༄༅།། གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།

བོད་གཞུག་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-09



གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།
བཙན་པོ་འཁོར་གྱིས་བཞེངས་པའི་རྒྱལ་རབས་དེ་བསམ་ནས།།
ལོ་རྒྱུས་དེབ་ཏུ་འཁོད་པའི་འཁྱུག་བྲིས་ལ་བལྟས་ཚེ།།
སྲིད་བརྟན་ལོངས་སྤྱོད་རྒྱས་པའི་གདུངས་འདེགས་ཀྱི་ཀ་བ།།
འབྲོ་བཟའ་ཁྲི་མ་ལོད་དེའི་བློ་གྲོས་རང་མིན་ནམ།།

ཆོས་ཁྲིམས་གཙང་མ་གངས་ཅན་བོད་ཡུལ་དུ་སྤེལ་དུས།།
རྒྱ་ཆོས་བོད་ལ་བསྒྱུར་མཁན་མང་པོ་རང་ཡོད་ཀྱང་།།
བོད་ཆོས་གསར་ཏུ་གཏོད་ནས་གཞན་ཡུལ་ལ་སྤེལ་མཁན།།
མ་ཅིག་ལབ་ཀྱི་སྒྲོན་མེའི་གཟི་མདངས་རང་མིན་ནམ།།
གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།
སངས་རྒྱས་སྟོང་སྐུ་བྱོན་པའི་རྣམ་ཐར་རེ་ཡོད་ཀྱང་།།
ཚེ་གཅིག་ལུས་གཅིག་སངས་རྒྱས་གོ་འཕང་དེ་ཐོབ་མཁན།།
རྗེ་བཙུན་མི་ལའི་ངེས་འབྱུང་སྐྱེས་ཡུལ་གྱི་གཞི་མ།།
མ་ཡུམ་མྱང་ཚའི་ཁོག་དཔུང་ལ་རྒྱ་དེ་མིན་ནམ།།

དཔའ་བོའི་གད་རྒྱངས་བསྒྲགས་ནས་དམར་འཛིང་རེ་བྱེད་དུས།།
སུམ་ཉིས་ས་ཡི་དཀྱིལ་འཁོར་རིས་གཟུགས་སུ་ཕབ་ནས།།
གསོལ་སྐྱེམས་མངར་མོ་རྒྱལ་ཁའི་ཞལ་ཟུར་ནས་འཛུམ་སྐབས།།
གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།།
གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།
མུན་པའི་ཀློང་ནས་ཤ་འོད་ཤག་ཤག་ཏུ་རྒྱུགས་ནས།།
ཟླ་བའི་འོད་མདངས་སྤྲིན་ནག་ཕུང་པོ་ཡིས་བསྒྲིབས་དུས།།
འོ་མའི་བཅུད་དང་བརྩེ་བའི་དྲོད་འཁོལ་རང་སྦྱིན་མཁན།།
གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།།

ཨ་ཕོ་ལུག་རྫིའི་དཀའ་སྡུག་ཐོད་ནག་གི་མདུད་པ།།
བུ་ཆུང་སྣབས་ལུག་ལེ་ལོ་རྣམ་གཡེང་ལ་འཁོར་དུས།།
སྦྲ་ནག་གྲུ་བཞི་སྐྱིད་པའི་གཡང་རྟེན་དུ་འགྱུར་མཁན།།
གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།།
གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།
རྨོན་དོར་རྗེས་སུ་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་ནས།།
ལྕགས་ཁེམ་འཇོར་གྱིས་ས་བརྐོ་རྡོ་སློག་རེ་བྱས་ཀྱང་།།
དེ་ཡི་ཞོར་ལ་ཞིམ་མངར་བཟའ་བཏུང་རེ་འདྲེན་མཁན།།
གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།།
བཙན་གཏམ་ཚོད་མེད་མདུན་ནས་སྤོབས་སེམས་ཀྱི་འགྲེང་ལ།།
ཉམ་ཆུང་ནུས་མེད་གྲས་ལ་སྙིང་རྗེ་རེ་སྒོམ་ཞོར།།
མྱི་ཁའི་བཙན་རྫོང་སྟུག་པོ་ལང་ཚོ་ཡིས་བརྒལ་མཁན།།
གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།།

ཤེས་རབ་སྒེག་མོའི་འཛུམ་ཞལ་ས་གཞི་ལ་འཕྲོས་ནས།།
མི་བུ་སྟོང་གིས་རིག་པའི་ཅང་ཤེས་ལ་བཅིབས་བཞིན།།
གངས་ལྗོངས་ས་ལའི་ཡུལ་ལ་སྲི་ཞུ་རེ་བསྒྲུབས་དུས།།
གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1