༄༅།།རྣམ་རྒྱལ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོ་དྲ་བ། སྤེལ་དུས། 08-13


          

          སྨན་པ་རྣམ་རྒྱལ་ལགས་ནི་སྤྱི་ལོ1948ལོར་བོད་ལྗོངས་གཞིས་རྩེ་ས་ཁུལ་མཐོང་སྨོན་རྫོང་ཁོངས་ཀྱི་རྣམ་རྒྱལ་སྒང་དུ་ས་ཆུ་ཞེས་པའི་ཁྱིམ་དུ་སྐྱེས་ཤིང་། རང་ལོ་དྲུག་པ་ནས་བཟུང་གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན་དུ་ཆོས་ཞུགས་གནང་། དགུང་ལོ་བཅུ་བཞི་ནས་བཀྲ་དགོན་སྐྱིད་ན་སློབ་གྲྭར་ཡི་གེ་འབྲི་ཀློག་དང་སུམ་རྟགས་དག་གསུམ་སོགས་འབད་ཞོར་དུ་བོད་ལུགས་གསོ་བ་རིག་པ་གཉེར་བའི་དབུ་བརྩམས། 1965ལོ་ནས་སྤྱི་ལོ1967ལོའི་བར་ས་གནས་འཕྲོད་བསྟེན་བདེ་སྲུང་འཛིན་གྲྭར་སློབ་སྦྱོང་དང་དངོས་སྦྱོང་གནང་བའི་གོ་སྐབས་རྙེད། དེ་ནས་སྔ་རྗེས་སུ་བགྲང་བྱ་བདུན་ལྷག་ཙམ་རིང་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གི་དངོས་སློབ་དགེ་རྒན་བཀའ་དྲིན་ཅན་ཚུལ་ཁྲིམས་ལགས་དང་། སྨན་དགེ་བྱམས་པ་འཕྲིན་ལས་མཆོག  གཞན་ཡང་མཁས་དབང་ལྷུན་གྲུབ་བསྟན་དར་ལགས་དང་། མཁས་དབང་དཔལ་ལྡན་བསྟན་འཛིན་སོགས་ཀྱི་དྲུང་ནས་དཔལ་ལྡན་རྒྱུད་བཞི་དང་། གཞུང་འགྲེལ་བཻ་སྔོན་ལ་སོགས་སྨན་གཞུང་མང་པོའི་ཁྲིད་ལུང་དང་། སྨན་ངོ་ངོས་འཛིན་དང་ནད་ཐོག་རྒྱུན་མཁོའི་སྨན་སྦྱོར་འདུལ་སྦྱོང་གི་ཤེས་བྱ། གཏར་བསྲེག་གི་ལག་ལེན་སྣ་ཚོགས་ཐ་ན་མིག་འགྲིབ་ཕྱེ་བའི་དཔྱད་མཆོག་ཐུར་མ་གཏོང་ལུགས་སོགས་མང་དུ་གནང་བས་མཁས་པའི་ཕྱག་ལེན་དང་གཞུང་ལུགས་ཕལ་མོ་ཆེའི་ཁྲིད་ལུང་ཞིབ་པར་ཐོབ་པ་མ་ཟད། ཡང་དག་པའི་མཛུབ་སྟོན་འོག་ཏུ་ལག་ལེན་དཔྱིས་ཕྱིན་པ་གནང་། དེ་དང་མཉམ་དུ་ས་གནས་འཕྲོད་བསྟེན་བདེ་སྲུང་འཛིན་གྲྭ་དང་བཅིངས་འགྲོལ་དམག་བརྒྱད་གཅིག་སྨན་ཁང་། ཀྲེ་ཅང་ཞིང་ཆེན་ཉིང་པོའོ་མི་དམངས་སྨན་ཁང་དང་པོ། ཨན་ཧུའི་ཞིང་ཆེན་གྱི་ཞིང་ཆེན་སྨན་ཁང་སོགས་སུ་སྔ་རྗེས་སུ་ལོ་ངོ་ལྔ་ཙམ་རིང་དུ་ཕྱི་ལུགས་གསོ་རིག་སྐོར་ཡང་སློབ་སྦྱོང་ཡག་པོ་བྱས།

