༄༅།། སྒྲུང་ཐུང《ལམ་གྱི་ཉི་འོད》ལ་དཔྱད་པ།

ཚེ་རིང་གཡུ་སྒྲོན། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་རྩོམ་རིག་སྒྱུ་རྩལ། སྤེལ་དུས། 05-02


ཚེ་རིང་གཡུ་སྒྲོན།

གླེང་གཞི།
        རྩོམ་རིག་ནི་མིའི་རིག་པ་ཡིན་ཞེས་རྩོམ་རིག་གིས་མིའི་འཚོ་བ་ཚུར་སྣང་བྱས་ཤིང་ལྟད་མོར་བཀྲམ་པས། དེ་ལ་ལྟ་མཁན་ཡང་མི་ལས་མེད་པར་མི་རྣམས་ཀྱིས་རྩོམ་རིག་ལས་ཕྱིར་མངོན་པའི་རང་ཉིད་ཀྱི་གཟུགས་བརྙན་ལ་ལྟ་བའི་གོམས་གཤིས་ཤིག་ཆགས་ཤིང་དེ་འཚོ་བའི་དགོས་མཁོར་གྱུར་པ་ནས་བཟུང་།  རྩོམ་རིག་གི་ལས་རིགས་འདིར་རྩོམ་པ་པོ་དང་ཀློག་པ་པོ་ཞེས་པའི་ལས་གནས་མི་འདྲ་བ་གཉིས་བྱུང་། སྔ་མས་གསར་རྩོམ་ལ་ཅི་འདྲའི་བྲོ་བ་ལྡན་ན་ཕྱི་མའི་སེམས་ཀྱི་དགོས་མཁོ་དེ་ལྟར་སྐོང་ཐུབ་པ་དང་ཕྱི་མར་ཀློག་འདོད་ཀྱི་འདུན་པ་ཅི་ལྟར་ཆེ་ན་སྔ་མའི་གསར་རྩོམ་གྱི་སྤོབས་པའང་དེ་ལྟར་སྐྱེད་ཐུབ་པས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཚོ་བའི་ཞིང་ཁམས་ཤིག་གྲུབ།  དེ་ལྟར་རྩོམ་རིག་གི་གཞལ་ཡས་ཁང་ནས་རྩོམ་པ་པོ་ནི་སྒྲུང་པ་དང་ཀློག་པ་པོ་ནི་ཉན་པ་པོ་ཡིན། རྩོམ་པ་པོ་ནི་འཁྲབ་སྟོན་པ་དང་ཀློག་པ་པོ་ནི་ལྟད་མོ་བའི་རྣམ་པས་ཕན་ཚུན་སེམས་ཀྱི་རྒྱུན་ཐག་གཅིག་ལ་བརྒྱུས་ཤིང་། ཇི་ལྟར་རྒྱུས་བཏབ་པ་མང་ན་ཐག་པ་དེ་ལྟར་ཇེ་བཀན་ནས་ཇེ་སྦོམ་དུ་འགྲོ་བ་ལས་ཟད་པའི་སྐལ་བ་ནམ་ཡང་མི་སྲིད་པ་ནང་བཞིན།  རྩོམ་པ་པོ་དང་ཀློག་པ་པོའི་བར་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར་ཏེ་མཚམས་ཤིག་ན་དམིགས་བསལ་གྱི་དབྱེ་བ་མེད་པར་རྩོམ་པ་པོ་ནི་ཀློག་པ་པོ་ཡིན་ལ་ཀློག་པ་པོ་ནི་རྩོམ་པ་པོ་ཡིན་པས།  ལས་ཀ་དེ་གཉིས་མི་གཅིག་གི་འཚོ་བའི་གྲུབ་ཆ་གཉིས་སུ་གྱུར་བའང་ཡོད།  གང་ལྟར་རྩོམ་རིག་ཀློག་པ་ནི་རང་ཉིད་ཀྱིས་བསམ་བློའི་རྒྱགས་ཕྱེ་རྔུབ་པའི་དུས་རིམ་དང་རྩོམ་རིག་གསར་རྩོམ་ནི་རང་ཉིད་ཀྱིས་མཐོང་བའི་བསམ་བློ་གཞན་ལ་སྟོན་པའི་དུས་རིམ་ཞིག་ཡིན་པས།  མི་ཚེ་རྩོམ་རིག་ལ་གཞོལ་བའི་རྩོམ་པ་པོ་རྣལ་མ་ཞིག་གི་བརྩམས་ཆོས་ལས་ད་གཟོད་བློ་གྲོས་ཀྱིས་ཞུན་བརྡར་ཆོད་པའི་བསམ་བློའི་འཚོ་བཅུད་རྔུབ་ཐུབ་པ་དང་དེ་ལྟ་བུའི་བརྩམས་ཆོས་ད་གཟོད་མིའི་རིགས་ཐུན་མོང་གི་བསམ་པའི་རྒྱགས་ཕྱེར་འགྱུར་ཐུབ་པ་ཡིན། 
        མིའི་རིགས་ཀྱི་ཤེས་རིག་འཕེལ་བའི་གོ་རིམ་མི་འདྲ་བའི་ཁྲོད་རྩོམ་རིག་གི་བརྗོད་བྱ་དང་རྣམ་པར་འགྱུར་བ་སྣ་ཚོགས་བྱུང་ཞིང་།   རྩོམ་རིག་གི་ལུས་དང་རྣམ་པ་མི་འདྲ་བས་མིའི་འཚོ་བའི་སྣང་བརྙན་ཚུར་སྣང་བྱ་ཚུལ་མི་འདྲ་ནའང་།  རྩོམ་རིག་ནི་བསམ་བློ་གསར་པའི་འབྱུང་ཁུངས་ཡིན་ན་རྩོམ་པ་པོ་ནི་བསམ་བློ་གསར་པའི་སྣེ་ཁྲིད་ཡིན་དགོས་པ་དང་། རྩོམ་རིག་གི་ཞིང་ས་ནས་ད་གཟོད་མིའི་རིགས་ཀྱི་མདུན་ལྗོངས་ལ་སྨན་པའི་འཚོ་བཅུད་སྣ་མང་ཞིག་འཁྲུངས་ཐུབ་པ་དང་གསར་པ་ཐམས་ཅད་ལ་རྩོམ་རིག་གི་གཤིན་ས་ནས་མྱུ་གུ་རྒྱས་ཐུབ་པ་འདི་ཆོས་ཉིད་ལྟ་བུར་གྲུབ་ཅིང་།  