རང་རྒྱལ་གྱི་ཁོར་ཡུག་སྲུང་སྐྱོབ་པུས་ལྟ་ཞིབ་ཚོད་འཛིན་གཞི་གྲངས་རྫུན་བཟོ་བྱེད་པར་རྡུང་རྡེག་ནན་པོ་གཏོང་རྒྱུ་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-18


              རང་རྒྱལ་གྱི་ཁོར་ཡུག་སྲུང་སྐྱོབ་པུས་ཉིན་ཤས་གོང་ད་ལོའི་ལོ་སྟོད་ཀྱི་སྦགས་བཙོག་ཐོན་སའི་ལྟ་ཞིབ་ཚོད་འཛིན་གཞི་གྲངས་བརྒྱུད་སྤྲོད་ཀྱི་ནུས་པ་ཐོན་ཚད་དཔྱད་དཔོག་ལས་དོན་ཐད་བརྡ་ཁྱབ་བཏང་ཡོད་པ་རེད། བརྡ་ཁྱབ་ལས་མངོན་པར། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་། ཧུའུ་ནན་ཞིང་ཆེན། ཧྲན་ཞི་ཞིང་ཆེན་བཅས་ཀྱི་གཞི་གྲངས་བརྒྱུད་སྤྲོད་ནུས་པ་ཐོན་ཚད་0.03%དང་། 22.66%། 45.05%བཅས་ལས་ཟིན་གྱི་མེད་པ་དང་། ཕྲེང་གྲལ་གྱི་མཇུས་ཤོས་ཡིན་པས་ཕྲེང་གྲལ་གྱི་མདུན་དུ་ཡོད་པའི་ཧེ་ནན་དང་། པེ་ཅིང་། ཀུའེ་ཀྲོའུ་སོགས་ཞིང་ཆེན་གྱི་ནུས་པ་ཐོན་ཚད་90%ཡན་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད་པ་རེད། བརྡ་ཁྱབ་ནང་། ལྟ་ཞིབ་ཚད་ལེན་ལག་རྩལ་ཐད་འདེགས་སྐྱོར་དང་མཛུབ་ཁྲིད་བྱས་པ་ཕུད། ཁོར་ཡུག་སྲུང་སྐྱོབ་པུས་གཞི་གྲངས་བརྒྱུད་སྤྲོད་ཀྱི་བདེ་འཇགས་དང་ཡིད་ཆེས་བྱེད་ཆོག་པར་འགན་ལེན་བྱེད་པ་མ་ཟད། སྦགས་བཙོག་ཐོན་སའི་རང་འགུལ་ལྟ་ཞིབ་ཚོད་འཛིན་གཞི་གྲངས་རྫུན་བཟོ་བྱེད་མཁན་ལ་རྡུང་རྡེག་ནན་པོ་གཏོང་དགོས་ཞེས་དམིགས་བསལ་ནན་བཤད་བྱས་ཡོད།
              བརྡ་ཁྱབ་ནང་། སྤྱི་ཟླ་9པའི་ཚེས་30ཉིན་གྱི་གོང་དུ། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་གཙོ་གནད་སྦགས་བཙོག་ཐོན་སའི་རང་འགུལ་ལྟ་ཞིབ་ཚོད་འཛིན་མ་ལག་དང་གཞི་གྲངས་བརྒྱུད་སྤྲོད་ཀྱི་ནུས་པ་ཐོན་ཚད་དཔྱད་དཔོགས་བྱེད་པར་ངེས་པར་དུ་རྒྱལ་ཐོན་མཉེན་ཆས་བེད་སྤྱད་ནས་ཁོར་ཡུག་སྲུང་སྐྱོབ་པུས་བཙུགས་ཟིན་པའི་ཁོར་ཡུག་སྲུང་སྐྱོབ་གློག་རྡུལ་སྲིད་དོན་ཆེད་དོན་དྲ་བ་བརྒྱུད་འཁོར་རྒྱུག་དང་བརྒྱུད་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1