༄༅།།འཇམ་དཔལ་རྒྱ་མཚོ།

མཁའ་འགྲོ་ཚེ་རིང་། དཀོན་རྡོར་གྱིས་པར་བླངས། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 08-12


  ད་ལྟ་ང་ཚོས་རྒྱལ་ཁབ་ཕྱི་ནང་གི་གེ་སར་རིག་གཞུང་དཔྱད་གླེང་སྐོར་གྱི་ཚོགས་འདུ་ཆེ་ཆུང་ཅི་རིག་ན། དུས་རྟག་པར་དབུ་སྐྲའི་ཉག་མ་རེ་རེ་ཡིས་ཁ་བ་དཀར་པོའི་རང་མདངས་བཟུང་ཞིང་། བྱམས་དང་བརྩེ་བས་ཁེངས་པའི་འདྲེན་བྱེད་ཟུང་ལས་དུས་ནམ་ཡང་རྣམ་རིག་གསལ་ཞིང་། གྲུང་ཤ་དོད་པའི་ཉམས་འགྱུར་ཞིག་ཀུན་ནས་ངོམ་པའི་བགྲེས་སོང་ཞིག་མཇལ་ཐུབ། ཁོང་ནི་གཞན་མ་ཡིན་ཏེ། རྒྱལ་ཁབ་ཕྱི་ནང་ཡོངས་སུ་སྙན་པའི་གྲགས་པ་འབར་ཞིང་། གངས་ཅན་ཁ་བ་རི་བོའི་གེ་སར་རིག་གནས་ཞིབ་འཇུག་དང་དར་སྤེལ་ལས་དོན་ལ་མཛད་རྗེས་བླ་ན་མ་མཆིས་པ་བཞག་པའི་རྒན་འཇམ་དཔལ་རྒྱ་མཚོ་ལགས་རེད། ང་ཚོས་ཁོང་གི་མཚར་སྡུག་བཀྲ་བའི་མི་ཚེའི་འགྲུལ་བཞུད་ལ་ཕྱིར་བལྟ་ཞིིག་བྱས་པའི་ཚེ་ན། ཁོང་གིས་ཆུང་དུས་ཀྱི་དཀའ་སྡུག་བརྒྱུད་ནས་འཚོ་བ་ལ་འོད་སྣང་བསྐྲུན་ཞིང་།  ཁོང་གིས་ལོ་ཟླ་ཡི་གོམ་ཁ་བརྒྱུད་ནས་རྩོམ་རིག་གི་མེ་ཏོག་བསྐྱངས་ལ། ཁོ་རང་སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་ཞིང་སྦྱངས་སྟོབས་ཀྱི་ཡོན་ཏན་ལེགས་པས། དཔའ་བོའི་བསྟོད་པ་བརྗོད་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོའི་ཕྱི་ནང་གི་གསང་བ་རེ་རེ། ང་ཚོའི་མིག་གི་དགའ་སྟོན་དང་བསམ་པའི་ལོངས་སྤྱོད་དུ་ཕུལ་ཡོད།  དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི། ཁོས་ལོ་ཙཱ་བའི་ཐོབ་ཐང་ལ་བརྟེན་ནས་ལོ་རྒྱུས་ལ་བདེན་དཔང་མཛད་འདུག་པས། དངོས་གནས་འབྲས་ལྡན་ལྗོན་ཤིང་བཞིན་དུས་ཀྱི་ཉི་འོད་དང་བརྩོན་པའི་ཆར་ཆུ་མང་དུ་གཞིབ་ནས། ད་ལྟ་ལེགས་པའི་འབྲས་བུ་ཚར་དུ་དངར་བ་ཞིག་ཡིན་པས། གཤམ་དུ་ང་ཚོས་ཕྱོགས་གསུམ་གྱི་ཆ་ནས་རྒན་པ་འདིའི་དུས་ཀྱི་ཞབས་རྗེས་རེ་རེ་བཞིན་མཇལ་བར་བྱ། 
ལོ་ཙཱ་ཡི་ལམ་བུ་། 
 
