་འགྲུབ་པ་ནི་དོན་དངོས་ཀྱི་གནས་ཚུལ་ཞིག་ཡིན་པར་སེམས། དཔེ་དེ་བཞིན་དུ་བོད་མི་རྣམས་ཀྱིས་ནམ་རྒྱུན་ལོ་གསར་དང་དགའ་སྟོན། དུས་སྟོན། གཉེན་སྟོན། བཙས་སྟོན།  ཁང་སྟོན། འགྲུབ་སྟོན་སོགས་ལས་དང་མཛད་སྒོ་མང་བོར་ཤིས་ཚིག་བརྗོད་པའི་རྩ་བའང་འདི་ལ་ཐུག་ཡོད། 《གནག་རབས》ལས། “ད་ནྀ་རྒོད་གསས་ཁམ་པ་འྀས། །  གྲ་དང་རྐུན་མ་ཁྲྀད་ལ་ཤོག། །  སྐུ་ལ་ཅྀ་གསོལ་ན།  བྱ་རྒོད་སླག་པ་གསོལ། །  སྟག་ཞུ་ཁྲ་བོ་དབུ་ལ་གསོལ། །  སྟག་ཀྱི་སྨང་ར་ཚོམ་ཚོམ་ཅན། །  ཟངས་ཀྱིབ་སྤུ་ཞྭ་ལ་ལ། །  ཞལ་ནས་ལྕགས་ཀྱི་ཚ་ཚ་ཕྲོ།   ཕྱག་ན་ཐུ་ལུམ་མར་པོ་འབསྣམས། ། སྤྱན་མྱིག་བཟློག་པས་གནམ་ས་ཁྲུག་པར་བྱེད། ། སེ་འོལ་བརྡབས་པས་གནམ་གྱི་ཉྀ་ཟླ་གཟའ་སྐར་ཐང་ལ་ཀློག་པར་བྱེད། ། རྐང་པ་བརྡབས་པས་སའི་མཚོ་མོ་གཏྀང་ནས་ཀྲུག་པར་བྱེད། །  གྲ་བོའི་སྙིང་དང་མཆན་ལན།  སེན་མོ་མཆེ་བ་ཡན་ཅད་རྟགས་སུ་ཁྱེར་ལ་ཤོག །”①ཅེས་རྒོད་གསས་ཁམ་པ་ཞེས་བྱ་བ་སྐུ་ལ་བྱ་རྒོད་ཀྱི་སློག་པ་གྱོན་ཞིང་དབུ་ལ་—————①པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་བསྒྲིགས་ཤིང་། 2007ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས》ཀྱི་ཤོག་ངོས1ནས2བར་གསལ།   
           སྟག་ཞྭ་ཁྲ་བོ་གསོལ་བ། སྟག་གི་སྨྲ་ར་ཚོམ་ཚོམ་ཅན། ཟངས་ཀྱི་བ་སྤུ་འཇོལ་ལོ་ལོ། ཞལ་ནས་ལྕགས་ཀྱི་མེ་སྟག་གི་ཚ་ཚ་འཕྲོ་ཞིང་ཕྱག་ན་ཐུ་ལུམ་དམར་བོ་བསྣམས། སྤྱན་མིག་བཟློག་པས་གནམ་ས་འཁྲུག་པར་བྱེད། སེ་གོལ་གཏོགས་པས་གནམ་གྱི་ཉི་ཟླ་གཟའ་སྐར་ཐང་ལ་ལྷུང་བར་བྱེད། རྐང་བ་བརྡབས་པས་སའི་མཚོ་མོ་གཏིང་ནས་དཀྲུག་པར་བྱེད་ཅེས་སྐུའི་ཆ་བྱད་དང་མཐུ་སྟོབས་དམིགས་སུ་བཟུང་ནས་མཆོད་བསྟོད་བྱས་པར་བརྟེན། གནོད་ཅིང་འཚེ་བའི་དགྲ་ཇག་ཆོམ་རྐུན་ཀུན་ཚར་གཅོད་དགོས་པའི་འཕྲིན་ལས་བཅོལ་བ་སྟེ། དགྲ་དང་རྐུན་མ་མྱུར་དུ་ཁྲིད་ལ་ཤོག  དེའི་སྙིང་དང་གློ་མཆིན།  སེན་མོ། མཆེ་བ་ཡན་ཆད་དགྲ་བཏུལ་བའི་རྟགས་མཚན་ལ་འཁྱེར་ཡོང་དགོས་པའི་དམོད་ཚིག་ཞུས་ན། དེས་མི་ལ་བདེ་སྐྱིད་དང་སྡུག་བསྔལ་གང་སྟེར་ཡང་རང་དབང་ཡོད་པས། རང་གིས་འདུལ་མི་ཐུབ་པའི་དགྲ་བོའི་སྲོག་སྙིང་མྱུར་དུ་ལེན་པར་འདོད། སྡང་དགྲ་འདུལ་བའི་གཉན་པོ་དེ་དག་ནི་ཤིན་ཏུ་ཁྲོ་བོ་དང་དྲག་པོའི་ཆ་བྱད་ཅན། འཇིགས་སུ་རུང་བ། ཕས་རྒོལ་དགྲ་བོ་ཟིལ་གྱིས་གནོན་པ། མིའི་ནུས་པ་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པར་སྟོན་ཆེད། 《གནག་རབས》ལས།“མྱྀ་འི་ལུས་པོ་ལ།འབྲུག་ཀྱི་འགོ་བོ་ཅན། ། ཆུ་དྲྀའི་གཤོག་པ་ཅན། ། རལ་གྱིའི་རྐང་པ་ཅན། ལྕགས་ཀྱི་མཆེ་བ་རྒུ་གཉྀས་བ་བརྒྱད་འབར་བས། ། གྲ་བོའི་ཤ་ཟ་ལྗིབས་སེ་ལྗིབས། ། གྲའ་བོའི་ཁྲག་འཐུང་རྔུབས་སེ་རྔུབས། ། གྲའ་བོའི་རྒྱལ་མཁམས་ཀྲུག་པར་བྱེད། ཆུ་དྲྀའི་ལག་བརྡབས་པས། གྲའ་བོའི་བདུན་རྒྱུད་གཅོད་པར་བྱེད། །  རལ་གྱིའི་རྐང་བརྡབས་པས། །  གྲའ་བོའི་དོན་སྙིང་བརླ་དང་རྩ་ནས་གཅོད། །”① ཅེས་མི་ལུས་འབྲུག་མགོ་ཅན། ཆུ་གྲིའི་གཤོག་པ་ཅན། རལ་གྲིའི་རྐང་བ་ཅན། ལྕགས་ཀྱི་མཆེ་བ་དགུ་གཉིས་བཅོ་བརྒྱད་ལས་མེ་ལྕེ་འབར་བ་དེས།  དགྲ་ཤ་ཟ་བ་གཉོག་གཉོག་གཉོག   དགྲ་ཁྲག་འཐུང་བ་ཧུབ་ཀྱིས་རྔུབ།—————①པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་བསྒྲིགས་ཤིང་། 2007ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས》ཀྱི་ཤོག་ངོས3ནས12བར་ གསལ།   