མིའི་སྤྱི་ཚོགས་ཀྱིས་རྩོམ་རིག་ལ་སྤྲད་པའི་འགན་ཁུར་ལྟ་བུར་གྱུར་ཡོད།   རྩོམ་རིག་གིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཁག་འགན་ཁུར་ཐུབ་ཡོད་པ་དེའང་རྩོམ་རིག་དང་སྤྱི་ཚོགས་ཁ་མཐུན་གྲོས་འགྲིག་གིས་བསྐྱོད་ཡོང་བ་མ་ཡིན་པར།  ནམ་ཞར་སྤྱི་ཚོགས་ཀྱི་ངོས་ཡག་ཙོག་ཐམས་ཅད་རི་མོར་ཕབ་ཅི་ཐུབ་བྱས་པས་རྩོམ་རིག་ལས་མིའི་སྤྱི་ཚོགས་ཀྱི་དྲང་ལྡོག་གི་ཆ་གང་མང་ཞིག་མཐོང་ཐུབ་ཅིང་དྲང་ལྡོག་ཆ་དེ་དག་སྦ་གསང་མེད་པར་སྟོན་ཐུབ་རྒྱུའང་རྩོམ་རིག་རྣལ་མ་ཞིག་ཡིན་མིན་གྱི་ཚད་གཞིར་བགྲང་ཆོག་པས།  མི་རྣམས་སྤྱི་ཚོགས་ག་འདྲ་ཞིག་ཏུ་གནས་འཆའ་རུང་རྩོམ་རིག་གི་བསམ་བློའི་རྒྱགས་ཕྱེ་ཆད་མི་རུང་བ་དང་སྣང་བརྙན་རྗེན་པར་སྟོན་ཐུབ་པའི་རྩོམ་རིག་གི་མེ་ལོང་ལས་རང་ཉིད་ལ་ཡང་ཡང་དུ་ལྟ་དགོས་པ་ཡིན། བོད་ཀྱི་སྤྱི་ཚོགས་ལ་མཚོན་ནའང་ཆེས་གནའ་བོའི་དུས་ནས་རྩོམ་རིག་དང་འགྲོས་མཉམ་གྱིས་དུས་ཀྱི་འཕེལ་འགྱུར་གང་མང་བརྒྱུད་མྱོང་ཡོད་པ་དང་། དུས་རིམ་མི་འདྲ་སོ་སོར་རྩོམ་རིག་གིས་སྤྱི་ཚོགས་ཚུར་སྣང་ཚུལ་མི་འདྲ་བ་དེའང་གཙོ་བོ་རྩོམ་རིག་གིས་ཐད་ཀར་སྤྱི་ཚོགས་ལ་འགན་ཁུར་ཡོད་མེད་དང་། རྩོམ་རིག་བརྩམས་ཆོས་ཀྱི་དམིགས་ས་དེ་མིའི་སྟེང་ལ་བབས་ཡོད་མེད་ཀྱི་ཐོག་ནས་མངོན་ཡོད་ལ། བོད་ཀྱི་རྩོམ་རིག་འཕེལ་བའི་གཞུང་ཕྱོགས་ནས་བལྟས་ན་རྣམ་པ་མི་འདྲ་བའི་རྩོམ་རིག་བརྩམས་ཆོས་གང་མང་ཞིག་བྱུང་ཡོད་པ་དང་། དེ་དག་གྲངས་ཀའི་གསོག་འཇོག་ཙམ་མ་ཡིན་པར་སྤུས་ཀའི་ཆ་ནས་འབུར་དུ་ཐོན་པའི་བརྩམས་ཆོས་མང་པོ་ཞིག་ཡོད་པ་སྨྲ་མི་དགོས།  འདི་ལྟ་བུའི་སྔོན་འགྲོའི་མདུན་བསུས་ཏེ་སྐབས་སུ་བབས་པའི་གླེང་བྱ་ནི《ལམ་གྱི་ཉི་འོད》ཅེས་པ་ནི་སྤྱི་ལོ2010ལོའི《སྦྲང་ཆར》 དེབ་དང་པོའི་སྟེང་ཐོག་མར་བཀོད་པ་དང་། སྤྱི་ལོ2011ལོར《སྦྲང་ཆར》རྩོམ་སྒྲིག་ཁང་གིས་སྤེལ་བའི་སྐབས་བདུན་པའི《སྦྲང་ཆར》རྩོམ་རིག་བྱ་དགའ་ཐོབ། ཕྱིས་སུ་རྩོམ་པ་པོ་ཁོང་གི་བརྩམས་སྒྲུང་བསྡུས་དེབ་ཀྱི་གྲས་སུ་བཞག་ནས་དེབ་ཀྱི་ཁ་བྱང་ལའང《ལམ་གྱི་ཉི་འོད》ཅེས་བཀོད་པ་བཅས་ནི་བརྩམས་ཆོས་འདིའི་གནས་ཚུལ་རགས་ཙམ་ཡིན།  
      འདིར་སྒྲུང་ཐུང་དེའི་ཁྱད་ཆོས་སྐོར་ཅུང་ཟད་གླེང་བར་འདོད་དེ། རྩོམ་རིག་བརྩམས་ཆོས་གང་འདྲ་ཞིག་ཡིན་རུང་ནང་གི་བརྗོད་བྱ་དེ་ཕྱིའི་རྗོད་བྱེད་ཀྱི་རྣམ་པས་ཇི་ལྟར་མངོན་དུ་བཅུག་ཡོད་པའི་ཐོག་ནས་རྩོམ་ཡིག་དེའི་ཁྱད་ཆོས་མཐོང་དགོས་ལ། 《ལམ་གྱི་ཉི་འོད》ཅེས་པའི་བརྩམས་སྒྲུང་འདིར་ཡང་བརྗོད་བྱའི་དོན་གྱི་ཟབ་ཚད་དང་། རྗོད་བྱེད་ཚིག་གི་སྒྱུ་རྩལ། གཞན་བྱུང་རིམ་དང་སྒྲིག་གཞི་གང་གི་ཐད་ནས་བག་ཆགས་ཆེས་ཟབ་མོ་བཞག་སོང་བས། འདིར་རང་ཉིད་ཀྱིས་མྱོང་ཚོར་གླེང་བ་ལ།
