བོད་རིགས་དང་ལྷོ་པ་རིགས་ཀྱི་ཁྱིམ་ཚང་ཞིག

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 04-27


འདི་ནི་ཚེ་རིང་ཆོས་འཕེལ(མདུན་གྱི་དཀྱིལ)ནང་མི་མཉམ་འཛོམས་ཀྱི་འདྲ་པར་ཡིན་པ།
          ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ཤང་མདོ་ཡུལ་གྲོང་ཚོའི་ཚེ་རིང་ཆོས་འཕེལ་གྱི་ཁྱིམ་དུ་སྐད་གྲགས་ཆོད་པའི་བུའི་མནའ་མ་ཞིག་ཡོད་པ་དེ་ནི་ལྷོ་པ་རིགས་ཀྱི་བུ་མོ་ཞའོ་ཅ་ཡིའུ་ཡིན་པ་རེད།
          ལྷོ་པ་རིགས་ཀྱི་བུ་མོ་ཞའོ་ཅ་ཡིའུ་ལོ་18ལ་སླེབས་སྐབས་གཅུང་པོ་དང་གཅུང་མོ་གསུམ་འཁྲིད་དེ་རི་ཐོག་ནས་མདོ་ཡུལ་གྲོང་ཚོར་སྤོས་པ་རེད། ལོ་གཉིས་སོང་རྗེས་ཞའོ་ཅ་ཡིའུ་གུང་ཁྲན་ཏང་ནང་ཞུགས། ལོ་23སྐབས་གྲོང་ཚོའི་ལས་བྱེད་པར་བདམས་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བསྟུད་མར་བདམས་པ་དང་དེ་སྔ་མདོ་ཡུལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་རེད། ད་ཆ་ཁོང་གི་བུ་མོ་བཀྲ་ཤིས་དབྱངས་ཅན་ཡང་ཤང་དེའི་ཤང་ཀྲང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པ་རེད།
          བོད་རྙིང་པར་མདོ་ཡུལ་ཤང་ནི་གསང་སྔགས་ཆོས་གླིང་ཤང་གསང་སྔགས་ཆོས་གླིང་དགོན་པའི་ཁོངས་སུ་གཏོགས་པ་དང་། ཡུལ་དེའི་ལྷོ་པ་རིགས་ཉེ་འགྲམ་གྱི་ནགས་གསེབ་ཏུ་ཁ་ཐོར་ངང་གནས་ཡོད་པས་ཅུང་གཅིག་སྡུད་ཡིན་པའི་མདོ་ཡུལ་གྲོང་ཚོར་ཡང་དུད་ཚང་6ལས་མེད་པ་རེད། ད་དུང་དུད་ཚང་ཁ་ཤས་ཡོད་པ་ནི་དགོན་པས་ས་གནས་དེར་ས་ཞིང་འདེབས་པར་བཏང་བའི་བོད་རིགས་ཁྲལ་པའི་དུད་ཚང་ཡིན་པ་རེད། ཚེ་རིང་ཆོས་འཕེལ་གྱི་ཁྱིམ་ནི་སྐབས་དེ་དུས་དེ་གར་སྤོས་པ་ཞིག་རེད།
          ཚེ་རིང་ཆོས་འཕེལ་གྱི་ཕ་ཡུལ་གོང་དཀར་རྫོང་ནས་ཡིན་པ་དང་། ཁྱིམ་ཚང་གི་མ་རྩ་རྡིབས་ནས་ས་ཆ་དེར་བྲོས་བྱོལ་དུ་ཡོང་བ་ཞིག་ཡིན་པ་རེད། དང་ཐོག་དགོན་པའི་ནང་ལས་ཀ་ཙག་ཙིག་བྱས་ནས་བསྡད་པ་དང་དགོན་པའི་བླ་ཆེན་ཞིག་གིས་ཁོང་འཇོན་པོ་ཡོད་པ་ཤེས་རྗེས་ས་གནས་དེ་གའི་མངའ་བདག་ཞིག་ལ་ངོ་སྤྲོད་བྱས་ནས་ཁྲལ་པ་བྱས།