           དགྲ་བོའི་རྒྱལ་ཁམས་དཀྲུགས་པར་བྱེད། ཆུ་གྲིའི་ལག་པ་བརྡབས་པས། དགྲ་བོ་མི་རབས་བདུན་གྱི་བར་དུ་གཅོད་པར་བྱེད། རལ་གྲིའི་རྐང་བ་བརྡབས་པས། དགྲ་བོའི་དོན་སྙིང་བརླ་བཅས་རྩ་ནས་གཅོད། ཅེས་དགྲ་ཕྱོགས་ཀྱི་སྙིང་རྩ་འདར་བར་བྱེད་པའི་ལྷ་ཀླུ་གཉན་བཙན་འཇིགས་སུ་རུང་བ་ཞིག་ལ་མཆོད་བསྟོད་བྱས་ཏེ་གྲོགས་སུ་བཀུག་ནས། རང་ལ་གནོད་ཅིང་འཚེ་བར་བགྱི་བའི་དགྲ་ཇག་ཆོམ་རྐུན་རྣམས་ཚར་གཅོད་པའི་འཕྲིན་ལས་བཅོལ་བ་རེད། གཞན་ཡང་།《གནག་རབས》ལས། མི་ལུས་འབྲུག་གི་རལ་བ་ཅན། མི་ལུས་སྤྱང་མགོ་ཅན། མི་ལུས་སྟག་མགོ་ཅན། དོམ་གྱི་ལུས་པོ་ལ་ཁྱུང་གི་མགོ་བོ་ཅན། ཆུ་བྱའི་ལུས་པོ་ལ་འབྲུག་གི་མགོ་བོ་ཅན། ཤེལ་གྱི་མི་ལ་སྟག་གི་མགོ་བོ་ཅན། སྦྲུལ་ལུས་སེང་མགོ་ཅན། སྟག་ལུས་སྦྲུལ་མགོ་ཅན། དུང་གི་མཆེ་བ་ཅན།ཆུ་གྲིའི་མཆེ་བ་ཅན། ཆུ་གྲིའི་ལག་པ་ཅན། རལ་གྲིའི་གཤོག་པ་ཅན།སྦྲུལ་གྱི་སྐ་རག་རྐེད་ལ་བཅིངས་པ། གནམ་གྱི་འཁོར་ལོ་ཕྱག་ན་བསྣམས་པ། དཔལ་གྱི་མི་བོ་དམར་པོ་ལ། ལྕགས་ཀྱི་རལ་བ་ས་ལ་འདྲུད།  སྟག་གི་གཡང་བཞི་ཕྲག་ལ་གཟད། ཐེའུ་རང་སྤུན་དགུ་འབངས་སུ་ཁྲིད། གློག་སྲིན་སྤུན་དགུ་འབངས་སུ་ཁྲིད①ཅེས་གླེངས་པ་ཙམ་གྱིས་སྐྱི་གཡའ་ཞིང་ཧང་སང་བར་བྱེད་པའི་མཐུ་ལྡན་གོང་ན་མེད་པ་དག་ལ་དགྱེས་སྐྱེད་གསོལ་མཆོད་འབུལ་ནས་འཕྲིན་ལས་གཡེལ་མེད་མྱུར་མཛད་མགོན་དུ་བརྩི་བར་དཔགས་ན་འདི་ལྟར་མངོན་ཏེ། མི་ཐུབ་སྡང་དགྲ་བཙན་པོའི་འཇིགས་པ་དང་གནོད་པ་བྱུང་སྐབས། སེམས་ཀྱི་ཁོང་ཁྲོ་དང་ཞེ་སྡང་ཆེས་ཆེར་འཕེལ་ནས་གནོད་པ་ལ་གནོད་ལན་བྱ་བར་འདོད་ཅིང་། རང་གི་མཐུ་ནུས་ལ་བརྟེན་ནས་སྙིང་ནད་ཡིད་ཚིམས་པ་ཞིག་རྩོད་མི་ཐུབ་པས། སེམས་ཀྱི་འདོད་དོན་མ་ལུས་ཡིད་བཞིན་དུ་སྐོང་བའི་ཐབས་སུ། གཞན་ལ་སྐྱབས་བཅོལ་བའི་བློ་སྐྱེས་པ་ཡིན། 
           མཐའ་ཡི་དགྲ་དཔུང་མ་ལུས་རྨེག་མེད་དུ་—————①པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་བསྒྲིགས་ཤིང་། 2007ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས》ཀྱི་ཤོག་ངོས3ནས12བར་གསལ།   གཏོང་རྒྱུ་ནི་ཧ་ཅང་དཀའ་ཚགས་ཆེ་ཕྱིར། སྐྱབས་གནས་དེ་ཡང་སྤྱིར་བཏང་གི་མི་ཕལ་བ་ཞིག་གིས་མི་འོང་བར། གནོད་བྱེད་དགྲ་བགེགས་ཚར་གཅོད་བྱེད་པའི་བོད་ཡུལ་གྱི་ས་བདག་གནས་བདག་མཐུ་བོ་ཆེ་རྣམས་ལ་བསང་གསུར་གྱིས་གཏོར་མ་སོགས་མཆོད་ན་རང་ལ་རྟག་ཏུ་མགོན་སྐྱབས་མཛད་པའང་ཆོས་ཉིད་ཡིན་པར་འདོད། དེ་ལྟར་གསོལ་མཆོད་བྱེད་མཁན་རྣམས་ཀྱི་འདོད་པའི་འཕྲིན་ལས་སྒྲུབ་མཁན་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། གདོད་མའི་མི་རྣམས་ཀྱིས་རང་ཉིད་ལྟོས་གཞི་བྱས་ཏེ། དེ་དག་ཀྱང་མི་དང་འདྲ་བར་ལུས་དང་། སྲོག་དང་། རྣམ་པར་ཤེས་པ་བཅས་ལྡན་པར་བགྱིས་ཏེ་གཟུགས་བརྙན་ཅན་དང་མི་གཤིས་ཅན་དུ་བསྒྱུར་པར་མ་ཟད། དགྲ་སྡེ་ཟིལ་གྱིས་གནོན་པའི་ནུས་པ་དང་ལྡན་པ་ཞིག་ཏུ་སྒྱུར་ཆེད། མཐུ་དང་བྱིན་རླབས་མི་ལས་ཁྱད་དུ་འཕགས་པ། སྣོད་བཅུད་ཀུན་ལ་དབང་བསྒྱུར་ནུས་ཤིང་། གསོད་གཏུབ་ཀྱི་ལས་ལ་མཁས་པ། བཙན་ཆེ་བ། མྱུར་མགྱོགས་རྫུ་འཕྲུལ་ལ་ཐོགས་པ་མེད་པ། སྡང་དགྲ་ཐལ་བའི་རྡུལ་དུ་བརླགས་པ་སོགས་འཇིག་རྟེན་གནས་ཚོད་ཀྱི་མཚམས་ལས་བརྒལ་ཏེ་འུད་ཀྱིས་བརྗོད་པ་དང་།  མི་རྣམས་ཀྱི་དད་པ་དང་འཇིགས་སྣང་འཕེལ་བར་བྱེད་ཆེད་དང་། འཕྲིན་ལས་བཅོལ་བའི་དགོས་མཁོ་དང་བསྟུན་ཏེ། སྐུའི་བཀོད་པ་དངཆ་བྱད་ལ་མི་ལུས་འབྲུག་གི་རལ་བ་ཅན། མི་ལུས་སྤྱང་མགོ་ཅན། མི་ལུས་སྟག་མགོ་ཅན། ཆུ་བྱའི་ལུས་པོ་ལ་འབྲུག་གི་མགོ་བོ་ཅན། སྟག་ལུས་སྦྲུལ་མགོ་ཅན། ཆུ་གྲིའི་མཆེ་བ་ཅན།  