དང་པོ།  བརྗོད་བྱའི་དོན་གྱི་འབབ་ས། 
        གོང་དུ་བརྗོད་ཟིན་པ་ལྟར་རྩོམ་རིག་གིས་མི་རྣམས་ལ་བསམ་བློའི་རྒྱགས་ཕྱེ་བསྣམས་ཡོང་བ་ཡིན་ན།  བརྩམས་ཆོས་གང་ཡིན་ཡང་རང་ཉིད་ཀྱི་ནང་སྙིང་དུ་གཏམས་པའི་བརྗོད་དོན་ཞིག་མེད་པར་ཚིག་གི་ལོ་མ་སྤུངས་པ་མང་དྲགས་ན་ཀློག་པ་པོ་གང་མང་ཞིག་གི་དུས་ཚོད་ཟད་པའི་རྒྱུ་རུ་ཟད་ཅིང་། དེ་ལྟ་བུའི་བརྩམས་ཆོས་དག་རྩོམ་རིག་གི་གར་སྟེགས་སུ་ཚེ་སྲོག་གི་རྒྱུན་ཡུན་རིང་དུ་གནས་མི་ཐུབ།    རྩོམ་རིག་བརྩམས་ཆོས་ཀྱི་རྩོམ་ལུས་མི་འདྲ་བས་བརྗོད་སྙིང་ཕྱིར་མངོན་སྟངས་ཡང་མི་འདྲ་བར།  སྙན་ངག་དང་ལྷུག་རྩོམ་ལྟ་བུར་མཚོན་ནའང་བརྗོད་འདོད་ཀྱི་བསམ་བློ་ཐད་ཀ་ཐད་ཀར་སྟོན་པར་གོམས་ཤིང་།  བརྩམས་སྒྲུང་ནི་དེ་ལས་ལྡོག་སྟེ་མི་སྣའི་གསར་བཞེངས་དང་བྱུང་རིམ་བཀོད་སྒྲིག་རྙོག་འཛིང་གི་གོ་རིམ་ཁྲོད་ན་མངོན་ཆུང་གིས་སྐུང་ཡོད་པ་དང་། དེ་ཇི་ལྟར་སྔོག་རྒྱུ་ནི་ཀློག་པ་པོར་སྤྲད་པའི་འོས་འགན་རེད།  "བརྩམས་སྒྲུང་གང་རུང་ཞིག་གི་སྤུས་ཀར་གདེང་འཇོག་བྱེད་སྐབས། ཛ་དྲག་ཆེ་བའི་བྱུང་རིམ་དང་རྩེད་མཚར་ཁ་པོའི་ཚིག་སྦྱོར་སོགས་ཕྱི་ངོས་ཀྱི་སྣང་ཚུལ་ཙམ་ལ་གཞི་བཅོལ་བ་མ་ཡིན་པར། མི་སྣ་དང་བྱུང་རིམ། སྒྲིག་གཞི་སོགས་ཀྱི་བར་གསེང་དུ་སྐུང་བའི་གཏིང་ཟབ་པའི་བསམ་བློ་དེ་འཛིན་རྒྱུ་གལ་ཆེ། དེ་ལྟ་བུའི་བསམ་བློ་ནི་རྒྱུན་པར་སྤྱི་ཚོགས་དང་མི་ཚེ། རིག་གནས། ལས་དབང་སོགས་ལ་དམིགས་ནས་བྱུང་པ་ཞིག་ཡིན་ཞིང་། ལྗིད་ཚད་འདི་ལྟ་བུ་ཞིག་ཡོད་ཚེ་བརྩམས་སྒྲུང་དེར་ད་གཟོད་ཚེ་སྲོག་ཞུགས་ཡོད་པ་རེད།"ཅེས་པ་ལྟར་ང་ཚོས་བརྩམས་སྒྲུང་གི་ཕྱི་ཤུན་བསྐྱུར་ནས་ནང་སྙིང་རྟོགས་དགོས།
     《ལམ་གྱི་ཉི་འོད》ལ་མཚོན་ན་དེང་སྐབས་ཀྱི་ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གྲུ་ཟུར་ཞིག་རྒྱབ་ལྗོངས་སུ་བྱས་ཤིང་།  མི་སྣ་གཙོ་བོ་ལྷ་མཛེས་ཀྱི་དུས་ཚོད་ངེས་ཅན་ཞིག་རིང་གི་འཚོ་བའི་སྣང་བརྙན་ཞིབ་ཏུ་བཀོད་པ་བརྒྱུད།  ལམ་གྱི་ཉི་འོད་ཀྱིས་གཙེས་པའི་ལྷ་སའི་གྲོང་ཁྱེར་ན་ཉི་འོད་ཀྱིས་ཀྱང་མཐོང་མ་ཐུབ་པའི་མི་སྣའི་སེམས་ཁམས་དང་སྤྱི་ཚོགས་ཀྱི་གྲུ་ཟུར་མང་པོ་ཞིག་ལྷང་ལ་ཕུད་དེ་མིའི་རང་གཤིས་དང་བརྩེ་བ་ལྷད་མེད་ཅིག་ལ་སྤྱི་ཚོགས་ཀྱིས་ཇི་ལྟར་རྡུང་རྡེག་གཏོང་བའི་ནག་ཉེས་རྗེན་པར་བཏོད་ཡོད་པ་ཞིག་རེད། འདི་ལྟར་མཐའ་གཅིག་ཏུ་སྡོམ་ཚིག་འགོད་རྒྱུ་ནི་དཀའ་བའི་ལས་ཤིག་ཡིན་རུང་། བརྩམས་སྒྲུང་འདི་ཐོག་མར་ཀློག་དུས་ཀྱི་བག་ཆགས་ངོས་ནས་བཤད་ན་ཕྱི་ངོས་ཀྱི་མི་སྣའི་བར་གྱི་བརྩེ་དུང་གི་གཏམ་རྒྱུད་དེའི་གས་ཆག་ལ་སེམས་འཚབ་སྐྱེས་པ་ལས་དེ་ལྷག་པའི་བརྗོད་དོན་ཟབ་མོ་ཞིག་ལ་གོ་བ་ལོན་མེད་པར།  