  རྒན་འཇམ་དཔལ་རྒྱ་མཚོ་ལགས་ནི་1938ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འབའ་ཐང་རྫོང་གི་དུད་ཚང་དཀྱུས་མ་ཞིག་ནས་སྐྱེས་ཤིང་། ཁྱིམ་དུ་མིང་སྲིང་བདུན་ཡོད་ལ། ཨ་ཕ་རྒྱུན་པར་ཕྱི་ལ་ལས་ཀར་འགྲོ་དགོས་པས། འཇམ་དཔལ་རྒྱ་མཚོས་གསུངས་ན། ཨ་མ་གཅིག་པུས་ཁོང་གི་མིང་སྲིང་བདུན་པོ་གཉོར་སྐྱོང་གནང་ནས་འཚར་ལོངས་བྱུང་བ་རེད། སྐབས་དེར་སློབ་གྲྭར་ཞུགས་རྒྱུ་ནི་གཞན་གྱིས་བལྟས་ན་ཧ་ཅང་ཐབས་རྡུགས་ཀྱི་བྱ་བ་ཞིག་ཡིན་རུང་། འཇམ་དཔལ་རྒྱ་མཚོ་ལ་མཚོན་ན། དེ་ནི་མི་ཚེའི་རིན་ཐང་གསར་སྐྲུན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་པ་རེད། རྒྱུ་མཚན་ནི་1949ལོའི་ཟླ་12པར་འབའ་ཐང་རྫོང་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་ཤིང་། 1950ལོའི་ཟླ་6པར་བཅིངས་འགྲོལ་དམག་འབའ་ཐང་རྫོང་དུ་སླེབས་ཡོང་བས། སྐབས་དེར་འཇལ་དཔལ་རྒྱ་མཚོ་དགུང་ལོ་བཅུ་གཉིས་ལས་སོན་མེད་ཅིང་། སློབ་ཆུང་མཐར་ཕྱིན་རྗེས། ཁོང་གིས་སློབ་གྲྭར་འགྲོ་མཚམས་བཞག་ནས་བཅིངས་འགྲོལ་དམག་གི་ནང་ལ་ཞུགས་ཤིང་། སློབ་ཆུང་གི་དུས་ལ་རྒྱ་ཡིག་དང་རྒྱ་སྐད་ཅུང་ཟད་སྦྱངས་པའི་གྲུབ་འབྲས་དེ་ལ་བརྟེན་ནས། ལོ་ཙཱ་བ་ཆུང་ཆུང་ཞིག་གི་ལས་འགན་ཁུར་དུ་བླངས་པ་རེད། 
  རྗེས་སུ་བཅིངས་འགྲོལ་དམག་བོད་ལྗོངས་སུ་སླེབས་པ་ན། འཇམ་དཔལ་རྒྱ་མཚོ་ནི་ཏང་དང་རྒྱལ་ཁབ་ཀྱིས་ཆེད་དུ་གསོ་སྐྱོང་བྱེད་པའི་ལོ་ཙཱ་པའི་གྲས་སུ་ཚུད་ནས། བོད་ལྗོངས་དམག་ཁུལ་གྱི་སློབ་གྲྭའི་ནང་དུ་བོད་ཡིག་ཟབ་སྦྱོང་ལ་མངགས་པ་རེད། སྐབས་དེར་འཇམ་དཔལ་རྒྱ་མཚོ་ནི་རང་གི་སྐད་དང་ཡི་གེ་ལ་དུངས་ཞེན་ཟབ་མོ་སྐྱེས་པའམ། ཡང་ན་རང་ཉིད་ཀྱི་མི་ཚེའི་རིན་ཐང་དོན་དུ་གཉེར་བའི་ཕུགས་བསམ་བརྟན་པོ་ཞིག་ཡིད་ལ་བཅངས་པ་ཡིན་ནམ། གང་ལྟར་ཁོང་གིས་འཕྲད་དཀའ་བའི་གོ་སྐབས་བཟང་པོ་དེ་དམ་འཛིན་བྱས་ནས། བོད་ཀྱི་སྐད་དང་རིག་གནས་ལ་སྦྱངས་པ་གང་ལེགས་གནང་ནས་གྲུབ་འབྲས་ལེགས་པོ་ཞིག་ཐོབ་བྱུང་བས། 1954ལོར་ཕུལ་དུ་བྱུང་བའི་སྦྱངས་འབྲས་ལ་བརྟེན་ནས་ཁོ་རང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཆབ་སྲིད་ཚན་ཁག་ཏུ་སློབ་སྦྱོང་ལ་མངགས་པ་རེད། 