རལ་གྲིའི་གཤོག་པ་ཅན། སྦྲུལ་གྱི་སྐ་རག་རྐེད་ལ་བཅིངས་པ།  གནམ་གྱི་འཁོར་ལོ་ཕྱག་ན་བསྣམས་པ། ལྕགས་ཀྱི་རལ་བ་ས་ལ་འདྲུད་པ་སོགས་མི་རང་ཉིད་ཀྱི་གཟུགས་དབྱིབས་ལ་གཞིགས་ཏེ་ཕྱི་རོལ་ཡུལ་གྱི་འདབ་ཆགས། ཕྱུགས་ཟོག  དུག་སྦྲུལ་དང་གཅན་གཟན་གདུག་པ་ཅན་དག་གི་དབང་བོ་དང་ཡན་ལག  དམག་འཁྲུག་གི་མཚོན་ཆ་རྩུབ་མོ་དག་མཉམ་དུ་བསྡེབས་ནས་མི་དང་སྲོག་ཆགས་འདྲེས་མའི་ཡ་མ་བརླའི་གཟུགས་ཕུང་དེ་འདྲ་ཞིག་སྲིད་ན་མེད་ཀྱང་ཡོད་པ་ལྟར་སྒྲོ་བཏགས་ནས་བརྗོད་པ་ཡིན། སྤྱིར་འཇིག་རྟེན་གྲགས་ཚོད་ལ་དགྲ་དཔུང་མ་ལུས་འཇོམས་དགོས་ན་ངེས་པར་དུ་དཔུང་ཚོགས་ཡན་ལག་བཞི་ཡི་གཡུལ་བཤམས་དགོས་པ་ལྟར། ཐེའུ་རང་སྤུན་དགུ་འབངས་སུ་ཁྲིད། ལྷ་དཔུང་སྟོང་ཕྲག་གཡོག་ཏུ་ཁྲིད། གློག་སྲིན་སྤུན་དགུ་འབངས་སུ་ཁྲིད་བཅས་བཀོད་ཡོད་པ་དང་། གཡུལ་འགྱེད་བྱེད་པ་ལ་དགྲ་སྡེའི་སྙིང་རྩ་གཅོད་པའི་མཚོན་ཆ་རྩུབ་མོ་དག་ཤིན་ཏུ་མཁོ་བ་ལྟར། དུང་གི་མཆེ་བ་ཅན། ཆུ་གྲིའི་མཆེ་བ་ཅན། ཆུ་གྲིའི་ལག་པ་ཅན། རལ་གྲིའི་གཤོག་པ་ཅན་སོགས་མི་ལ་མེད་པའི་གཟུགས་བྱད་སྐོར་ཞིག་མཉམ་དུ་བསྡེབས་ནས་གྲུབ་པ་ཡིན། ཡང་། 《གནག་རབས》ལས།  དགྲ་བོའི་ཤ་ནི་ཟན་ལས་ཞིམ། དགྲ་བོའི་ཁྲག་ནི་ཆང་ལས་ཞིམ། དགྲ་བོའི་བརླ་རྐང་མར་ལས་ཞིམ།  དགྲ་བོའི་སྙིང་ཕྱུང་ཞིག   དགྲ་བོའི་མཆན་ནས་བུ་འཕྲོག་ཅིག དགྲ་བོ་མི་རབས་བདུན་གྱི་བར་དུ་ཟས་སུ་གསོལ། དགྲ་བོའི་ཕུ་བོ་ནུ་བོ་མ་ནོར་བར་ཟླ་ལ་མ་འགོར་བར་ཁྲིད་ལ་ཤོག  ཉི་མ་ཤར་ཕྱོགས་ཀྱི་བཙན། ཤེལ་གྱི་མི་ལ་སྟག་གི་མགོ་བོ་ཅན་གྱི་ཕྱག་ཏུ་དགྲ་བོའི་དོན་ལྔ་སྣོད་དྲུག་འབུལ་བ་ཡིན་པས་བཞེས་པར་གྱིས། ཉི་མ་བྱང་ཕྱོགས་ཀྱི་བཙན། མི་ལུས་གྲི་མགོ་ཅན་གྱི་ཕྱག་ཏུ་དགྲ་བོའི་ལྷུ་ཆེན་ལྷུ་ཆུང་བཅུ་གཉིས། མགོ་དང་བཅུ་གསུམ་འབུལ་བ་ཡིན་པས་བཞེས་པར་གྱིས། ཟས་སུ་དགྲ་ཤ་ཟ་བ། སྐོམ་དུ་དགྲ་ཁྲག་འཐུང་བ། ཤིང་དུ་དགྲ་རུས་འབུད་པ།  སྤྲུལབའི་ཕྱག་མཚན་ཟངས་གྲི་སྟོང་ཆོད་བསྣམས་པ། བྱེ་མ་འབུམ་ཕྲག་གཡོག་ཏུ་ཁྲིད་པའི་བདུད་སྲིན་ཚོགས་ལ་དགྲ་བོའི་སྲོག་སྙིང་ལེན་པའི་འཕྲིན་བཅོལ་བྱས་ཡོད་པར་གཞིགས་ན།གདོད་མའི་དུས་སུ་དམག་འཁྲུག་གི་འཇིགས་པ་མང་ཞིང་འཚོ་བའི་མཐུན་རྐྱེན་གཙོ་བོ་རྔོན་ལས་ལ་བརྟེན་པ་ཡིན་པས། དགྲ་འདུལ་གསོད་གཏུབ་ཀྱི་ལས་ལ་མཁས་ཤིང་དཔའ་བ།  སྡིག་ལས་ལ་མོས་ཤིང་ཤ་ཁྲག་གི་འཚོ་བར་ཕྱོགས་མཁན་ལེགས་པའི་ཚད་གཞིར་འཛིན་པ་ཡིན་པས། སྐྱེ་འགྲོའི་ཤ་ཁྲག་ལ་ལོངས་སྤྱོད་ཅིང་བགེགས་ལ་གྲོགས་བྱེད་པ།གཞན་པའི་སྐྱེ་འགྲོ་ཡོངས་ལ་གནོད་འཚེ་བྱེད་པའི་ཀླུ་བདུད་གཉན་བཙན།གནོད་སྦྱིན་ནག་པོ། བདུད།སྲིན་པོ།འདྲེ།འགོང་བོ། མ་སངས།ཐེའུ་རངས་སོགས་རང་ལ་གྲོགས་བྱེད་པའི་མགོན་དུ་བཀུར་ཏེ་ཤ་རུས་ཀྱི་མཆོད་པ་འབུལ་བ་དང་། ཁྲག་གི་སྐྱེམས་མཆོད་དེ་སྡང་དགྲ་འདུལ་བའི་སྐྱབས་སུ་བསྟེན་པ་ཡིན། 