ཉི་འོད་ཀྱིས་གཙེས་པའི་ལྷ་སའི་གྲོང་ཁྱེར་གྱི་གྲུ་ཟུར་ཞིག་ལ་ལས་ཀར་སྒུག་པའི་དམིགས་བསལ་གྱི་བཀོད་སྒྲིག་འདིས་ན་གཞོན་ལས་ཤོར་བ་མང་པོ་ཞིག་མཉམ་དུ་བསྡུས་པ་དང་། ལྷ་མཛེས་དང་ཕུན་རྣམ་གཉིས་ཀའང་དེའི་གྲས་ཡིན། ཁོ་གཉིས་ནི་མཉམ་གཅིག་སྡོད་པའི་དུས་ཡུན་རིང་བས་ལས་ཀར་སྒུག་པའི་གོ་རིམ་ཁྲོད་ཕན་ཚུན་ལ་མིག་གི་འཁྲེང་ས་དང་སེམས་ཀྱི་ཁེན་སར་གྱུར་ཡོད་ལ། ཁོ་གཉིས་ཀྱི་སེམས་སུ་ཕན་ཚུན་ལ་བརྩེ་དུང་གི་མྱུ་གུ་རེའང་འབུས་ཡོད། དེ་བས་ལྷ་མཛེས་ཀྱི་མིག་ནང་དུ་ཕུན་རྣམ་གྱིས་ཐ་མག་འཐེན་པའི་བཟོ་ལྟ་དེ་སྙིང་དུ་སྡུག་ཅིང་རྫིག་ཉམས་དོད་པོ་ཞིག་ཏུ་ཆགས་ཡོང་བ་དང་།  ཕུན་རྣམ་གྱིས་ཀྱང་སྐྱེ་བ་ཕྱི་མར་སྒུག་དགོས་ཀྱང་རང་ཉིད་ཕྱུག་པོ་ཆགས་ན་ལྷ་མཛེས་ལ་ཞྭ་མོ་དམར་པོ་ཞིག་ཉོ་རྒྱུའི་དམ་བཅས། དེ་ལྟར་ཁོར་ཡུག་ཆུང་ཆུང་དེས་གསོས་བའི་ལྷད་མེད་པའི་བརྩེ་དུང་ཞིག་ན་གཞོན་ཕོ་མོ་ཁོ་ཚོར་དབང་བའི་བགོ་སྐལ་ཡིན་ཡང་། "རླངས་འཁོར་ནག་པོ"དང"ནང་མ་ཁང"གི་འུར་སྒྲས་ཁོ་ཚོའི་བརྩེ་དུང་ལ་གས་ཆག་བཏང་སོང་བ་རེད།  དེ་ལྟ་བུའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ལ་ཁུངས་སྣེ་མཐུད་དེ་དོན་དུ་བརྩེ་དུང་གི་གཏམ་རྒྱུད་བརྗོད་འདོད་པ་མ་ཡིན་པར། བརྩེ་དུང་གི་གཏམ་རྒྱུད་དེའི་ཁུངས་སུ་ཉལ་བའི་བརྗོད་དོན་ཞིག་རྗེན་པར་སྟོན་པའི་འདོད་པའི་དབང་གིས་རྩོམ་པ་པོས་ལྷ་མཛེས་ཀྱི་སེམས་ཀྱི་དྲན་འཆར་མང་པོ་ཞིག་བྲིས་ནས།  སྤྱི་ཚོགས་ཀྱི་གསང་སྙིག་གང་མང་ཞིག་ལ་ཁེལ་ཅི་ཐུབ་བྱས་ཡོད་ལ། དེ་དག་ནི་བརྩམས་སྒྲུང་འདིས་དངོས་ཡོད་སྤྱི་ཚོགས་ལ་གཟས་པའི་བརྗོད་དོན་ཡིན།
      བརྩམས་སྒྲུང་འདིར་མཐོང་སྣེ་གཞན་ཞིག་ནས་བལྟས་ན་རྩོམ་པ་པོས་ལྷ་ས་ནི་ལྷ་ས་གཅིག་པོ་མ་ཡིན་པར་བོད་ཁུལ་གྱི་གྲོང་ཁྱེར་གང་རུང་ཞིག་ལ་གོ་ཆོག་པ་དང་། དེར་འཚོ་བའི་ན་གཞོན་ཕོ་མོ་དག་ལྷ་མཛེས་དང་ཕུན་རྣམ་གྱིས་མཚོན་པར་བྱས་ནས།  ད་སྐབས་ཀྱི་འཚོ་བའི་ཁོར་ཡུག་འོག་ན་གཞོན་མང་པོ་ཞིག་གི་འཚོ་གནས་ཉམ་ཆུང་བ་དང་ཉམ་ཆུང་བའི་འཚོ་གནས་དེའི་ཆེད་དུ་གཞོན་ནུ་ཚོས་མི་ཚེའི་དུས་ཚོད་མང་པོ་ཞིག་བརླགས་ཀྱང་། ཁོ་ཚོར་ཐོབ་པ་ལས་ཤོར་བ་མང་བས། འཚོ་ཚོས་ཀྱི་སྡུག་ཡུས་ཀྱིས་བསྣོག་པའི་གཞོན་ནུ་དེ་དག་ལ་མི་ཚེའི་མདུན་ལམ་ཟེར་བ་དེ་ཡང་ཕུགས་རྒྱང་རིང་པོ་ཞིག་ལ་གཏད་ས་མེད་པར། གྲོང་ཁྱེར་གྱི་དཀར་སེར་དམར་ལྗང་གི་ཁོར་ཡུག་འོག་ན་བོད་ཀྱི་ན་གཞོན་དག་གི་ལང་ཚོའི་མེ་ཏོག་ཤེས་མེད་ཚོར་མེད་ངང་ཟད་འགྲོ་བའི་ངང་ཚུལ་ལ་འཁང་སེམས་བསྟན་ཡོད་པ་དེ་རེད།

གཉིས་པ། རྗོད་བྱེད་ཀྱི་ཚིག་གི་འགྲོས། 
