༄༅།། གྲིབ་མ།

བརྡར། རྩོམ་སྒྲིག་པ།ཡོང་ཁུངས།གངས་དཀར་རི་བོ། སྤེལ་དུས། 02-07


བརྡར། (དཀར་མཛེས)


        ས་སྲོད་ཅིག་ལ། འུ་ཚང་གི་ཁང་པའི་དུ་སྤྲིན་པ་ལེབ་མོ་ཞིག་ལྡང་ཞིང་།
        སྤྲིན་ངོགས་ཀྱི་ནག་ཐིག་གིས་ཉི་མའི་འོད་སྣང་གློ་བུར་སྒྲིབ་དུས། ངས་ས་གཞིའི་ཕང་བར་ཁྱེར་བའི་སྤྲིན་ནག་བདའ་བཞིན་ཕྱིར་ཡུལ་ལ་ལོག དེ་དུས་ཕ་ཡུལ་ན་ང་དང་རིག་རྒྱམ་ཚང་གི་ཨ་ཡས་བགྲེས་མོ་ལས་གཅིག་ཀྱང་མི་འདུག གྱང་སྟེང་གི་མིའི་གྲིབ་མ་དེ་དེད་ཙམ་དེད་ཙམ་བྱེད་ཅིང་། ལྷས་ཀྱི་ནོར་ཁྱུས་རྭ་ཅོ་དང་རྔ་མ་གཡུགས་གཡུགས་འགའ་བྱེད་པ་ནི་ཁང་ས་ནག་རོག་གེར་ཡོད་པ་དག་གི་སྒོ་མོ་རྡེབ་པ་དང་མཚུངས་ལ། ཁྱི་ཁང་གི་གུད་ལ་རླུང་ནག་འཚུབ་དེ་ལོ་མ་འགའ་མར་ལྷུང་བ་དང་ཡང་མཚུངས། ངས་དེ་ལྟར་ཁང་པའི་སྒོ་མོ་གཏན་ནས་མི་ལོ་མང་པོར། མཚམས་མེད་པར་ལུང་ཁོག་ཅིག་ནས་གཅིག་པུར་བསྡད། ཡང་གཅིག་བཤད་ན་ངས་དེ་ལྟར་མེས་པོའི་མེས་པོ་དག་གི་ཁ་ཆར་བུ་ཡུག་ཁྲོད་ཀྱི་གཏམ་རྒྱུད་དག་བཀླགས་ནས་རྗེས་ཀྱི་བུ་ཚ་དག་གཏིང་བརྗེད་དུ་གྱུར།
        ངའི་ཕུ་བོ་ལོ་འགའི་སྔོན་ཏུ་གྲོང་ཁྱེར་དུ་ཕྱིན་སོང་། ཁོ་རང་སོང་ནས་མི་ལོ་ག་ཙམ་འགོར་ཟིན་པ་ངས་ཏན་ཏན་ཞིག་མི་ཤེས། ད་དུང་མུ་མཐུད་དུ་མི་ལོ་ཅི་ཙམ་ལ་འདུག་སྲིད་པའང་གཏན་ནས་མི་ཤེས། ངས་བསམ་ན་ང་ཚོ་ནི་མི་ལོ་མང་པོར་སོ་སོར་གྱེས་ཏེ་ས་ཕྱོགས་རེ་རེ་ན་བྱིས་པ་བཞིན་དགུང་ཁའི་ཉི་འོད་ཀྱི་སོར་རྩེ་ན་དལ་མོར་འགུལ་གྱིན་ཡོད་ཨང་སྙམ། ཡང་ན་རང་དབང་མེད་པར་གཞན་གྱི་འཇིག་རྟེན་ནས་འཚོ་བཞིན་ག་ལེར་རྒས་འགྲོ་ཨང་སྙམ་ཡོང་། མི་རྣམས་དེ་ལྟར་བསམ་དབང་དྲན་དབང་མེད་པར་གཞན་ནས་གཞན་དུ་འཚོ་བའི་རྒྱུ་མཚན་ག་རེ་ཡིན་མིན་ངས་མི་ཤེས་ལ་ངས་ཕ་མེས་ཡང་མེས་དག་གིས་ཀྱང་མི་ཤེས།