  ལྷོ་ནུབ་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་དུས་འཇམ་དཔལ་རྒྱ་མཚོ་ལགས་དགུང་ལོ་ཉི་ཤུ་ལྷག་ལས་སོན་མེད་ཀྱང་། སྔ་རྗེས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་གཉིས་ནང་ལོགས་སུ་ཕེབས་པའི་རིང་ལ། ཁོང་རྣམ་གཉིས་ཀྱི་དྲུང་དུ་འཚོ་བའི་སྐོར་གྱི་ལོ་ཙཱའི་ལས་འགན་བཞེས་པའི་སྐལ་བ་བཟང་པོ་ཞིག་ཚུར་ལ་ཤར་བ་དང་། ནང་སྒོས་སུ་1959ལོར། ཙུང་ལི་ཀྲོའུ་ཨུན་ལེན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་པར་ཐུག་འཕྲད་གནང་བའི་ཚེ་ན། འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་དངོས་སུ་པཎ་ཆེན་ཚང་གི་ལོ་ཙཱ་བའི་ལས་འགན་བཞེས་པས། རྗེས་སུ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཀྱང་ཁོང་ཉིད་གྲོགས་པོ་བཟང་པོ་ཞིག་ལ་བརྩིས་པ་རེད། འདི་ལྟར་བཅིངས་འགྲོལ་དམག་གི་ལོ་ཙཱ་བ་ཆུང་ཆུང་ཞིག་ནས། ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་བཞེས་པའི་ལོ་ཙཱ་བ་ཆེན་པོ་ཞིག་ལ་གྱུར་ནའང་། ང་རྒྱལ་གྱི་དབུ་འཕང་དགུང་དུ་མ་བཏེགས་པར་སྔར་བཞིན་རིག་པའི་གནས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་ལ། རང་ཉིད་ཀྱི་ལོ་ཙཱའི་བྱ་གཞག་ཀྱང་བོད་ཀྱི་རྩོམ་རིག་དང་གེ་སར་རིག་གནས་ཞིབ་འཇུག་གི་ཁྱབ་ཁོངས་སུ་བསྲིངས་ནས། རྒྱ་བོད་རིག་གནས་སྤེལ་རེས་གནང་བའི་དུས་ཀྱི་ཕོ་ཉ་ཞིག་དང་། ངེས་པ་དོན་གྱི་ལོ་ཙཱ་བ་ཞིག་ལ་ངང་གིས་གྱུར་པ་རེད། 
གསར་རྩོམ་གྱི་ལམ་བུ་། 

 

  ཆུང་དུས་ནས་བཟུང་འཚོ་བའི་དགའ་སྐྱོ་རེ་རེ་ནི་ཡིད་ཀྱི་ཞིང་ས་བརྒྱུད་ནས་སྨྱུག་རྩེར་འགོད་པ་དང་། བློ་གྲོས་ཀྱི་མིག་འོད་རྣོན་པོ་འཚོ་བའི་ལམ་སྣེ་རེ་རེ་ལ་བསྲིངས་ནས་གསར་རྩོམ་གྱི་མེ་ཏོག་སྐྱོང་། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པའི་ནང་ལ། འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་བཅིངས་འགྲོལ་དམག་བོད་དུ་བསྐྱོད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེ་ཡི་འོག་ནས། རང་གིས་བློ་གྲོས་དང་སྤོབས་པ་ལ་བརྟེན་ནས་སྐལ་བཟང་མེ་ཏོག་ཅེས་པའི་བརྩམས་སྒྲུང་རིང་གྲས་ཤིག་རྒྱ་ཡིག་གི་ལམ་ནས་གསར་རྩོམ་གནང་བ་རེད། 