        བོད་ཀྱི་རྩོམ་པ་པོའི་སྡེ་རུ་བོད་སྐད་ཀྱི་མིང་བརྡའི་གྲངས་ཚད་ཀྱིས་བརྩམས་སྒྲུང་གི་ཕྱི་ཤུན་གྲུབ་མི་ཐུབ་པའི་གཏམ་བཤད་མྱོང་ཡང་། བོད་སྐད་ཀྱི་ལམ་ནས་ཐོན་པའི་བརྩམས་སྒྲུང་རིང་ཐུང་གི་གྲངས་ཚད་ཀྱིས་བཤད་སྒྲོས་དེ་ལ་བདེན་པའི་ཁུངས་གཏན་ནས་མེད་པའི་ར་སྤྲོད་གནང་ཡོད། དེར་མ་ཟད་རྒྱའི་སྒྲུང་རིང་ཆེན་མོ《ཆུ་ངོགས་གཏམ་རྒྱུད》ལྟ་བུ་དང་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་དག་ཀྱང་བོད་སྐད་ཀྱིས་ཇི་བཞིན་མཚོན་ཐུབ་པ་ལ་དཀའ་ཁག་གང་ཡང་བྱུང་མེད། སྐད་ཡིག་ལ་ཁག་འགེལ་བ་དེ་གཙོ་བོ་རྩོམ་པ་པོ་རང་ཉིད་ཀྱི་ཆུ་ཚད་ལ་རག་ལས་པ་ཞིག་རེད་སྙམ་ལ། འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་ལ་བལྟས་ཡོང་ན་མི་རིགས་གང་ཞིག་ཡིན་ཡང་སྐད་ཡིག་གི་ཚེ་སྲོག་དེ་རྩོམ་རིག་དང་དམ་དུ་འབྲེལ་ཡོད་དེ། རྩོམ་པ་པོས་རྩོམ་རིག་གསར་རྩོམ་ཞེས་པ་དེ་རང་སྐད་ཀྱི་ཨ་འཐས་ལ་འཇུས་ནས་ཐ་སྙད་རྙིང་བ་འགའ་རེ་བསྐྱར་ཟློས་བྱེད་པ་ཙམ་མ་ཡིན་པར། ཐ་སྙད་དང་བརྗོད་སྟངས་ཀྱི་ཆ་ལའང་རྩོམ་པ་པོ་རང་གི་ཁྱད་ཆོས་བཏོད་ཐུབ་པ་ཡིན་ན། ད་གཟོད་མི་རིགས་རང་གི་སྐད་ཡིག་ལ་རྩོམ་རིག་གིས་ཚེ་སྲོག་གི་དབུགས་དབྱུང་གནང་ཐུབ་པར་གདོན་མི་ཟ། དེ་བས་དེང་སྐབས་བོད་སྐད་ཀྱི་བརྡ་སྤྲོད་ཞིབ་འཇུག་ཅེས་པ་དེའང་སྲོལ་རྒྱུན་འཆིང་ཞགས་དེ་ལས་གསར་གཏོད་འགྱུར་བ་གཏོང་ཁག་པའི་གནས་སུ་ལྷུང་ཡོད་པའང་། དེང་རབས་རྩོམ་པ་པོའི་སྡེ་ན་བོད་སྐད་ཀྱི་འདྲ་དཔེ་བཀོད་ཆོག་པའི་བརྩམས་ཆོས་དཔེ་ལེགས་ཅན་ཉུང་སོང་བའི་རྐྱེན་ཡིན་ལ། བོད་ཀྱི་རྩོམ་པ་པོའི་སྡེ་ནས་གསར་རྩོམ་གོ་རིམ་ཁྲོད་རྩོམ་རིག་གི་སྐད་ཆ་དང་དོད་ཆེས་ཆེར་བྱས་པ་ཡིན་ན་རྩོམ་རིག་ཁོ་ནའི་རྒྱལ་ཁ་མ་ཡིན་པར་བོད་སྐད་ཀྱང་དུས་བསྟུན་འགྲོས་བསྐྱོད་ཐུབ་པ་ཡིན།
     བོད་སྐད་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་ཡུལ་སྐད་ཀྱི་བར་ཐག་ཅུང་ཆེ་བ་དེ་ཡིན་ཡང་། བར་ཐག་དེ་ནི་ཁ་སྐད་ཀྱི་བར་ཐག་ཅིག་ལས་རྩོམ་རིག་གསར་རྩོམ་ཁྲོད་བར་ཐག་དེ་མ་མཆིས་པར་མདོ་སྨད་ཀྱི་རྩོམ་པ་པོའི་བརྩམས་ཆོས་དབུས་གཙང་གི་ཀློག་པ་པོས་ཀྱང་གོ་ཐུབ་ལ། དབུས་གཙང་གི་རྩོམ་པ་པོས་བྲིས་པ་ཨ་མདོའི་ཀློག་པ་པོས་གོ་བ་ལེན་པར་བཀག་རྒྱ་གང་ཡང་མ་མཆིས་པ་ཡིན། བརྩམས་སྒྲུང་ལྟ་བུའི་རྩོམ་ལུས་ཁྱད་པར་བ་འདི་ལ་མཚོན་ན་མི་སྣའི་སྐད་ཆ་ཞིབ་འབྲིའི་དགོས་དབང་གིས་ས་གནས་རང་བཞིན་ཆེས་མངོན་པར་གསལ་བ་རེ་མཐོང་ཡོང་བར། ཡུལ་སྐད་ཕན་ཚུན་ལ་ཐོས་རྒྱ་ཅུང་སྐྱེད་པ་ཡིན་ན་གོ་བ་ལེན་ཐུབ་དཀའ་བའི་ཚོད་མ་ཡིན་ནོ།། 
     《ལམ་གྱི་ཉི་འོད》ལྟ་བུར་མཚོན་ན་ཞིབ་འབྲི་བྱས་པ་གསོན་ཉམས་ལྡན་པས་གཏམ་རྒྱུད་གྱི་གོ་རིམ་དང་མི་སྣའི་སྣང་བརྙན་ཚང་མ་གློག་བརྙན་ཚན་པ་ཞིག་ལ་བལྟས་པ་ལྟ་བུའི་བག་ཆགས་ཟབ་མོ་ཞིག་བཞག་སོང་པ་དང་། བརྩམས་སྒྲུང་གི་མགོ་ནས་མཇུག་བར་གཏམ་རྒྱུད་ཀྱི་འགྲོས་དང་བསྟུན་ནས་རྗོད་བྱེད་ཀྱི་ཚིག་ལའང་སྐྱོམ་འཇགས་ཀྱི་འགྱུར་ཁུགས་ཤིག་མངོན་པར་གསལ་བས་བརྩམས་སྒྲུང་འབྲི་བ་དང་སྒྲུང་བཤད་པ་གཉིས་ཀྱི་བར་ན་སྐད་ཆའི་བཙོ་སྦྱང་ཡོད་མེད་ཀྱི་སྒྱུ་རྩལ་གྱི་ལས་སྣོན་ཞིག་ལྷགས་ཡོད་པའི་ངེས་ཤེས་སྐྱེད་ཐུབ་པ་དང་། རྩོམ་པ་པོའི་གསར་རྩོམ་ཐད་གནས་པའི་སྐད་ཆའི་རང་གཤིས་ཤིག་ཀྱང་མངོན་ཡོད་པས།  