          སྤྱི་ལོ1969ལོ་ནས་སྤྱི་ལོ1979ལོའི་བར་བཀྲ་དགོན་འཕྲོད་བསྟེན་ཁང་དུ་རིག་གཞུང་དང་ལག་ལེན་ཟུང་འབྲེལ་གྱིས་སྨན་པའི་ལས་ཀར་ཞུགས་ཤིང་། དེ་ནས་སྤྱི་ལོ1981ལོའི་བར་ས་གནས་མི་དམངས་སྨན་ཁང་གི་བོད་སྨན་ཚན་པར་ཕྱག་ལས་གནང་། སྤྱི་ལོ1981ལོ་ནས་སྤྱི་ལོ1984ལོའི་བར་ས་གནས་འཕྲོད་བསྟེན་སློབ་གྲྭའི་འབྲིང་རིམ་བོད་སྨན་འཛིན་གྲྭའི་དགེ་རྒན་གནང་ཞིང་། སྤྱི་ལོ1984ལོ་ནས་ད་བར་ས་གནས་སྨན་རྩིས་ཁང་དུ་སྨན་བཅོས་ཞབས་ཞུའི་ཕྱག་ལས་གནང་། བགྲང་བྱ་བཞི་བཅུ་ལྷག་ཙམ་གྱི་སྨན་བཅོས་ལག་ལེན་རིང་ལ་ཉིན་ལྟར་སྒོ་བསྟེན་དུ་སྨན་བཅོས་ཞབས་ཞུ་རྒྱུན་འཁྱོངས་གནང་བ་ཕུད། སྨན་ཁང་གི་གནང་རིག་སྐར་རྩིས་ཞིབ་འཇུག་ཚན་པའི་འགན་འཁུར་གནང་ནས་རླུང་འཇོམས་ཡིད་བདེ་རིལ་བུ་སོགས་ནད་ཐོག་མཁོ་གལ་ཆེ་བའི་སྨན་སྣེ་གྲངས་བཅུ་གསུམ་གསར་སྦྱོར་གནང་ནས་ནད་ཐོག་དྲག་སྐྱེད་ཀྱི་ཚད་གཞི་མཐོར་འདེགས་བྱུང་ཁར། སྨན་ཁང་དང་སྤྱི་ཚོགས་ལ་ཕན་བདེ་བཟང་བོ་སྐྲུན་ཐུབ་པ་བྱུང་།
          ཁོང་གིས་ནམ་རྒྱུན་སྙིང་ཀླད་ཁྲག་རྩའི་ནད་དང་མཆིན་ནད། ཕོ་རྒྱུའི་ནད་སོགས་ལག་ལེན་མང་བའི་ཁར་ནད་གཞི་དེའི་སྐོར་ལ་དམིགས་བསལ་གྱི་བཅོས་སྐྱེད་ཡོད་པ་མངོན་སུམ་ཡིན་པ་དང་།  རྒྱུན་དུ་ལག་ལེན་དངོས་ཀྱི་ཉམས་མྱོང་གསོག་འཇོག་བྱེད་རྒྱུར་དོ་སྣང་གིས་རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུ་འདྲེན་ཚུལ་མདོ་ཙམ་གླེང་བ་དང་། རླུང་ནད་ཁ་ཡོའི་ནད་ལ་མེ་བཙས་བཅོས་པའི་མྱོང་འབྲས། བོད་ལུགས་གསོ་རིག་གིས་ཁྲག་འཕེལ་ནད་པ་ཉེར་བརྒྱད་ལ་སྨན་བཅོས་བྱས་པའི་ཕན་འབྲས་དབྱེ་ཞིབ། བྱུར་དམར་ཆག་སྦྱོར་རིལ་བུ་རུས་ཆག་ནད་པ་ཞེ་གཅིག་ལ་བེད་སྤྱོད་བཏང་བའི་ནད་ཐོག་ཞིབ་འཇུག་དཔྱད་གཞི། བོད་ལུགས་གསོ་རིག་ནད་སྐྱོང་སྨན་པའི་ལག་རྩལ་བཀོལ་སྤྱོད་ཤེས་བྱ། མཆིན་ནད་ཁ་པ་ཞེས་པར་བརྟག་བཅོས་བྱས་པའི་ཐོག་མའི་མྱོང་བ།  