  1966ལོ་ལ། རིག་གནས་གསར་བརྗེ་ཆེན་པོའི་རླུང་ཡན་གང་སར་ལྡང་བ་དང་བསྟུན་ནས། རེ་བའི་མྱུ་གུ་འབུས་པའི་སྐལ་བཟང་མེ་ཏོག་དེ་ང་ཚོའི་མིག་གི་དགའ་སྟོན་དུ་འབྱོར་ཁོམ་མ་བྱུང་བར་དུས་ཀྱི་འཐོར་རླུང་ཁྲོད་ནས་བག་ལ་ཞ་སོང་བ་རེད། འོན་ཀྱང་འཇམ་དཔལ་རྒྱ་མཚོ་ནི་དཀའ་སྡུག་ལ་མགོ་མི་སྒུར་བ་དང་། དཀའ་ངལ་ལ་ཁ་མི་གཡར་བའི་རིག་པའི་དཔའ་བོ་ཞིག་ཡིན་པས། ཁོང་གིས་སྔར་བཞིན་གལ་ཆེ་བ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་ཞེས་པའི་དཔེ་ལྟར་དུ། རང་གི་གསར་རྩོམ་གྱི་མ་ཡིག་ལ་ཡང་ཡང་དག་བཅོས་གང་ལེགས་གནང་བ་རེད། 
  1960ལོ་ནས1980ལོའི་བར། ཏག་ཏག་ལོ་ངོ་ཉི་ཤུ་འགོར་ཞིང་། དེ་ཡི་རིང་ལ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཡང་ཡང་དག་བཅོས་གནང་བ་དང་། ཁྱད་པར་དུ་པར་སྐྲུན་ཁང་གསུམ་དང་། རྩོམ་སྒྲིག་འགན་འཁུར་བ་དྲུག་གིས་ཡང་ཡང་འབད་བརྩོན་བྱས་པར་བརྒྱུད། མཇུག་མཐར་སྐལ་བཟང་མེ་ཏོག་ཅེས་པའི་བརྩམས་སྒྲུང་རིང་གྲས་དེ་རྩོམ་རིག་གི་དགའ་ཚལ་དུ་བྱོན་ནས་ཀུན་གྱིས་གདེང་འཇོག་གང་ལེགས་གནང་བ་དང་། དེ་ལས་ཀྱང་དགའ་འོས་པ་ཞིག་ནི། 1981ལོ་ལ། ཁོང་གིས་རྒྱ་ཡིག་ལ་མ་དཔེ་བྱས་ཏེ། ཡང་བསྐྱར་བོད་ཡིག་གི་ལམ་ནས་སྐལ་བཟང་མེ་ཏོག་ཅེས་པའི་བརྩམས་སྒྲུང་རིང་གྲས་དེ་གསར་རྩོམ་གནང་ནས་པར་སྐྲུན་འགྲེམས་སྤེལ་བྱས་པས། བོད་ཀྱི་དེང་རབས་རྩོམ་རིག་གི་དགའ་ཚལ་ན་བརྩམས་སྒྲུང་རིང་གྲས་མེད་པའི་སྟོང་ཆ་ཡོངས་སུ་བསྐངས་པས། བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ནས། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་པའི་བརྩམས་སྒྲུང་རིང་གྲས་ཤིག་ལ་གྱུར་པ་རེད།  གཞན་ཡང་ཁོང་གིས་《ཟླ་འོད་འོག་གི་པོ་ཏ་ལ》ཞེས་པ་སོགས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་བརྩམས་སྒྲུང་དང་ལྷུག་རྩོམ་གང་མང་ཞིག་གསར་རྩོམ་གནང་བ་རེད། 
ཞིབ་འཇུག་གི་ལམ་བུ་། 
 
  གལ་སྲིད་རྒྱ་བོད་ལོ་ཙཱ་དང་རྩོམ་རིག་གསར་རྩོམ་ནི་འཇམ་དཔལ་རྒྱ་མཚོ་ལགས་ཀྱི་མི་ཚེའི་ལམ་གྲོགས་ལྟ་བུ་ཞིག་ཡིན་ན། གེ་སར་རིག་གནས་ཞིབ་འཇུག་ནི་ཁོང་གི་མི་ཚེ་འོད་ཀྱིས་བརྒྱན་པའི་བྱ་གཞག་གལ་ཆེན་ཞིག་ལ་གྱུར་ཡོད་དེ། 