           འགལ་རྐྱེན་བྱུང་ན་ཡུལ་ལྷ་དམར་གྱིས་གསོལ་བ་དང་། གནོད་པའི་འདྲེ་བདུད་དགའ་བར་བྱེད་པ། གནག་སེམས་བཅངས་ནས་དམོད་མོ་བྱེད་པའི་གདོད་མའི་སྤྱི་ཚོགས་དེ་ནས་རིམ་བཞིན་མིའི་ཤེས་རིག་འཕེལ་བ་དང་། ལྷག་པར་དུ་ནང་བའི་བསྟན་པ་བོད་ལ་དར་བ་ནས་བཟུང་། མི་རྣམས་ཀྱིས་རང་གི་རིག་གནས་དང་དད་མོས། མི་ཚེའི་རིན་ཐང་ལ་ལྟ་ཚུལ་ཡང་དག་པ་ཞིག་བཟུང་སྟེ། མི་ལ་བསམ་གནག་ན། །  སྦྱོར་བ་རང་ལ་འཁོར། ། ཞེས་པ་དང་། དམོད་མོ་བྱས་ཏེ་གཞན་ལ་གནོད་པ་དགུན་གྱི་ཁ་བ་འདྲ་ཞིག་བྱུང་ཚེ། རང་ལའང་གནོད་པ་སྟོན་གྱི་བ་མོ་འདྲ་ཞིག་འབྱུང་བར་འདོད་པའི་འདུ་ཤེས་ཤིག་ཆགས་ནས། ཐམས་ཅད་ཞི་བདེ་ལ་ཐུགས་མོས་ཆེ་ཞིང་། ཉེ་རིང་ལ་ཕྱོགས་ཞེན་ཆུང་བ། གཡོ་སྒྱུ་ཕྲ་གསུམ་དང་གཞན་ལ་གནོད་པའི་སྡིག་ལས་སྣ་ཚོགས་ལ་འཛེམ་ཅི་ཐུབ་བྱེད་པ་དང་། རང་གི་ནུས་ཚོད་ཀྱིས་གཞན་ལ་ཕན་འདོགས་པའི་དགེ་བའི་ལས་ལ་གཞོལ་གང་ཐུབ་བྱེད་པ་ཡིན་ཡང་།  དམོད་མོའི་རྒྱུན་ཤུལ་རྩ་བ་ནས་ཉམས་མ་ནུས་པར། དེང་གི་དུས་འདིར་ཡང་མཚོ་སྔོན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་མགོན་ཤུལ་ཡུལ་ཚོར་བཤད་རྒྱུན་འདི་འདྲ་ཞིག་ཡོད་དེ།   འབྲོག་ཁྱིམ་གཉིས་ཀྱིས་འདབས་ར་བརྩད་ནས་དགྲར་གྱུར་ཏེ་གཅིག་གིས་གཅིག་ལ་གནོད་ཅི་ཐུབ་བྱས། ཁྱིམ་བདག་གཅིག་ནི་བཙན་དྲག་པས་ཁྱིམ་བདག་ཅིག་ཤོས་ཀྱིས་རྩོད་ཡར་མ་དོ་བར་ཞེ་སྡང་དང་ཁོང་ཁྲོའི་སེམས་ཀྱིས་རང་སྲོག་བཅད་དེ་ཤི་བར་གྱུར།  འཆི་ཁར་སྐྱེ་བ་ཕྱི་མར་ང་ཁྱོད་ཀྱི་སྲོག་ལེན་མཁན་ཞིག་ཏུ་སྐྱེས་པར་ཤོག་ཅེས་དམོད་བོར་བ་ལྟར་ཚེ་སྔོན་དགྲ་བོའི་བུར་སྐྱེས་ཤིང་། ཕ་དེ་བུ་ལ་སྙིང་ཤིན་ཏུ་བརྩེ་བས་རང་གི་ཡ་ཐོད་ཀྱི་མིག་འབྲས་བཞིན་སྲུང་། བུ་ལ་གཉོར་སྐྱོང་དང་འདུན་པ་བསམ་གྱིས་མི་ཁྱབ་པ་བྱེད། དེ་ལ་སྡུག་བསྔལ་དང་མི་འདོད་པ་བྱུང་ན་རང་ལ་བྱུང་བ་ལས་ཀྱང་ཐུ་བའི་སྡུག་བསྔལ་འབྱུང་། དེ་བཞིན་བུ་ལོ་བཅོ་ལྔར་སོན་པ་ན་འཕྲལ་རྐྱེན་ཕྲན་བུ་ཙམ་ཡང་མེད་པར་རང་སྲོག་བཅད་དེ་ཤི ། དོན་གློ་བུར་བ་དེར་རྐྱེན་བྱས་ནས་ཕ་་སྙིང་ནད་དྲག་པོས་གཟིར་ཏེ་ཚེ་ལས་འདས་པ་ནི་སྔོན་གྱི་ཁྱིམ་བདག་ཅིག་ཤོས་ཀྱིས་དམོད་བོར་བའི་མཐུ་ཡིས་ཁ་དམོད་ཕོག་སྟེ། བུ་ཡི་སླད་དུ་དཀའ་ཚེགས་ཐམས་ཅད་ཁྱད་བསད་ཀྱིས་ཐུགས་བརྩེ་བས་བསྐྱངས་ཤིང་། བུ་བདེ་ཐབས་སྐྱིད་ཐབས། འཇམ་ཐབས་ཁོ་ནར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་འབད་ཀྱང་། བུས་དྲིན་ལན་ལོག་པར་འཇལ་ནས་ཕ་ཚེ་ལས་འདས་པ་ནི་དམོད་མོ་ངན་པའི་མཐུ་རུ་འདོད་ཅིང་།  ཁ་དཔེར། བྱད་ཁ་ཕུར་ཁ་ཟློག   མི་ཁ་ངན་པར་འཛེམ་ཞེས་པའི་གནད་ཀྱང་འདི་ལ་ཐུག་པར་འཁུམས།

གསུམ།   དམོད་མོའི་བརྒྱུད་རིམ།
           དམོད་བོར་བ་ལ་རྩ་བའི་ཡན་ལག་གསུམ་ཡོད་དེ།  དམོད་མཁན་དང་དམོད་ཡུལ།  དམོད་པའི་གོ་རིམ་བཅས་ཡིན།  དམོད་མཁན་ནི་རང་ཉིད་ཡིན་ཡང་ཆོག་ལ་གཞན་ནས་བཙལ་ཡང་ཆོག  དམིགས་ཡུལ་ནི་རང་གི་འདོད་བློ་ལ་རག་ལས་ཤིང་།  དོན་བྱ་འགྲུབ་པ་དང་མགོན་སྐྱབས་ཐོབ་པ།  གཞན་ལ་གནོད་སྐྱེལ་ཞུ་བ་སྟེ་གསུམ་ལ་འདུ།  དེའི་གོ་རིམ་ནི་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་དང་འབྲེལ་བ་དམ་པོཡོད་པས་རང་རང་གི་རིག་གནས་ལ་ཁྱད་པར་ཡོད་བཞིན་དེའི་གོ་རིམ་ལའང་བར་ཁྱད་ཅུང་ཟད་ལྡན་ངེས་མོད། སྤྱིར་བཏང་དུ་དམོད་བོར་བའི་གོ་རིམ་ལ་ཡང་གསུམ་སྟེ།  གཅིག དམོད་པའི་ཡོ་བྱད་དམ་ཡང་ན་ཕྱག་མཚན་གྲ་སྒྲིག་བྱེད་པ།  གཉིས།  ཉེར་མཁོའི་རྒྱུ་ཆ་གྲ་སྒྲིག་བྱེད་པ།  དཔེར་ན། རྫས་ཀྱི་སྡེབ་སྦྱོར་དང་། ཕྱག་མཚན་བཀོལ་སྤྱོད་སོགས། གསུམ། བཟླས་བརྗོད། སྔགས་བཟླ་བ་དང་ཁ་སྨྲས་ངན་པ་བརྗོད་པ། འཇིག་རྟེན་གྱི་དམོད་མོ་གང་ཞིག་ཡིན་རུང་ཕལ་ཆེར་འདི་གསུམ་ལ་མ་འདས་པ་མེད་ཀྱང་། མཐའ་གཅིག་ཏུ་དེ་གསུམ་ཀ་ཚང་དགོས་པའི་ངེས་པའང་མེད་དེ། དཔེར་ན། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས། སྔོན་ནས་སྨོན་ལམ་ལོག་པར་བཏབ་པའི་རྒྱུས། ད་ལྟའི་གཤེན་དང་བདུད་གཉིས་སྤྱོད་པ་དཀར་ནག་སོ་སོར་གྱུར་པས་གཤེན་ལ་དོས་འཛུགས་པ་སྟེ། མདོ་ལས། སྟོན་པ་གཤེན་རབ་མི་བོ་ལ། །  