          སྐབས་དེ་དུས་བཀའ་ཤག་སྲིད་གཞུང་གིས་བཙན་སྐུལ་ཧམ་འཕྲོག་བྱས་པས་ཞིང་བྲན་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་བྲོས་བྱོལ་དུ་ཕྱིན་ནས་ས་ཞིང་འདེབས་མཁས་པའི་ཞིང་བྲན་ཧ་ཅང་དཀོན་པོར་གྱུར། གོང་དཀར་རྫོང་ནི་ལྷ་ས་དང་ཐག་ཉེ་ལ་འབྲུ་རིགས་ཐོན་སྐྱེད་ཀྱི་ལྟེ་གནས་དང་ཡང་བར་ཐག་ཉེ་བས་ས་ཞིང་འདེབས་པའི་ལག་རྩལ་ཐག་རིང་ལུང་ཁུག་གཞན་ལས་ལེགས་པ་ཡོད་སྟབས། གོང་དཀར་ནས་ཡོང་བའི་ཚེ་རིང་ཆོས་འཕེལ་ལ་མངའ་བདག་གིས་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། མངའ་བདག་དེས་ཁོང་སླར་ཡང་བྲོས་ཡོང་སྙམ་ནས་གཞིས་ཀའི་ཁྲལ་པའི་དུད་ཚང་ཞིག་གི་བུ་མོ་ཁོང་ལ་མནའ་མར་སྟེར་ནས་དུས་ཡུན་རིང་པོ་མ་སོང་བར་ཁོང་མདོ་ཡུལ་དུ་བཏང་བ་རེད། དེ་ནས་བཟུང་ཚེ་རིང་ཆོས་འཕེལ་གྱི་ཁྱིམ་ཚང་དེ་གར་གཞིས་ཆགས་པ་རེད།
          བོད་རིགས་དང་ལྷོ་པ་རིགས་དབར་མནའ་སྔ་མོ་ནས་ཕན་ཚུན་གཉེན་སྒྲིག་བྱེད་པའི་གོམས་སྲོལ་ཡོད། ཞའོ་ཅ་ཡིའུ་ནང་མི་ཚོ་མདོ་ཡུལ་དུ་སྤོས་རྗེས་ཚེ་རིང་ཆོས་འཕེལ་གྱིས་ལས་ལ་བརྩོན་པའི་བུ་མོ་དེ་མཐོང་འདོད་པོ་ཡོད་ཁར་རང་ཉིད་ཀྱི་བུ་དང་བུ་མོ་དེ་དགའ་པོ་བྱེད་ཀྱི་ཡོད་པ་ཐོས་སྐབས་ཁོང་གིས་ཡ་མཚན་གཏན་ནས་མི་བྱེད་པར་བོད་རིགས་དང་ལྷོ་པ་རིགས་ནི་ཁྱིམ་ཚང་གཅིག་རེད་ཅེས་བཤད།
          ད་ཆ་ཚེ་རིང་ཆོས་འཕེལ་ལོ་94ལ་སླེབས་པ་དང་གྲོང་མི་ཚོ་བདེ་འཇགས་དང་སྐྱིད་སྣང་དོད་པའི་ཁང་གསར་ང་སྡོད་ཀྱི་ཡོད་པ་མ་ཟད་ད་དུང་ཁང་པའི་རྒྱབ་མདུན་དུ་མེ་ཏོག་དང་རྩྭ་རྩི་ཤིང་སྣ་ཚོགས་བཏབ་ཡོད། གྲོང་ཚོའི་ནང་ལྷོ་པ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོའི་ཐང་ཆེན་བསྐྲུན་ཡོད་པ་མ་ཟད། ད་དུང་ཨར་འདམ་ལམ་དང་ཉི་འོད་ནུས་པའི་ལམ་སྒྲོན་སོགས་བསྒར་ཡོད། གད་སྙིགས་དང་བཙོག་ཆུའང་གཅིག་སྡུད་ཐོག་བསྡུ་རུབ་དང་ཐག་གཅོད་བྱེད་ཀྱི་ཡོད་པས་གྲོང་ཚོའི་མི་སྡོད་ཁོར་ཡུག་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། ཁོང་གིས་གུང་ཁྲན་ཏང་དང་། མའོ་ཀྲུའུ་ཞི། ཏང་ཀྲུང་དབྱང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བཅས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་གནང་བར་ཐུགས་རྗེ་ཆེ་ཟམ་མི་ཆད་པར་ཞུ་གི་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1