༄༅།། ཤྭ་ཁ་གངས་རིའི་མིང་གི་འབྱུང་ཁུངས་རགས་ཙམ་བརྗོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 06-18




ཤྭ་ཁ་གངས་རིའི་ཡུལ་ལྗོངས། (པད་མ་ཚེ་རིང་གིས་པར་བླངས།)
       ཤྭ་ཁ་གངས་རི་ནི་སེམས་ཀྱི་ཉི་ཟླའི་རྫོང་མཁར་ལྷོ་ནུབ་ཀྱི་སྤྱི་ལེ་7ཡས་མས་སུ་གནས་ཡོད་ལ། རི་རྩེ་མཐོ་ཤོས་ལ་མཚོ་ངོས་ལས་མཐོ་ཚད་སྨི་4449.5དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་65ལྷག་ཡོད་པ་རེད། གངས་རིའི་བྱང་ཕྱོགས་ནི་ནགས་ཕག་མཚོ་དང་འབྲེལ་ཡོད་པ་དང་། ཤར་ཕྱོགས་སུ་དགེ་ལུགས་པའི་དགོན་སྡེ་སུམ་རྩེན་གླིང་དང་རྡོ་མཁར་རྫོང་ཆགས་ཡོད་པ་རེད། ས་འདིའི་ཡུལ་མི་རྣམས་ཀྱིས་བཤད་སྲོལ་དུ་ཤྭ་བ་ནི་སངས་རྒྱས་ཆོས་ལུགས་དང་འབྲེལ་བ་ཡོད་པ་མ་ཟད།  གདོན་བགེགས་བར་ཆད་སེལ་བ་དང་ཚེ་རིང་ཞིང་བཀྲ་ཤིས་པའི་རྟགས་མཚན་ཞིག་ཡིན་ཟེར།
       ཤྭ་ཁ་གངས་རིའི་མིང་གི་འབྱུང་ཁུངས་ཡང་སངས་རྒྱས་ཆོས་ལུགས་དང་འབྲེལ་བ་ཡོད་ལ། དེ་ཡང་སངས་རྒྱས་ཤཱཀྱ་ཐུབ་པས་དམ་པའི་ཆོས་གསུངས་བའི་སྐབས་སུ་སྔ་ཕྱི་བར་གསུམ་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཐེངས་གསུམ་བྱས་ཡོད་དེ། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ལྔ་སྡེ་བཟང་བོ་ལ་བདེན་བཞིའི་ཆོས་འཁོར་དང་།  བྱ་རྒོད་ཕུང་བོའི་རིར་བྱང་ཆུབ་སེམས་དཔའ་མང་བོ་ལ་མཚན་ཉིད་ངོ་བོ་ཉིད་མེད་པའི་ཆོས་འཁོར། ཡངས་པ་ཅན་ལ་སོགས་པའི་གནས་སུ་ལེགས་པར་ཕྱེ་བའི་ཆོས་འཁོར་སྟེ་ཆོས་ཀྱི་འཁོར་ལོ་གསུམ་བསྐོར་པ་རེད།  རང་རེའི་བོད་ཁ་བ་ཅན་གྱི་དགོན་སྡེ་ཁག་གི་ཡང་རྩེར་རི་དྭགས་ཤྭ་བ་དང་འཁོར་ལོ་སོགས་བཀོད་ཡོད་པའི་རི་དྭགས་ཀྱི་ཆོས་འཁོར་ནི་སེམས་ཅན་ཐམས་ཅད་དམ་པའི་ཆོས་ལ་ཁུག་པའི་དོན་ཡིན་ལ།   རི་དྭགས་ཕོ་མོ་གཉིས་པོས་ཆོས་འཁོར་གྱི་རྩེ་མོར་བློ་རྩེ་གཅིག་ཏུ་ལྟ་བ་ནི།  ཕྱི་ནང་གི་གྲུབ་མཐའ་འཛིན་མཁན་གང་ཟག་སུ་འདྲ་ཞིག་ཡིན་ཡང་། མཐར་ཐུག་འབྲས་བུ་སྐུ་གསུམ་ལ་དམིགས་ཤིང་། བགྲོད་པའི་ལམ་ནི་སངས་རྒྱས་ཀྱིས་བསྟན་པའི་ལམ་མཆོག་ལས་གཞན་གང་ཡང་མེད་པ་རབ་ཏུ་མཚོན་པ་དང་།  རི་དྭགས་ཕོ་མོ་གཉིས་ལས།ཐབས་དང་ཤེས་རབ་གཉིས་མཚོན་གྱི་ཡོད་པས།དོན་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་ན། ངེས་པར་དུ་ཐབས་དང་ཤེས་རབ་གཉིས་ཟུང་འབྲེལ་བྱ་དགོས་པའི་ནང་པ་སངས་རྒྱས་པའི་རིང་ལུགས་གཏིང་ཟབ་ཞིག་མཚོན་གྱི་ཡོད་པས།དད་ལྡན་གྱི་མང་ཚོགས་རྣམས་ཀྱིས་གངས་རིའི་མིང་ལ་ཆོས་ལུགས་དང་འབྲེལ་བའི་མིང་འདོགས་པ་མ་ཟད་རང་ཉིད་ཀྱི་བླ་རིར་བརྟེན་པ་རེད།