ནམ་རྒྱུན་ང་རང་ཆུ་བོའི་ཕ་རོལ་གྱི་རིག་རྒྱམ་ཚང་གི་ཨ་ཡས་བགྲེས་པོ་དེ་དང་མཉམ་དུ་ཙོག་ནས་ཉིན་ཞག་གང་མང་ཞིག་གི་མགོ་རྔ་ཕུད་དུས། ཁོ་ཚོའི་རང་རང་གི་མི་ལོ་མང་པོ་ཇི་ལྟར་བཏང་བ་ལ་བསམ་བློ་བཏང་མི་འདུག་ལ། མི་ལོ་དེ་འདྲ་མང་པོ་ཞིག་སུ་ཞིག་གི་ཆེད་དུ་བཏང་བའང་ཚོད་ཚོད་ཅིག་བཤད་རྒྱུ་མི་འདུག ད་ལྟ་ཁོ་མོས་རང་གི་བུ་ཕྲུག་ཚོ་རང་ས་རང་ཡུལ་ནས་མི་འདུག་པར་ཁོ་མོ་དང་ཁ་ཐག་རིང་བའི་འཇིག་རྟེན་དུ་འཚོ་ནའང་། རྒྱུ་མཚན་ག་འདྲའི་ཆེད་དུ་ང་ཚོ་དེ་ལྟར་འཚོ་དགོས་མིན་མི་ཤེས་ཟེར། ངས་རྒྱུན་ཏུ་ཁོ་མོའི་ཉམས་ཐག་ཅིང་ཡི་མུག་པའི་མིག་ཟུང་དེ་མཐོང་ཚེ། དུས་ཚིགས་མང་པོ་ཞིག་བརྒལ་ཐུབ་ཀྱིན་མེད་པ་རྟོགས་ཤིང་། དེ་ལ་ད་དུང་ཚེ་རབས་ཤིག་ལས་ཀྱང་རིང་བའི་གཏམ་རྒྱུད་མང་པོ་གློད་རྒྱུ་ཡོད་པ་ཚོར། དེ་ནི་ཕྱེ་མ་ལེབ་ཅིག་གིས་ཆུ་ཕྲན་ལྷུང་ལྷུང་འབབ་པའི་དབྱར་ལྗོངས་ཤིག་ལ་སྒུག་པ་ནང་བཞིན། ཡིན་ན་ཡང་། ཁོ་མོས་ད་ལྟ་སུ་ཞིག་ལ་བསྒུག་ནས་ཡོད་དམ། ཁོ་མོ་སུ་ཞིག་གི་འཇིག་རྟེན་ན་འཚོ་བཞིན་ཡོད་དམ། དེ་དག་ཡོད་ཚད་ང་ཚོ་སུས་ཀྱང་ཤེས་མི་སྲིད།
        མི་མང་པོས་འབྲོག་ས་ནས་མི་ལོ་མང་པོར་མི་ཚེ་ཇི་ལྟར་བཏང་བ་ནི་ཅི་ཡང་བཤད་རྒྱུ་མེད་པའི་སྤྱིར་བཏང་གི་སྐད་ཆ་ཞིག་རེད། དེ་ལྟར་རྒས་ནས་ཤི་བའང་སྤྱིར་བཏང་གི་གོམས་སྲོལ་ཞིག་རེད། འབྲོག་ས་ནས་མཚན་ཞག་ཐེངས་ཤིག་ལ་བསྡད་པ་དང་། ས་དེ་ནས་དུས་ཚོད་གཅིག་དང་། ཡང་ན་སྐར་ཆ་འགར་གཉིད་པ་ནི་ཚོད་ཚོད་ལ་མི་ལོ་མང་པོ་ཞིག་ཕར་བསྐྱལ་བ་དང་མཚུངས། གྲོང་ཁྱེར་ནས་མཚན་ཞག་ཅིག་ལ་ཆང་བཏུང་སྟེ་སྐད་ཆ་གློད་པ་ནི། གནའ་མི་མང་པོ་ཞིག་ཇག་ལ་འགྲོ་ཚུལ་དང་མཚུངས། ངས་དེ་ལྟར་དོན་དག་མང་པོ་ཞིག་དྲན་བཞིན་ཁང་མིག་འདིའི་ནང་ནས་ཕྱི་རོལ་གྱི་ཤིང་སྡོང་ལ་ཡང་ཡང་བལྟས། དེའི་སྟེང་གི་བྱིའུ་དང་ལོ་མ། ནམ་མཁའ་དང་ས་རྡུལ་ལ་དལ་མོར་བལྟས་མྱོང་། ནགས་སྡོང་མང་པོ་ཞིག་གསར་དུ་འབུས་ཏེ་སླར་ཡང་ས་རྡུལ་དང་མཉམ་དུ་ཡལ་འགྲོ། རླུང་བུ་གྲང་མོ་ཞིག་ས་ཁང་འདིའི་ནང་ལྡང་མ་མྱོང་བ་ཇི་བཞིན། འབྲོག་ས་འདི་ནས་མི་མང་པོ་ཞིག་ལུང་ཁོག་འདིའི་ཕྱི་ལ་འགྲོ་མྱོང་མེད། འགྲོ་མ་མྱོང་བའི་རྐྱེན་གྱིས་ནམ་མཁའ་སྔོན་པོ་འདིའི་འོག་ནས་ནོར་གྱི་རྗེས་སུ་འདུར་རྒྱུགས་བྱས་ཏེ་དལ་མོར་ནར་སོན་པ་ན། དགུང་ཁའི་ཉི་འོད་ཀྱི་ཁྲོད་དུ་མི་གཉིས་ཀྱི་གྲིབ་མ་གྱང་ངོགས་སུ་དེད་ཡོང་། དེ་ནས་མི་ལོ་མང་པོ་ཞིག་འགོར་རྗེས་ཀྱི་གྱང་གས་མ་དག་གི་གུད་དུ་། ཡར་སྔོན་གྱི་གྲིབ་མ་དེ་གཉིས་ལས་གྲིབ་མ་འགའ་ལྡབ་འགྱུར་གྱིས་འཕར་ཡོད་ངེས། དེའི་རྗེས་ཀྱི་མི་ལོ་མང་པོར། གྲིབ་མ་དག་གཅིག་རེ་གཉིས་རེ་བྱས་ཏེ་གར་སོང་ཆ་མེད་དུ་འགྱུར་ངེས།
        འཁྱགས་རླུང་དྲག་ཏུ་ལྡང་བའི་མཚན་མོར། ང་རང་མུན་པ་སྔས་སུ་བཤམས་པའི་སྒེའུ་ཁུང་འགྲམ་གྱི་ཚ་ཐབ་སྟེང་ཙོག་སྟེ། ཕར་ཁའི་མཚན་ངོགས་ཀྱི་གློག་འོད་མཆེད་པའི་ཁྱིམ་ཚང་དག་གི་སྒེའུ་ཁུང་བརྒྱུད་ནས་ནང་གི་ཁྱིམ་མི་རེ་རེའི་གདོང་ལ་ཞིབ་མོར་བལྟས། ཁྱིམ་ཚང་རེས་ཞག་སྒྲོན་གྱིས་མི་ལོ་མང་པོར། མི་རེ་རེའི་མི་ཚེ་ཞིག་དེ་ལྟར་གཟི་བརྗིད་ངང་གསལ་དུ་འཇུག་ཅིང་། དེའི་རྗེས་ཀྱི་མི་ལོ་མང་པོར་ཁོ་ཚོའི་དམར་སྨུག་གི་ངོ་གདོང་དེ་དག་སྐམ་སའི་བྱང་ཁུལ་གྱི་གཙང་བོར་ནུབ་དུ་འཇུག་སྲིད།
        ད་ལྟ་རིག་རྒྱམ་ཚང་གི་སྐམ་རིད་དུ་གྱུར་བའི་ཨ་ཡས་བགྲེས་མོས། ཆུང་དུས་རང་གི་རྩེ་ས་གྲུ་བཞི་དེ་དྲན་ཞིང་། མེས་རྒྱལ་ཞེས་པའི་ཡིག་འབྲུ་དེ་ཡང་ཡང་མིད་ཐག་ལས་འགུལ་བར་བྱེད། མིག་ཟུང་ཀེམ་ཀེམ་གཡོ་བཞིན་ལྷ་སྒྲུང་ལྟ་བུའི་དམངས་ཕལ་བ་དག་ཁ་ལྕེ་གྱོལ་བོ་དེའི་ནང་ནས་དལ་མོར་གཏོང་གིན་འདུག ཡིན་ནའང་ལོ་མང་པོ་ཞིག་གི་ཡར་སྔོན་ལ་ཁོ་མོས་དེ་དག་བརྗེད་ནས། རང་གི་གཉེན་ཉེ་དང་ཁ་ཐག་རིང་བའི་གྲོང་སྡེ་ཞིག་དུ་འཚོ་བཞིན་ཡོད། ས་དེའི་རི་བོ་དང་ནམ་མཁའ། ནགས་ཚལ་དང་སྒོ་ཕྱུགས་ཐམས་ཅད་ཁོ་མོའི་ཡིད་ལ་མི་གཡོ་ཞིང་ཐ་ན་ཆུ་བོ་དང་དེའི་ནང་གི་གསེར་ཉ་དག