ཁོང་གི་བློ་ཞིབ་མོས་ཞུན་བརྡར་བཅད་པའི་སྐད་ཆའི་སྒྱུ་རྩལ་དེ་མཐོང་ཡོང་དུས་སྐད་ཡིག་ལ་རྩོམ་རིག་གིས་ལང་ཚོ་སྦྱིན་ཐུབ་པའི་བདེན་པ་དེ་མཐོང་ཐུབ་ལ། འདི་ཡང་རྩོམ་པ་པོ་ཁོང་གི་བརྩམས་ཆོས་འདི་གཅིག་པོ་མ་ཡིན་པར་གསར་རྩོམ་གོ་རིམ་ཧྲིལ་བོ་ནས་མངོན་ཐུབ་པའི་སྒྱུ་རྩལ་གྱི་འཚོལ་སྙེག་ཅིག་རེད།
     རྩོམ་ཡིག་འདི་ལ་མཚོན་ན་དབུས་ཀྱི་ལྷ་སའི་གྲོང་གི་ས་སྐྱེས་?་སྐྱེས་ཀྱི་མི་སྣའི་འཚོ་བ་བརྗོད་བྱར་བྱས་པ་ཞིག་ཡིན་པས།  མི་སྣའི་གཤིས་ཀ་དང་འཚོ་བ་དངོས་མཚོན་པའི་ལབ་གླེང་ཞིག་ཞིབ་འབྲི་བྱེད་པར་ཅིས་ཀྱང་དབུས་སྐད་ཀྱི་ལམ་ནས་འབྲི་དགོས་པ་དང་། ཐེངས་སྔོན་མར་རྩོམ་ཡིག་འདིར《སྦྲང་ཆར》རྩོམ་ཡིག་བྱ་དགའ་གནང་དུས་ཀྱང"རྩོམ་པ་པོ་ཨ་མདོ་བ་ཞིག་གིས་དབུས་སྐད་ཀྱི་ལམ་ནས་བྲིས་པ"ཞེས་གདེང་འཇོག་གནང་ཡོད་པའང་། གཙོ་བོ་མི་སྣའི་སྐད་ཆ་ཐད་ལ་བརྗོད་པ་ལས་གཞན་པའི་ལྷུག་བརྗོད་ཐད་ལ་ཡུལ་སྐད་ཀྱི་ཁྱད་པར་ཡོད་པ་མ་ཡིན།  བརྩམས་སྒྲུང་འདིའི་སྐད་ཆ་ཞིབ་འབྲི་དེ་དབུས་སྐད་ཀྱི་ལམ་ནས་བྲིས་པ་ཁོ་ནའི་ཁྱད་ཆོས་ཤིག་མ་ཡིན་པར་མི་སྣའི་སྐད་ཆའི་དེ་དག་གིས་བརྗོད་དོན་གྱི་ཕུགས་བརྟོལ་བར་རམ་འདེགས་ཐོན་ཡོད་པ་རྐྱང་རྐྱང་ཡིན་ཏེ། དཔེར་ན། ཕུན་རྣམ་གྱིས་ལྷ་མཛེས་ལ་རྗེས་མར་ང་རང་ཕྱུག་པོ་ཆགས་ན་རང་ལ་ཞྭ་མོ་དམར་པོ་ཞིག་ཉོ་ཡོང་ཞེས་པའི་ལན་དུ་ལྷ་མཛེས་ཀྱིས་ཇོ་རང་གི་སྐད་ཆ་དེ་ངས་ཡིད་ལ་བཟུང་ཡོད། ཁྱེད་རང་འགྱུར་བ་མ་གནང་ཨང་ཞེས་བཤད་པ་དང་། ཕུན་རྣམ་གྱིས་ཡང་བསྐྱར་ཕྱུག་པོ་ཆགས་པ་ནི་སྐྱེ་བ་ཕྱི་མ་ཡིན་ན་ཐང་ཞེས་པར་ལྷ་མཛེས་ཀྱིས་སྐྱེ་བ་ཕྱི་མ་ཡིན་ནའང་སྒུག་ཆོག་གོ་ཞེས་བཤད་པའི་ལབ་གླེང་འདི་ལས་ཁོ་གཉིས་ཀྱི་ལྷད་མེད་པའི་སེམས་པ་དང་ཕུགས་རིང་བའི་བརྩེ་དུང་ཞིག་བསྟན་ཡོད་པ་དང་། བརྩམས་སྒྲུང་འདིའི་བརྗོད་བྱའང་བརྩེ་དུང་འདི་ཁུངས་སྣེ་བྱས་ནས་སྤེལ་ཡོད། གཞན་ལྷ་མཛེས་སོགས་ལས་གླར་འགྲོ་སའི་རླངས་འཁོར་ཁ་ལོ་དེས"སྤྱི་ཚོགས་རྙིང་པའི་སྐབས་སུ། མི་ཚང་མར་གཡོག་ལས་མང་དྲགས་པའི་སྡུག་བསྔལ་ཡོད་རེད། ད་ལྟ་ནི་སྤྱི་ཚོགས་རྙིང་བ་འདྲ་པོ་ཡོད་པ་མ་རེད། མི་ཚང་མར་གཡོག་ལས་རྒྱུག་ས་མེད་པའི་སྡུག་བསྔལ་ཡོད་རེད།"ཅེས་པ་འདི་ལས་སྤྱི་ཚོགས་ཀྱི་འཕེལ་འགྱུར་ལས་ཐོན་པའི་བརྡ་རྟགས་ཤིག་བསྟན་ནས་དེ་ལས་ཐོན་པའི་གཡོག་རྒྱུག་ས་མེད་པའི་དཀའ་ཁག་ལ་ཅི་ལྟར་གདོང་གཏད་དགོས་པར་དྲི་གཞི་བཏོན་པ་ཡིན་ལ།  རྩོམ་ཡིག་ཧྲིལ་བོའི་བརྗོད་བྱའི་སྲོག་སྦྲུམ་པར་གལ་ཆེའི་ནུས་པ་ཐོན་ཡོད།