       ཤྭ་ཁ་གངས་རིའི་མངལ་དུ་རིན་ཐང་ཆེ་བའི་སྐྱེ་དངོས་དང་སྨན་རིགས་སྣ་ཚོགས་ཡོད་པ་མ་ཟད།འཛམ་གླིང་སྟེང་རིགས་ཧ་ཅང་དཀོན་པའི་སྲོག་ཆགས་ཡང་མང་པོ་ཡོད་པ་རེད། ཐོག་མའི་བསྡོམས་རྩིས་བྱས་པ་ལྟར་ན།ལྗོངས་ཁུལ་དུ་སྐྱེ་དངོས་མི་གཅིག་པ་རིགས་399ལྷག་ཡོད་ལ། འདིའི་ཁྲོད་དུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྐྱེ་དངོས་རིགས་12ཡོད་དེ།དཔེར་ན། བེ་ཤྭ་དང་གྲོ་མ་སོགས་ཡོད་པ་རེད། རིགས་དཀོན་ཞིང་རིན་ཐང་ཆེ་བའི་སྨན་རྩ་རིགས་151ཡོད་དེ།དཔེར་ན། དབྱར་རྩ་དགུན་འབུ་དང་ཤྭ་ར། ཨ་བི་ཁ། ཀྱི་ལྕེ་དཀར་པོ། འོམ་མོ་སེ། མེ་ཏོག་གངས་ལྷ་སོགས་རིགས་མང་པོ་ཡོད་པ་རེད།རི་སྐྱེས་བྱ་རིགས་དང་འོ་གསོའི་སྲོག་ཆགས་རིགས་100ཡན་ཡོད་པ། འདིའི་ཁྲོད་དུ་རྒྱལ་ཁབ་རིམ་པའི་གལ་ཆེའི་སྲུང་སྐྱོང་རི་དྭགས་རིགས་20ལྷག་ཡོད་དེ། དཔེར་ན། གཟིག་དང་ཁྲུང་ཁྲུང་སྐེ་ནག དོམ་ཕྲ་སོགས་རིགས་མང་པོ་ཡོད་པ་རེད།
དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཤྭ་ཁ་གངས་རི་ནི་གར་འགྲོ་མ་ཞིག་དང་འདྲ་བར། དུས་བཞིར་བཀྲག་མདངས་བཀྲ་བའི་ལྭ་བ་མང་པོ་བསྣབས་པས། ས་འདིའི་ཡུལ་མི་རྣམས་ཀྱི་མིག་དབང་བཀུགས་པ་མ་ཟད། གནས་འདིར་ལྗོངས་རྒྱུར་སླེབས་པའི་ལྟད་མོ་བས་མིག་གི་ཡིད་དབང་ཡང་འཕྲོག་པས་མི་ཡུལ་གྱི་ཤམ་བྷ་ལའི་སྣང་བརྙན་བསྐྲུན་པ་རེད།
   ཤྭ་ཁ་གངས་རི་ནི་ཡུན་བོད་ཇ་རྟའི་ཚོང་ལམ་བོད་ཁུལ་དུ་བརྒྱུད་པའི་གནས་རི་དང་པོ་ཡིན་ལ།གནས་རི་འདིས་བོད་ཀྱི་བཙན་པོ་དང་མཐའ་བཞིའི་རྒྱལ་ཁབ་རྣམས་མཛའ་མཐུན་དང་གཉེན་མཐུན་གྱི་འབྲེལ་བ་བཙུགས་པར་སྐུལ་བ་དང་། གནས་རི་འདིས་ལོ་རབས་ནས་ལོ་རབས་བར་ཇ་རྟའི་ཚོང་ལམ་དུ་བརྒྱུད་པའི་ཚོང་བ་ལ་བཀྲ་ཤིས་པའི་ཁ་གཡང་དང་ལམ་བདེ་ཡོང་བའི་ཁ་གཡང་། ཚོང་ལྷ་རྒྱས་པའི་ཁ་གཡང་ཡང་ཡང་འབོད་དང་འབོད་བཞིན་པ་རེད། གནས་རི་འདིས་སེམས་ཀྱི་ཉི་ཟླའི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་དང་ནད་མེད་ཚེ་རིང་ཡོང་བར་ཡུན་ནས་ཡུན་དུ་ཀྲོང་ངེར་འགྱིངས་ཡོད།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1