1981ལོ་ལ། འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་དུ་རྒྱུགས་འཕྲོད་ནས། ཞིབ་འཇུག་པ་གཞོན་པའི་གོ་གནས་ཐོབ་ཅིང་། བོད་ཀྱི་ཞིབ་འཇུག་པ་གཞོན་པ་ཨང་དང་པོར་གྱུར་ལ། དེ་ནས་བཟུང་ཁོང་རང་གེ་སར་ཞིབ་འཇུག་གི་ལམ་ལ་གོམ་ཁ་སྤོས་ནས། འཛམ་གླིང་ཡོངས་སུ་སྙན་གྲགས་ཆེ་བའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་དེ་འཛིན་སྐྱོང་སྤེལ་གསུམ་གནང་བའི་བྱ་གཞག་ཁུར་དུ་བཞེས་པ་རེད། 
གེ་སར་རིག་གནས་ལ་རྒྱུས་ལོན་ཟབ་མོ་འབྱུང་བའི་ཆེད་དུ། 1981ལོ་ནས་བཟུང་། འཇམ་དཔལ་རྒྱ་མཚོ་ལགས་ནི་བོད་ཁུལ་གྱི་ས་ཆ་སོ་སོ་ལ་ཕེབས་ནས་རིག་གཞུང་ཞིབ་འཇུག་གནང་ཞིང་། ནང་སྒོས་སུ་བོད་ཀྱི་སྒྲུང་པ་གྲགས་པ་དང་བསམ་འགྲུབ་སོགས་ལ་འབྲེལ་འདྲིས་གང་ལེགས་གནང་སྟེ། སྒྲུང་དཔེ་ལེགས་གྲས་རྣམས་འཚོལ་སྡུད་དང་ཞིབ་འཇུག་མཛད་ལ། 《གེ་སར་སྐོར་གྱི་ཐོག་མའི་དཔྱད་གླེང》ཞེས་པའི་རིག་གཞུང་ཆེད་རྩོམ་གསར་དུ་བརྩམས་ནས་གེ་སར་རིག་གནས་ཕྱི་ཕྱོགས་སུ་སྤེལ་བའི་ལས་ལ་དབུ་འཁྱུད་བཀོད་པ་རེད། སྔ་རྗེས་སུ་རྒྱ་གར་དང་ལྗར་པན། ཨོ་སུ་ཁྲུ་ལི་ཡ། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཉི་ཤུ་ལྷག་ལ་ཕེབས་ནས། འཛམ་གླིང་ཡོངས་སུ་གེ་སར་རིག་གནས་དར་སྤེལ་གཏོང་བའི་མཛད་འཕྲིན་སྤེལ་ལ། ཁྱད་པར་དུ་2001ལོ་ནས་བཟུང་། ཨ་རིའི་ཧཱ་ཧྥུའུ་སློབ་ཆེན་གྱི་ཆེད་ཞུས་དགེ་རྒན་དུ་གདན་དྲངས་པ་དང་བསྟུན་ནས། བོད་ཀྱི་གེ་སར་རིག་གནས་འཛམ་གླིང་ལ་སྒྲོག་པའི་ལས་འགན་ཁུར་དུ་བཞེས་པ་རེད། 
  2004ལོར། དགུང་ལོ་དྲུག་ཅུ་རེ་དྲུག་ལ་སོན་པའི་རྒན་འཇམ་དཔལ་རྒྱ་མཚོ་ལགས་ནི་དངོས་སུ་ལས་འཁྱུར་ངལ་གསོ་གནང་བ་རེད། འདི་ནི་དུས་ཀྱི་འགྱུར་བག་ཁྲོད་ནས་དབུ་སྐྲའི་རང་མདངས་ཡལ་བའི་རྒན་པ་ཞིག་ལ་ཆ་བཞག་ན། འཚོ་བ་ལ་བསྡོམས་ཚིག་འགོད་བཞིན། ངལ་གསོའི་མལ་དུ་ཞུགས་པའི་སྐལ་བ་བཟང་པོ་ཞིག་རེད། འོན་ཀྱང་ཁོང་གིས་སྔར་བཞིན་མ་སྐུལ་དང་བླངས་ཀྱི་སྒོ་ནས། གེ་སར་རིག་གནས་ཞིབ་འཇུག་དང་། སྒྲུང་ལེགས་གྲས་རྣམས་གཅེས་སྒྲིག་བྱས་ཏེ། ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བའི་ཕྱག་ལས་དོན་དུ་གཉེར་ཞིང་། ཁྱད་པར་དུ་2009ལོ་ལ། རྒན་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་རྒྱལ་ཁབ་ཕྱི་ནང་ཀུན་ན་མི་རིགས་སོ་སོའི་རིག་གནས་ཤུལ་བཞག་ལ་བརྩི་མཐོང་ཆེན་པོ་བྱེད་པའི་སྐལ་བ་བཟང་པོ་དང་ཚུར་ལ་ཤར་བ་མཐོང་ནས། མ་སྐུལ་དང་བླངས་སྒོས་བོད་ཀྱི་དམངས་ཁྲོད་རིག་གནས་ཀྱི་སྙིང་བཅུད་དུ་བསྔགས་པའི་གེ་སར་རིག་གནས་དེ་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་དུ་འགོད་པའི་རེ་འདུན་ཞུས་པར་ལེགས་འགྲུབ་བྱུང་བས། དེ་ནས་བཟུང་བོད་ཀྱི་གེ་སར་རིག་གནས་དེ་འཛམ་གླིང་རིག་གནས་ཀྱི་རིན་ཆེན་གཅེས་ནོར་ལྟ་བུར་གྱུར་ནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལམ་བུ་ཁོད་སྙོམས་པ་ཞིག་བསྐྲུན།  
  ད་སྐབས་ང་ཚོས་དགུང་ལོ་བདུན་ཅུ་ལྷག་ལ་ཕྱིན་པའི་རྒན་པོ་འདིས་རྒྱུན་པར་རྡོག་ཁྲེས་ལྕི་མོ་ཞིག་འཁུར་ནས་རྒྱལ་ཁབ་ཕྱི་ནང་གི་གེ་སར་རིག་གནས་སྐོར་གྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་སྣ་ཚོགས་ལ་ཞུགས་བཞིན་པ་དང་། ནང་སྒོས་སུ་ཚོགས་འདུ་ཆེ་ཆུང་ཅི་རིགས་ཀྱི་ཐོག་ནས། དུས་རྟག་པར་རང་འགུལ་གྱིས་ཕྱི་རབས་ལོ་ཆུང་རྣམས་ལ་ཕྱག་འཇུ་གནང་ཞིང་། གཏམ་གླེང་ཅི་རིགས་སྤེལ་བའི་རྣམ་པ་དེ་མཐོང་བའི་ཚེ་ན། ང་ཚོར་སྙིང་ཁོང་རུས་པའི་རྒན་པ་ཁོང་གི་ཁྱད་དུ་འཕགས་པའི་མི་ཚེའི་མཛད་རྗེས་དང་བླ་ན་མ་མཆིས་པའི་ཡ་རབས་སྤྱོད་བཟང་ལ་དད་གུས་བཅོས་མིན་ཞིག་སྐྱེས་ཤིང་། འདི་ལྟར་བཅིངས་འགྲོལ་དམག་གི་ལོ་ཙཱ་བ་ཆུང་ཆུང་ཞིག་ནས། ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་བཞེས་ཤིང་། རྒྱ་བོད་རིག་གནས་སྤེལ་རེས་ཀྱི་གསེར་ཟམ་བསྐྲུན་པའི་ལོ་ཙཱ་བ་མཁས་ཅན་ཞིག་ཏུ་གྱུར་པ་མ་ཟད། ཁྱད་པར་དུ་ལོ་ངོ་ཉི་ཤུ་ལྷག་གི་གསར་རྩོམ་གྱི་བརྒྱུད་རིམ་དང་། ལོ་ངོ་སུམ་ཅུ་ལྷག་གི་གེ་སར་ཞིབ་འཇུག་གི་གོ་རིམ་ནང་ལ། བོད་ཀྱི་སྐད་དང་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་མཛད་རྗེས་བླ་ན་མེད་པ་བཞག་ཅིང་། རང་གི་མི་ཚེའི་དོན་སྙིང་གསར་སྐྲུན་བྱས་པས། མཇུག་ཏུ་རྒན་འཇམ་དཔལ་རྒྱ་མཚོ་ལགས་ཀྱི་སྐུ་ཚེ་བརྟན་ཅིང་། མཛད་འཕྲིན་རྒྱས་པའི་སྨོན་འདུན་སྙིང་ནས་ཞུ། །  
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1