        འདི་ལྟ་བུའི་སྐད་ཆའི་ཞིབ་འབྲི་མ་ཟད། རྩོམ་ཡིག་གི་མགོ་མཇུག་རྩ་ལམ་ཀུན་ལ་ཁྱབ་པའི་སྙན་ངག་གི་ཉམས་དེས་རྩོམ་པ་པོས་མི་སྣའི་གཟུགས་རིས་ཞིབ་འབྲི་དང་འགུལ་སྐྱོད་ཞིབ་འབྲི། སེམས་ཁམས་ཞིབ་འབྲི་སོགས་ཀྱི་ཐད་ནས་ཀྱང་རྩོམ་པ་པོས་ཡུལ་དེར་དངོས་སུ་སླེབས་པ་དང་མི་དེར་དངོས་སུ་འཕྲད་པ་ལྟ་བུའི་མྱོང་ཚོར་སྟེར་ཐུབ་སྟེ། དཔེར་ན།  ལྷ་མཛེས་ནི་སེམས་པ་ཧ་ཅང་སྙི་བའི་བུ་མོ་ཞིག་སྟེ། མོས་ཕུན་རྣམ་གྱིས་སྣང་མེད་དུ་ལབ་པའི་སྐད་ཆ་དེ་ཐོས་མ་ཐག་ཏུ་སེམས་གཏིང་དུ་དྲོད་ཅིག་འཁྱིལ་ཡོང་བ་དང་། དྲོད་དེ་མཇུག་མཐར་མིག་ནང་དུ་འཁྱིལ་ཡོང་སྟེ་མིག་མཐའ་དྲོད་ལམ་ལམ་བྱེད།"ཅེས་པ་ལྟ་བུ་དང་། རྩོམ་ནང་དུ་འདི་ལྟ་བུའི་ཚོར་བ་ཞིབ་མོའི་ཞིབ་འབྲི་མང་པོ་མཐོབ་ཐུབ། 
གསུམ་པ། རྩོམ་གྱི་སྒྲིག་གཞིའི་ཁྱད་ཆོས།
        བརྩམས་སྒྲུང་གི་གྲུབ་ཆ་ཁག་ལས་སྒྲིག་གཞིའི་བཀོད་སྒྲིག་ནི་རྩོམ་པ་པོས་བློ་ཞིབ་མོས་གསར་གཏོད་བྱས་པ་ཞིག་ལས་གཏམ་རྒྱུད་ཀྱི་རང་བྱུང་གི་གོ་རིམ་དང་བསྟུན་ཆོག་པ་ཞིག་མ་ཡིན་པས། བྱུང་རིམ་བཀོད་སྒྲིག་ནི་བརྩམས་སྒྲུང་ཞིག་ལ་མཚོན་ནས་བཤད་ན་གལ་ཆེ་ཞིང་གནད་ཀྱི་མདོ་དམ་པ་རེད། དེ་བས།  《ལམ་གྱི་ཉི་འོད》ལ་མཚོན་ནའང་། དུས་ཚོད་དང་མི་སྣ། ཁོར་ཡུག་འོས་ཤིང་འཚམ་པ་ཞིག་བློ་བཀོད་བྱས་ནས་གཏམ་རྒྱུད་ཀྱི་ལྷུ་བསྒྲིགས་ཡོད་ལ། མི་སྣའི་འགུལ་བསྐྱོད་དེ་དུས་ཀྱི་བྱུང་རིམ་དང་བསྟུན་ནས་འབྲི་བཞེངས་དང་། གཏམ་རྒྱུད་ཀྱི་སྒྲིག་རིམ་ཚགས་དམ་ཞིང་འཕེལ་འགྱུར་གྱི་གོ་རིམ་ཁྱད་དུ་འཕགས་པ་དེས་ཀློག་པ་པོར་ཡིད་ཀྱི་དྭངས་མ་འདྲེན་པའི་ནུས་པ་བླ་ལྷག་ཅིག་ཐོན་འདུག  ལྷག་པར་དུ་གཏམ་རྒྱུད་ཧྲིལ་བོ་ཞྭ་མོ་དམར་པོ་ཞིག་གིས་ཁུངས་སྣེ་བྱས་ཏེ་དེ་མི་སྣ་དང་ཁོར་ཡུག་མི་འདྲ་བའི་སྟེང་འཕོས་སུ་བཅུག་སྟེ་བརྗོད་དོན་སྟོན་ཐུབ་བྱས་པ་འདི་རྩོམ་པ་པོས་ཀུན་དང་མི་མཐུན་པའི་སྒྲིག་གཞི་ཞིག་འཚོལ་ཞིབ་བྱས་པ་ཡིན་ལ།  འདི་ལྟ་བུའི་སྒྲིག་གཞི་ནི་རྩོམ་པ་པོའི་ཧུར་ཐག་གི་གསར་རྩོམ་གྱི་ལྟ་ཚུལ་དང་ཡུན་རིང་འབད་བརྩོན་ལྷོད་མེད་ཀྱིས་སྒྱུ་རྩལ་འཚོན་ཐབས་འཚོལ་སྙེག་བྱས་ནས་ཐོན་པའི་གྲུབ་འབྲས་ཤིག་ཡིན་ངེས་རེད།  
   《ལམ་གྱི་ཉི་འོད》ཁྲོད་དུ་ཞྭ་མོ་དམར་པོ་དེ་གཏམ་རྒྱུད་ཧྲིལ་བོ་གོང་བུ་གཅིག་ཏུ་སྒྲིལ་བྱེད་ཀྱི་རྒྱུན་ཐག་ཅིག་ཏུ་ཆགས་ཡོད་པས།  བྱུང་རིམ་སྤྱིའི་ཆ་ནས་བཤད་ན་རྙོག་འཛིང་མ་ཡིན་པར་ཀློག་ཐེངས་གཅིག་གིས་ཀློག་པ་པོའི་ཡིད་ལ་བག་ཆགས་ཀྱི་རི་མོ་གསལ་བོ་འབབ་ཐུབ་པའི་ཚོད་དུ་འདུག་ལ།  ཞྭ་མོ་དམར་པོ་དེ་ལྷ་སའི་ཉི་འོད་ཀྱིས་གཙེས་པའི་བུ་མོ་གཞོན་ནུ་མ་ཞིག་གི་ཆེས་ཡིད་དུ་འོང་བའི་མཛེས་ཆས་སུ་སྤྲས་པ་དང་། རླུང་བུ་སྡོམ་པོ་ཞིག་གིས་ཆེས་ཡིད་དུ་འོང་བའི་ཞྭ་མོ་དེ་རྒྱུག་ཆུའི་ནང་ཁུར་སོང་བའི་དེ་ལས་མགོ་བརྩམས་ཡོད་པ་དང་། ཆུས་ཁུར་སོང་བའི་ཞྭ་མོ་དེ་དང་འབྲེལ་བའི་མི་སྣའི་སེམས་ཁམས་དང་གཏམ་གླེང་ཞིབ་འབྲི་བྱས་པ་བརྒྱུད་དེ་ལྷ་མཛེས་ཀྱིས་ཞྭ་མོ་དམར་པོ་དེ་ཉོས་པའི་གོ་རིམ་དང་སུ་ཞིག་གི་ཆེད་དུ་ཉོས་པ་བྲིས་ཏེ་གཏམ་རྒྱུད་ཀྱི་རྨང་བཏིངས་པ་དང་།  