བདུད་རྗེ་ཁྱབ་པ་ལག་རིང་གིས།  ཆོ་འཕྲུལ་སྣ་དགུ་སྟོན་པ་ཡང་། །  དོན་ཆེད་ཅི་ཡི་ཕྱིར་ན་སྟོན། ། སྔོན་གྱི་དམོད་པ་བོར་བ་ཡིས། ། ད་ལྟའི་སྤྱོད་པ་སོ་སོར་སྟོན། །① ཞེས་གུང་ཐང་བསླབ་བྱ་ལས། ཆོས་ཀྱི་རྩ་བ་བསམ་པའི་བཟང་ངན་ཡིན་ཞེས་པ་ལྟར་བསམ་སྦྱོར་ངན་པས་རང་ལ་ལེགས་ཚོགས་འབྱུང་བ་དང་གཞན་ལ་འཚེ་བ་བྱེད་པ་དམིགས་ཡུལ་དུ་བཟུང་ནས་སེམས་ཅན་ལ་གནོད་འཚེ་དང་དཀར་པོའི་དགེ་བ་ལ་བར་ཆད་ཡོང་བར་འདོད་པའི་དོན་དེ་འགྲུབ་པར་གྱུར་ཅིག་ཅེས་སྔོན་ནས་སྨོན་ལམ་ལོག་པར་བཏབ་པའི་དབང་གིས། ནག་ཕྱོགས་ལ་དགའ་བའི་བདུད་གདུག་པ་ཅན་གྱི་མཐུ་ནུས་རྒྱས་ཏེ། སྤྱིར་སྐྱེ་འགྲོ་ཡོངས་ལ་གནོད་འཚེ་དང་། ཁྱད་པར་སྟོན་པ་གཤེན་རབ་ལ་ཤིན་ཏུ་མ་དགའ་བས་གདུངས་ཏེ་ཆོ་འཕྲུལ་སྣ་དགུ་སྟོན་དགོས་ཚུལ་གྱི་རྒྱུ་མཚན་བརྗོད་ཡོད་པ་ལས། རྫས་ཀྱི་སྦྱོར་བ་དང་མཐུ་སྔགས་རྦོད་གཏོང་གི་གོ་རིམ་མེད་པ་ལྟ་བུའོ། ། 《གནག་རབས》ལས།  དགྲ་བོ་བཙན་དང་བདུད་ལ་གཏད་པའི་རབས་ལ། བྱ་རོག་གཤོག་པ་ཐོགས་པའི་གཟུགས་ལས་ཏེ། གདོང་གཡས་པ་ཁྲག་གིས་བྱུགས། གཡོན་པ་ཚོན་རྩི་སྨུག་ནག་གིས་བྱུགས། སྐྲ་གཡས་པ་བཤིག དགྲ་བོའི་མིང་བྱང་བྲིས། མིང་སྲིང་གང་རུང་ཞིག་གི་གོས་ནག་ཐོག་ལ་བཀབ། དགྲ་བོའི་བླ་རྡོ་སྲི་ཁུང་ཁར་བཞག་སྟེ།  སྔགས་མ་ནོར་བར་བཟླས་ན་དགྲ་མི་འཆོར་རོ། །   དགྲ་བོ་ལ་ཕོ་ཉ་གཏོང་བ་དང་། གཤོག་པར་སྔགས་བཏབ།  རས་ནག་པོ་དང་དར་ནག་པོའི་ཁུག་མར།   མཚེ་དང་ཡུངས་དཀར།  གངས་སྦལ་གྱི་རྐང་།   ནས་དཀར་མོ་བསྲེས་ནས་ཕྱོགས་བཞི་མཚམས་བརྒྱད་དུ་གཏོར། ནུབ་ཕྱོགས་ཀྱི་གཡོག་འཁོར་ནག་པོའི་ཁམས། ཤར་ཕྱོགས་དཀར་པོའི་ཁམས།  ལྷོ་ཕྱོགས་ལྗང་ཁུའི་ཁམས། བྱང་ཕྱོགས་དམར་པོའི་ཁམས། སྲི་ཁུང་ཁར་གཤོག་རྡེབ་བྱེད་པའི་ཟོལ་གྱིས། བླ་རྡོ་ལ་རྟེན་བཅས་ནས་དགྲ་བོའི་གཟུགས་བྲིས།  བླ་འགུགས་བྱས།  གོམ་པ་བདུན་བོར་བའི་ས་བླངས་ལ།  རང་ཡང་ཁྱིམ་ནས་གོམ་པ་བདུན་བོར། ཁ་ཤར་ཕྱོགས་སུ་གཏད་དེ།  བྱ་ རོག་གི་གཤོག་རུ་བརྒྱངས་པ་རང་གི་སྙིང་ཁར་གླན།    གཤོག་རྩེ་གནམ་དུ་བསྟན་ཏེ།—————① ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་ཤིང་། 1985ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ཀྱི་ཤོག་ངོས44པར་གསལ།
           སྤྲུལ་བའི་བཀོད་པ་སྣ་ཚོགས་ཀྱིས་དྲག་ལས་བྱེད་པར་སྐུལ།གཤོག་པ་གནམ་ལྕགས་ཐོག་གི་སྦར་མོར་བསམ། གཤོག་རྩེ་ནས་རྣོ་བའི་གཟོང་འཕེན་པར་བསམ། རྦོད་གཏོང་གི་སྔགས་ལ། སེད་ཕུད་ཕུད། །  ཀྱིས་བརྗོད་དོ། །   གཤོག་པ་བརྡབས། །   ཁུ་ཚུར་བཅང་། ། སྔགས་ཞིབ་དུ་བཟླས་སོ།  ། རང་ལ་མི་གཉིས་དགྲ་བྱེད་དུ་འོང་ན།  དེ་གཉིས་ཁ་བྲལ་བའི་ཐབས་སུ། དགྲ་གཡས་པ་དང་དགྲ་གཡོན་པའི་མིང་རུས་བྱང་བུ་ལ་བྲིས་ཏེ། བྱ་རོག་སྟེང་དགྲ་གཡས་པ་དང་། འུག་པའི་སྟེང་དགྲ་གཡོན་པའི་བྱང་བུ་སྤྲད་དེ། སྐུད་ནག་གིས་གཤོག་པར་བཅིངས་ཏེ། ལམ་གསུམ་གྱི་མདོར་མནན་ནས།  སྔགས་བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད་བཟླས་ན་འགྲུབ།  དགྲ་བོ་དེ་གཉིས་བསྐལ་བར་མཛའ་མཐུན་མི་སྲིད་དོ། ། ལྷ་མཐུ་བསྐྱེད་དོ། །①ཅེས་བདུད་ནི་སེམས་ཅན་ལ་གནོད་འཚེ་དང་དགེ་བ་ལ་བར་ཆད་བྱེད་མཁན། སྐྲ་དམར་ཞིང་འཛིངས་པ། ཁམས་གསུམ་མི་ཤ་ཟ་བ། རྐེད་ན་སྦྲུལ་ནག་འཁྱིལ་བ། ཡན་ལག་ཐམས་ཅད་ཁྲག་གིས་སྦངས་པ། གསོད་གཅོད་ཀྱི་ལས་ལ་མཁས་པ། སྡིག་ལས་ལ་མོས་ཤིང་གོ་མཚོན་ལ་དད་པ། དྲག་རྩུབ་ལོག་ཆོས་སྣ་དགུ་སྤྱོད་པ། དྲེགས་ལྡན་མཁོ་དགུ་དབང་དུ་བསྡུ་བ། དྲག་པོའི་སྤྲུལ་བ་སྣ་ཚོགས་ལྡན་ཐོག བྱ་རོག་དང་འུག་པའི་རྣམ་པ་ཅན་ཞིག་ཡིན་པར་འདོད་དེ།  སྡང་དགྲ་ཚར་གཅོད་བྱེད་པའི་ནུས་པ་ལྡན་པར་ཡིད་ཆེས་ཀྱི་དད་པས་བརྟས་ནས་སྐྱབས་གནས་སུ་བཀུར། མཐུ་ཅན་གང་དེ་སྐུལ་བར་བྱེད་པའི་སྔགས་བཟླས་ཤིང་རྫས་ཀྱི་སྡེབ་སྦྱོར་སྒྲིག དགྲ་བོར་བླ་འགུགས་བྱས། མིང་དང་གཟུགས་དབྱིབས་བྲིས། དགྲ་བོའི་མིང་སྲིང་གང་རུང་ཞིག་གིས་ཐུག་རེག་བྱས་མྱོང་བའི་གོས་ནག་བྱ་ཡུལ་དུ་བཟུང་སྟེ་སྔགས་དང་དམོད་ཚིག་གྱེར་ཚེ་མི་དེ་ལ་དམོད་ཕོག་ནས་དེ་མ་ཐག་འཆི་བར་སྙམ། ཡང་།—————①པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་བསྒྲིགས་ཤིང་། 2007ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས》ཀྱི་ཤོག་ངོས6ནས7བར་གསལ།
           《གནག་རབས》ལས།  དགྲ་བོ་སྲུང་མ་དང་ཁ་འབྲལ་བར་བྱེད་པའི་ཐབས་སུ།  ཤིང་སྟག་པའི་ནགས་གསེབ་ཏུ། རྣོ་ལྕགས་ཀྱི་གོང་བུས་བཅད་དེ། གུར་ནག་པོ་ཕུབ།  མཆོད་པའི་ཟས་སུ་གཏོར་མ་ཟླུམ་པོ་ཕྱེད་དཀར་ཕྱེད་ནག་དང་། ཆང་ཕུད། ཆུ་ཕུད། ཕྱེ་ཕུད། ཕྱེ་ཡི་ཆུ་བྱ་སོགས་འབུལ་ནས། དགྲ་བོའི་སྲུང་མ་དེ་རང་གི་སྲུང་མ་ལྟར་བཀུར་ཞིང་མཐུ་སྔགས་རྦོད་གཏོང་བྱས། དེ་ནས་ཁོས་ལྷ་བསྐྱལ་བའི་ཕྱི་བཞིན་དུ་ལྕགས་ཕུར་བརྡབས་ནས་དགྲ་བོ་དང་སྲུང་མ་རྒྱང་གིས་བཅད། བུ་རམ་དང་ཀ་ར་སོགས་ཟས་མངར་སྣ་ཚོགས་དང་། འབྲས་ཀྱི་ཆང་གཏོར། དུག་ཆུ་དང་ཤ་སྣ་མང་པོས་ལམ་བཅད། དགྲ་བོའི་མིང་ཕྱུང་ནས་འདྲེ་བསུས་ཏེ་དགྲ་ལུས་དུམ་བུར་གཏོང①བར་སྐུལ་བའི་མཐུ་ཡིས་སྲུང་མ་མགོ་བསྐོར། དགྲ་བོ་སྐྱབས་གནས་དང་བྲལ། འདྲེ་བཀུག་ནས་དེས་གནོད་པ་ལ་བརྟེན་ནས་སྡང་དགྲ་འདུལ་བར་འདོད། གདོད་མའི་དུས་སུ་འདི་ལྟ་བུའི་དམོད་མོའི་མཐུ་ནུས་ལ་ཡིད་ཆེས་པའི་དབང་གིས། ཟན་གྱིས་མི་དང་རི་དྭགས་ཀྱི་གཟུགས་དབྱིབས་བཟོས་ནས་མེ་དང་དགྲ་ཕྱོགས་སུ་འཕེན་པ་ཡིན་ཏེ། 《འཇུ་མི་ཕམ་གྱི་བཀའ་འབུམ》ལས། “རྩྭ་དང་འཇག་མའི་གཟུགས་གཅིག་བྱས་པའི་ཁོང་པར་ཁྲག་གི་གྲོད་པ་བཅུག ། དགྲའི་དམག་དཔོན་གྱི་མིང་རུས་དེར་བཏགས་སམ། གཟུགས་ཀྱི་ཁོག་པར་གཞུག ། འདི་དགྲ་བོ་ཆེ་གེ་མོའི་གཟུགས་ཡིན་ནོ་ཞེས་བརྗོད་ཅིང་དེ་ལྟར་བསམ་པར་བྱ།  རྩྭ་གཟུགས་དེ་གླང་ལ་བསྐྱོན། སྤེན་མའི་ཕྱག་མ་གཅིག་ལ། ངན་དགུ་དུག་བཅུ་ཐམས་ཅད་དགྲ་བོའི་ཡུལ་དུ་ཕྱོགས་ལ་སོང་།   ཞེས་བྲིས་པ་བཏགས་ནས།     —————①པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་བསྒྲིགས་ཤིང་། 2007ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས》ཀྱི་ཤོག་ངོས10བར་གསལ།  
           ཕྱགས་མ་དེ་གླང་གི་མཇུག་མ་ལ་གདག་པར་བྱའོ། །”①ཞེས་རྫས་ཀྱི་སྦྱོར་བ་སྣ་ཚོགས་སྡེབ་ནས་སྔགས་བཟླས། གླང་དེ་ཉིད་དགྲ་ཕྱོགས་སུ་བསྐྱལ་ལ་དགྲ་གཟུགས་དེའི་སྙིང་ཁར་མཚོན་གྱིས་བརྒྱབ་ནས་ཁྲག་གྲོད་བརྟོལ་ན་དགྲ་ལ་མི་རོ་དགུ་བསྟུད་མུར་འོང་བར་སྨྲ།  