་གིས་ཀྱང་ཁོ་མོའི་ཡིད་ཀྱི་མཛེས་སྡུག་དེ་སྣོག་མི་ཐུབ། ཡིན་ན་ཡང་ཁོ་མོས་དེ་ལྟར་ཡོད་ཚད་ཐམས་ཅད་བློས་བཏང་ནས་འཚོ་བ་རོལ་འགོ་བརྩམས་པ་ཡིན་ཟེར། ངས་དེ་ལྟར་ཁོ་མོ་དང་ཁ་བརྡ་གློད་རྗེས། ད་དུང་རང་གི་གཉེན་ཉེ་དང་བཅས་པའི་མི་མང་པོ་ཞིག་ལ་ཁ་བརྡ་གློད་ཐུབ་ཀྱིན་མེད་པ་རྟོགས། ས་སྒང་འདིའི་སྟེང་གི་ཁ་བརྡ་གློད་མ་ཐུབ་པའི་མི་རྟ་མང་པོ་ཞིག་ས་རྡུལ་འཐིབ་ཀྱིན་པའི་ཡིག་ཁོག་འདི་དག་གི་ནང་ནས་རྙེད་མ་སོང་། དུ་བ་ལང་ལོང་དང་དམག་དར་འཚུབ་བེར་གཡོ་བའི་ར་རོའི་ངོ་གདོང་སྙིང་ཚིལ་ཅན་དག་རྙེད་མ་སོང་།
ས་སྲོད་ཀྱི་དུས་འདིར། མིག་ལམ་དུ་ལྷག་པར་སྣང་བ་ནི་གྱང་སྟེང་ན་རྩེད་མོར་གཡེང་བའི་གྲིབ་མ་དེ་གཉིས་རེད། གྲང་རླུང་དང་ས་རྡུལ་གྱིས་བཏུམས་པའི་ལག་པའམ་མགོ་བོ་གང་ཞིག་གི་གྲིབ་མ་རེད། དེ་གཉིས་ཀྱིས་ངའི་སྐྱིད་སྡུག་ལ་ལག་བརྡ་གཏོང་མ་མྱོང་ལ། རི་ལུང་འདིའི་ཕ་རོལ་ཅི་འདྲ་ཞིག་ཡིན་མིན་ལ་རྒྱང་བལྟ་བྱས་མ་མྱོང་།
        ངས་བསམ་ན། ངའི་རང་གི་ཕ་མེས་ཡང་མེས་དག་གི་མིང་མི་ཤེས་པ་ཇི་བཞིན། ནམ་ཞིག་ངའི་རང་གི་བུ་ཚ་ཡང་ཚ་དག་གིས་ཀྱང་ངའི་མིང་དེ་ཤེས་མི་སྲིད་ལ། ཀ་བཞི་གདོང་དྲུག་ལ་རྨང་བཏིངས་ཚུལ་ལམ་ཚ་ཐབ་ཀྱི་འགྲམ་ནས་མ་སྲུ་གང་ཞིག་དང་མཉམ་དུ་གདུང་རབས་དུ་མའི་ས་བོན་བཏབ་པའང་ཤེས་མི་སྲིད། ང་ཚོ་མི་ལོ་མང་པོར་བྱ་བ་གཅིག་ཙམ་གྱིས་གཏན་དུ་བགགས་ཀྱང་སྲིད་དེ། དེའི་འོག་ནས་མིང་དང་ཐ་སྙད་མང་པོ་ཞིག་བློས་བཏང་ནས་འགྲོ་སྲིད། ད་ལྟ་ངའི་ཕ་ཡུལ་གྱི་མི་དག་ནི་མི་ཚོགས་དང་རིང་དུ་གྱེས་བཞིན་ཡོད། སྡོང་བོར་ལོ་མ་འཐོར་བ་དང་ཆུ་ལ་འགྲམ་དར་ཆགས་དུས། འབྲོག་ཐང་འདིར་སྐྲ་ལོ་གཟེངས་ཅིང་སྐེད་པ་སྒུར་བའི་གྲིབ་མ་ཞིག་གཅིག་པུར་ཡུལ་ལ་ཡོད་སྲིད། ངས་དེ་ལྟར་ས་ཁང་དེའི་ནང་ནས་རང་གི་ངོ་གདོང་དང་ལག་པ་ལ་ཡང་ཡང་བསྙབས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1