བོད་སྨན་གྱི་སྨན་རྒྱུའི་ཐོན་ཁུངས་སྔོག་འདོན་དང་སྲུང་སྐྱོབ་བྱ་ཐབས་ལ་ཞིབ་དཔྱད་བྱས་པའི་འཆར་སྣང་སོགས་ཆེད་རྩོམ་མང་དུ་སྤེལ་ཡོད་པ་རྒྱལ་སྤྱི་དང་རྒྱལ་ནང་། ལྗོངས་རིམ་པ་སོགས་ཀྱི་དུས་དེབ་ཏུ་བཀོད་ཡོད་པ་མ་ཟད་གྲོས་ཚོགས་ཐོག་བགྲོ་གླེང་ཡང་མང་བོ་གནང་།
          ཁོང་ལ་ད་ལྟ་རྒྱུད་འཛིན་གསོ་སྐྱོང་ལས་དོན་གྱི་ཕུལ་བྱུང་ལས་དོན་པ་དང་། ལྗོངས་ཡོངས་ཀྱི་ཞིང་སྐྱོར་སྔོན་ཐོན་མི་སྒེར་སོགས་ལྗོངས་དང་རྒྱལ་ཁབ་རིམ་པའི་གཟེངས་བསྟོད་བྱ་དགའ་ཐོབ་མྱོང་བ་དང་། ས་གནས་དང་ལྷག་དོན་སྨན་ཁང་གི་ལོ་རེའི་སྔོན་ཐོན་མི་སྒེར་ལ་འདེམས་ཐོན་མང་དུ་བྱུང་ཡོད་པ་མ་ཟད། སྔ་རྗེས་སུ་ས་གནས་སྨན་རྩིས་ཁང་གིས་བོད་ཕྱི་ཟུང་འབྲེལ་ཚན་པའི་ཀྲུའུ་རིན་དང་སྙིང་ཀླད་ཚན་པའི་ཀྲུའུ་རིན། གནམ་རིག་སྐར་རྩིད་ཚན་པའི་འགན་འཁུར་བ། སྨན་ཁང་གི་ཡོན་ཀྲང་གཞོན་པ་སོགས་ཀྱི་ལས་སྣེ་ཡང་འགན་འཁུར་མྱོང་།
          ད་ལྟ་ས་གནས་ཆབ་གྲོས་སྐབས་གསུམ་པ་ནས་དགུ་བའི་བར་གྱི་ཨུ་ཡོན་དང་། སྐབས་བརྒྱད་པ་དང་དགུ་བའི་རྒྱུན་ལས་ཨུ་ཡོན། ལྗོངས་ཆབ་གྲོས་སྐབས་བཞི་བ་ནས་བརྒྱད་པའི་བར་གྱི་ཨུ་ཡོན་དང་། སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན། བོད་ལུགས་གསོ་རིག་སློབ་ཆེན་གྱི་ཆེད་ལས་ཕྱི་ཚན་གདན་ཞུའི་དགེ་རྒན། རྒྱལ་ཡོངས་ཀྲུང་ལུགས་བོད་གསོ་རིག་རྒྱུད་འཛིན་སློབ་མ་ཐེངས་གསུམ་པ་དང་བཞི་བའི་དགེ་རྒན། ལྗོངས་བོད་སྨན་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་ལས་ཀ་གནང་མུས་སུ་བོད་ལུགས་གསོ་བ་རིག་པའི་བསྟན་པ་ཅིག་ཅར་རྒྱས་པའི་ཐད་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་འབད་བརྩོན་ལྷོད་མེད་གནང་བཞིན་བཞུགས་ལགས་སོ།།


རྩོམ་ཡིག་སྔོན་མ།
༄༅།།སྐུ་ནུབ་འོད་ཟེར།
རྩོམ་ཡིག་རྗེས་མ།
༄༅།།སངས་ཁོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1