           དམོད་མོའི་ཆོ་གའམ་དམོད་མོའི་རྣམ་བཞག་འདི་ཆེས་གདོད་མའི་མིའི་རིགས་ཀྱིས་ཐུན་མོང་དུ་དད་མོས་བྱེད་སྟངས་དང་འདུ་ཤེས་འཛིན་སྟངས་ཤིག་སྟེ།  “ཧྲུའེ་རིགས་ལ་མཚོན་ན་དམོད་བོར་བར་དམོད་ནག་ཅེས་པའི་བཤད་ཚུལ་ཞིག་ཡོད་དེ། དེ་ནི་འདྲེ་མངགས་ཏེ་གནོད་སྐྱེལ་བ་དང་དམོད་མོ་ངན་པས་དགྲ་ཤ་ལེན་པ་དེ་རེད།      དེའི་བྱེད་ཐབས་ནི་གསང་སྟབས་ཀྱིས་ཕ་རོལ་པོའི་ལྷམ་དང་གོན་པ། ཡང་ན། སྐྱེས་སྐར་སོགས་བླངས་ཏེ། དམོད་མཁན་ལ་ལྟ་རུ་བཅུག་སྟེ། དུས་དང་ཕྱོགས་གཏན་ཁེལ་བྱེད་པ་དང་། དེ་ནས་སྦྲུལ་ཤུན།  དུང་ཤུན།  བྱ་དེ།  ཁྱི།  ཉ། ཕག་ཤ་སོགས་གང་འཚམ་གྱིས་གྲ་སྒྲིག་བྱས་ཏེ། ཕག་ཤ་དང་ལག་དམར་གྱི་གོན་པ། སྦྲུལ་ཤུན། དུང་ཤུན་སོགས་གཙབ་ཤིང་སྟེང་བཞག་ནས་སྔགས་ཟློ་བ་རེད།  ཁྱི་ཤ་ལ་སོགས་མཆོད་པ་འདིས། ། དྲག་པོའི་ལྷ་དེ་ཕེབས་པར་གསོལ། ། ཞེས་སྔགས་ཟློ་བ་དང་། དེ་ནས་མི་ཆེ་གེ་མོ་རྒྱུ་རྐྱེན་ག་གེ་མོའི་དབང་གིས་གཞན་གྱིས་བརྙས་བཅོས་དང་དབུལ་བོར་གྱུར་པ་ལ། ཞུ་གཏུག་བྱས་ཀྱང་ཕམ་པར་གྱུར་པ་དང་། དྲག་པོའི་དཔུང་གིས་བརྙས་བཅོས་བྱས་ཏེ།  སྡུག་བསྔལ་གྱི་གནས་སུ་ལྷུང་བ་རྣམས་དྲག་པོའི་ལྷ་ཁྱེད་དངོས་སུ་ཕེབས་ནས་དྲང་བདེན་སྐྱོང་རོགས། ལྷ་གང་ཞིག་དུས་ནམ་དང་ཕྱོགས་གང་ལ་ཕེབས་ནས། ཡུལ་དུས་གང་དུ་སྐྱེས་པའི་མི་ངན་དེ་ཚར་ཆོད་ཅིག་ཅེས་དམོད་བོར་རྗེས།  སྦྲུལ་ཤུན་གྱིས་ལག་དམར་གྱི་གོན་པ་སོགས་བསྡམས།     དུང་གི་སྐོགས་ཤུན་བཅག་སྟེ་ལག་དམར་བསད་པ་མཚོན་ཞིང་།    བྱ་དེ་གཅིག་བཟུང་སྟེ་སྐེར་གྲིས་གཅིལ་ནས་འགྲོ་རུ་འཇུག་པ་དང་། བྱ་མགོ་དགྲ་ཕྱོགས་སུ་འགྱེལ་ན་དགྲ་བོ་བསད་པར་གོ །  ཡང་ན་བཙོས་ཏེ་མིག་ལ་ལྟ་བ་རེད།—————①སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《འཇུ་མི་ཕམ་བཀའ་འབུམ》པོད་ཨེའི་ཤོག་ངོས150ནས151བར་གསལ།  
           མིག་བཙུམ་ཡོད་ན་དགྲ་བོ་བསད་པ་དང་མེད་ན་མཐུ་ནུས་མ་ཐོན་པ་མཚོན།”①ཞེས་གདོད་མའི་བོད་ལུགས་ལས་འབྱུང་བའི་དམོད་མའི་ཆོ་ག་དང་ཧ་ཅང་ཆ་འདྲ་བ་ཡིན། གནའ་བོའི་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་སོགས་སུའང་དམོད་བོར་བའི་མཐུ་ནུས་མང་དུ་བརྗོད་ཡོད་དེ། ཏུན་ཧོང་ཡིག་རྙིང་དུ་འཁོད་པའི《རཱ་མ་ཎའི་རྟོགས་བརྗོད》ལས། ལྷ་ཆེན་དབང་ཕྱུག་གི་བཙུན་མོ་ལྷ་མོ་ཨུ་མས་སྲིན་པོ་ལང་ཀ་མགྲིན་བཅུ་སྤུན་མཆེད་གསུམ་ལ། ལྷ་དབང་ཕྱུག་གི་དངོས་གྲུབ་མི་གནང་ན་ངའི་དངོས་གྲུབ་སྦྱིན་ན་ཆོག་གམ་ཞེས་བཤད་པ་ན།  ངེད་ཅག་ལ་ལྷ་ཆེན་དབང་ཕྱུག་གི་དངོས་གྲུབ་འདོད་པ་ལས། ངན་པ་བུད་མེད་ཀྱི་དངོས་གྲུབ་མི་འདོད་ཅེས་སྨྲས། དེནས་ལྷ་མོ་ཨུ་མ་ཁྲོས་ནས་དངོས་གྲུབ་མི་འདོད་ན་མི་འདོད་ཅེས་བཤད་པས་ཆོག་མོད། ངན་པ་བུད་མེད་ཅེས་སྐྱོན་བརྗོད་དགོས་དོན་ཅི་ཡོད། ཁྱེད་ཅག་ནམ་ཞིག་ན་བུད་མེད་ཀྱིས་བརླག་པར་གྱུར་ཅིག་ཅེས་དམོད་པ་བོར།
           དེ་ནས་ཡང་ལྷ་ཆེན་དབང་ཕྱུག་གི་བློན་པོ་པྲ་ཧ་སྡེ་ཡིས། ངའི་དངོས་གྲུབ་བླང་ན་མི་འདོད་དམ་ཞེས་སྨྲས་པར། འཇིག་རྟེན་གྱི་གཙོ་བོ་ལྷ་ཆེན་དབང་ཕྱུག་གི་དངོས་གྲུབ་འདོད་པ་ལས། ངན་པ་སྤྲེའུ་དང་འདྲ་བའི་དངོས་གྲུབ་མི་འདོད་ཅེས་སྨྲས་པས། པྲ་ཧ་སྡེ་ཁྲོས་ཏེ་ངས་ཀྱང་ཁྱོད་རྣམས་ལ་ཕན་འདོགས་པར་བསམས་ནས་དངོས་གྲུབ་སྦྱིན་འདོད་པ་ཡིན་པས། དངོས་གྲུབ་མི་འདོད་ན་མི་འདོད་ཅེས་བརྗོད་པས་ཆོག་མོད། ངན་པ་སྤྲེའུ་དང་འདྲ་བ་ཞེས་སྐྱོན་བརྗོད་བྱ་ཅི་དགོས།  ཁྱོད་ནམ་ཞིག་ན་སྤྲེའུ་ཡིས་བརླག་པར་གྱུར་ཅིག་ཅེས་དམོད་པ་བོར་བས། མཐར་བཙུན་མོ་སི་ཏ་རྩོད་གཞི་རུ་གྱུར་ཏེ་གཡུལ་འགྱེད་བྱས་ཤིང་། སྤྲེའུ་ཧ་ནུ་མན་གཙོ་བྱས་པའི་སྤྲེའུའི་དཔུང་ཆེན་པོའི་རྒྱབ་རོགས་ལ་བརྟེན་ནས་སྲིན་པོའི་སྡེ་ཚན་བརླག་པར་བྱས་པ་དང་།  རྒྱལ་པོ་རཱ་མ་ཎའི་བཙུན་མོ་དམ་པ་སི་ཏས། བདག་མ་འཐད་ན། སྐྱེས་བུ་སུས་བདག་ལ་རེག་པ་ཙམ་གྱིས་འཚིག་པ ར་གྱུར་ཅིག་ཅེས་དམོད་པ་བོར་བས། སི་ཏ་རང་ཉིད་མ་འཐད་ན། སུས་རེག་—————① 孙秋云主编:《文化人类学教程》,民族出版社,2004年,第284页。               ན་འཚིག་པར་འགྱུར་བ་དང་། རྒྱལ་པོ་རཱ་མ་ཎའི་ནུ་བོ་ལག་ཤ་ན་ཡིས། བདག་གི་སེམས་ལ་དྲན་པ་གཡོ་སྒྱུ་མེད་པ་ཡང་དག་པ་ཡིན་ན། ནམ་ཞིག་ན་ཁྱེད་བཟའ་ཟླ་གཉིས་འཁོན་པར་གྱུར་ཅིག་ཅེས་དམོད་པ་བོར་བས། ལི་ཙ་བྱིད་ཀྱི་ཆུང་མ་འཕྱོན་མ་ཞིག་གི་ཁ་ལ་ཉན་ནས་རྒྱལ་པོ་རཱ་མ་ཎ་དང་བཙུན་མོ་སི་ཏ་གཉིས་བཟའ་འཁོན་བྱུང་①ཚུལ་སོགས་དམོད་མོའི་མཐུ་ནུས་གསལ་བོར་བརྗོད་ཡོད། 《རིག་བྱེད་གཏམ་རྒྱུད་བདམས་བསྒྲིགས》ལས། སྔོན་དབང་ཕྱུག་གི་ཆུང་མ་གཉིས་པ་གངྒཱ་མ་ལ་བུ་སྐྱེས་པའི་ཚེ་ཨུ་མས་ཁྱོད་ལ་བུ་སྐྱེས་པ་ཇི་འདྲ་རེད། བདག་ལ་སྟོན་ཅིག་ཅེས་པར། གངྒཱ་མས་བུ་སྟོན་མ་འདོད་པར་ངའི་བུ་ལ་མགོ་མེད་དོ་ཞེས་བུ་མ་བསྟན་པ་ལ། ཨུ་མ་ཁྲོས་ཏེ་ཁྱོད་ཀྱི་བུ་ལ་མགོ་མེད་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་བུ་ལ་མགོ་མེད་པར་གྱུར། དེ་ནས་གངྒཱ་མ་འཁོར་བཅས་ཀྱིས་ཨུ་མ་ལ་བཟོད་གསོལ་ཡང་ཡང་ཕུལ་བས། ཨུ་མས། འོ་ན་མགོ་བྱང་དུ་བསྟན་པའི་རོ་གང་རྙེད་ཀྱི་མགོ་སྦྱོར་ཅིག་ཅེས་པ་ལ། ཕྱོགས་གང་དུ་བཙལ་ཀྱང་རོ་གསར་བ་ཞིག་མ་རྙེད་ནས། གླང་བོ་ཆེ་ཞིག་གི་རོ་རྙེད་པའི་མགོ་སྦྱར་བ་ནས་གླང་གདོང་བྱུང་།②ཞེས་དམོད་པའི་ངག་ལ་མཐུ་ཆེ་བས་དམོད་གྲུབ་སྟེ་ངག་མཚོན་ཆ་ལྟ་བུ་ཡིན་ཚུལ་མང་དུ་འཕྲོས་པ་འདིས་གནའ་དེང་གི་སྤྱི་ཚོགས་ཁྲོད་བར་མ་ཆད་པར་དམོད་མོའི་མཐུ་ནུས་ལ་ཡིད་ཆེས་བྱས་པ་ངང་གིས་ཤེས་ནུས་སོ།  །
           དམོད་ཚིག་བརྗོད་ན་དེ་བཞིན་དུ་འགྲུབ་པར་འདོད་ཅིང་།  སྔགས་འཆང་ནུས་ལྡན་དག་བོས་ཏེ་སྐྱབས་འཆོལ་བ།  ཡི་དམ་འཁོར་བཅས་རྣམས་སྐུལ་བར་བྱེད་པའི་སྔགས་ཟློ་བ། འཇིག་རྟེན་ཏུ་དྲེགས་པས་ཁེངས་པར་རློམ་པའི་ལྷ་ཀླུ་གཉན་བཙན་ལ་——————① བསོད་ནམས་སྐྱིད་དང་དབང་རྒྱལ་གཉིས་ཀྱིས་བསྒྲིགས་ཤིང་། 1983ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》གྱི་ཤོག་ངོས148དང149、159བཅས་སུ་གསལ། ②བསྟན་འཛིན་གྱིས་བསྒྲིགས་ཤིང་། 1997ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《རིག་བྱེད་གཏམ་རྒྱུད་བདམས་བསྒྲིགས》ཀྱི་ཤོག་ངོས47་པར་གསལ།  སོགས་པའི་མཐུ་སྟོབས་ཆེ་བ་ཀུན་ལ་གསོལ་མཆོད་བྱེད་ཅིང་།  དེའི་མཐུས་དགྲ་སྡེ་རྣམས་ཚར་བཅད་ནས་ལམ་བདེ་བ་ལ་སྦྱོར་བར་འདོད་པ་ནི་དགེ་བའི་ལས་སུ་མི་འགྲོ་སྟེ། གཞན་ལ་གནག་འདོད་ཀྱི་ཀུན་སློང་ངན་པ་ཁོ་ན་ཡིན་པས་རིང་དུ་སྤོང་བར་གྱིས། དེང་སང་ཡང་། མང་ཚོགས་ཕལ་བ་རྣམས་ལྟ་ཅི་སྨོས། མཐོ་རིམ་ཤེས་ལྡན་པའི་ནང་ནའང་། སྡོད་ས་དཔྲལ་བ་བྱས་ནས། །  མིག་ལ་ཐལ་བ་འདེབས། ། ཞེས་པའི་དཔེ་ལྟར། གཞན་རྐང་སྟེགས་བྱས་ཏེ་རང་ཉིད་ཀྱི་ཁེ་གྲགས་ཀྱི་སེམས་ཁམས་ཚིམས་པར་བྱས་རྗེས། བསམ་པ་ངན་པས་དེ་ལ་གནོད་འཚེ་བྱེད་ཅི་ཐུབ་བྱེད་ཅིང་།  གཞན་ལ་ལེགས་པ་སྣ་གཅིག་བྱུང་བ་མཐོང་ཡང་ཕྲག་དོག་གིས་མི་བཟོད་པའི་ཟུག་རྔུ་སྐྱེ་བ་ཡིན་པས། བྱང་སེམས་ཀྱི་གཤོག་པ་བརྒྱངས།  །  ཞེ་སྡང་གི་སྡེར་མོ་བསྐུམས།  ། ཞེས་པའི་གཏམ་འདི་ཀུན་གྱི་གནད་དུ་འཛིན་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1