ལྷག་པར་དུ་ཞྭ་མོ་དམར་པོ་དེར་ལྷ་མཛེས་དང་ཕུན་རྣམ་གཉིས་ཀྱི་བརྩེ་དུང་གི་གཞི་ས་བསྐྲུན་པར་སྐད་ཆ་ཞིབ་འབྲིའི་ལམ་ནས་མཚོན་པ་འདིས་གཏམ་རྒྱུད་གོ་རིམ་ལ་མཐོ་རླབས་ཤིག་སྐྱོམས་ཡོད་པ་དང་། དེ་ལས་ཞྭ་མོ་དམར་པོ་དེའང་མཛེས་ཆས་ཙམ་མ་ཡིན་པར་ན་གཞོན་ཕོ་མོ་གཉིས་ཀྱིས་ཡུན་རིང་སེམས་ལ་སྒོམ་པའི་བརྩེ་དུང་གི་མཚོན་རྟགས་ཤིག་ཏུ་གྲུབ་ཡོད།  གཏམ་རྒྱུད་ཀྱི་གོ་རིམ་ཧྲིལ་བོར་རྒྱུག་ཆུས་ཁུར་སོང་བའི་ཞྭ་མོ་དམར་པོ་དང་རླངས་འཁོར་ཁ་ལོ་བས་བྱིན་པའི་ཞྭ་མོ་དམར་པོ། ཕུན་རྣམ་གྱི་ཞྭ་མོ་དམར་པོ་བཅས་ཞྭ་མོ་དམར་པོ་གསུམ་བྱུང་པ་དང་།  ཞྭ་མོ་དེ་དག་ཁ་དོག་དང་དབྱིབས་གང་གི་ཐད་ནས་གཉིས་སུ་མེད་ཀྱང་བརྩེ་དུང་དྲོན་མོ་ཞིག་གི་མཚོན་རྟགས་ཡིན་ཕྱིན་མི་སྣའི་སེམས་ལ་བཞག་པའི་བརྩེ་བ་མི་འདྲ་བས།  རྩོམ་པ་པོས་ཕུན་རྣམ་དང་རླངས་འཁོར་ཁ་ལོ་བ་གཉིས་ཀྱིས་བཤད་པའི་སྐད་ཆ་དག་གིས་བསྐྱེད་པའི་ལྷ་མཛེས་ཀྱི་སེམས་ཁམས་ཞིབ་འབྲི་བྱས་ཡོད་པ་དང་། རླངས་འཁོར་ཁ་ལོ་བས་ཀྱང་ཕུན་རྣམ་གྱི་སྐད་ཆ་ལད་ཟློས་བྱེད་པ་ནང་བཞིན་འདྲ་ཡང་མོའི་སེམས་སུ་ནམ་ཡང་ཕུན་རྣམ་དྲན་ཡོང་ཞིང་རླངས་འཁོར་ཁ་ལོ་བས་ཉོས་པའི་ཞྭ་མོ་དེའང་དམར་པོ་ཡིན་ཡང་མོར་ལེ་བདའ་གཏན་ནས་མ་སྐྱེས་པར། རྗེས་སོར་ཕུན་རྣམ་གྱིས་གཉོམ་དུང་དུང་གིས་ངས་ཞྭ་མོ་འདི་རང་ལ་ཉོས་པ་ཡིན་ཞེས་སྟེར་དུས་ལྷ་མཛེས་ཀྱིས་དྭངས་གཙང་གི་སེམས་པ་ཞིག་གཞི་ནས་མཐོང་སོང་ལ།  མོའི་ཡིད་དུ་ཕུན་རྣམ་ནི་སྐབས་དེར་གཡའ་དག་པའི་ལྷ་སའི་ནམ་མཁའ་ལྟར་ཡང་གཙང་དུ་གནས་ཤིང་། རང་ཉིད་ནི་ཟམ་འོག་ཏུ་རྒྱུག་པའི་ཆུ་བོ་དེ་བཞིན་མི་གཙང་བས་བསླད་ཡོད་པར་སྙམ་པ་དེ་ལས་བརྩེ་དུང་གི་བདེན་པ་ཞིག་དང་གས་ཆག་ཅིག་ཅིག་ཅར་དུ་མཐོང་ཐུབ་པ་དང་།   མཇུག་མཐར་ལྷ་མཛེས་དྲང་ལྡོག་གི་སོ་མཚམས་སུ་བཞག་ནས་རང་ཉིད་ཀྱི་ལམ་ཀ་ཞིག་བདམ་དུ་བཅུག་པར་འཇེབ་འཁོར་ནག་པོ་བསྡད་ནས་ཕུན་རྣམ་ལ་རྒྱབ་གཏད་ནས་ཆས་པའི་སྐྱོ་གར་དེས་གཏམ་རྒྱུད་ཀྱི་མཇུག་བསྡུས་འདུག
       སྤྱིར་སྒྱུ་རྩལ་བརྩམས་ཆོས་ལ་མཐའ་གཅིག་ཏུ་གོ་བ་ངེས་གཏན་ཞིག་ཡོད་པས་མ་ཁྱབ་པར་ཀློག་པ་པོས་རང་སྐལ་གྱི་གོ་བ་རེ་བླངས་ཆོག་པས་མི་ཀུན་གྱིས་རང་དབང་གི་བགོས་སྐལ་དེར་ཨུ་ཚུགས་ཀྱིས་འཐམ་འདོད་པ་དེའང་རང་གཤིས་ཡིན་ཟེར། གང་ལྟར་རྩོམ་རིག་ལ་དགའ་མཁན་ཞིག་ཡིན་ན་བརྩམས་ཆོས་རེ་རེའི་ཕྱིའི་མཛེས་པ་དང་ནང་གི་བྲོ་བ་ལྷག་མེད་དུ་མྱང་འདོད་པ་སྨོས་མེད་རེད་ལ། ཀློག་མཁན་དེ་དག་གི་འདོད་བློ་སྐོང་ཐུབ་མིན་དེའང་རྩོམ་རིག་བརྩམས་ཆོས་ཤིག་ལེགས་འགྲུབ་བྱུང་ཡོད་མེད་ཀྱི་ཚད་གཞིར་བཟུང་ཆོག་པ་ཞིག་ཡིན་པས།  ལམ་གྱི་ཉི་འོད་ཀྱིས་ཀྱང་ཀློག་པ་པོ་གང་མང་ཞིག་གི་སེམས་ལ་དྲོད་ཁོལ་སྦྱིན་ནས་ཀློག་འདོད་ཀྱི་འདུན་པ་བླ་ལྷག་ཏུ་སྐྱེས་ཡོད་པའི་ཚོད་རེད། འདི་ཡང་རང་ཉིད་ཀྱིས་བརྩམས་ཆོས་འདི་བཀླགས་པའི་གོ་རིམ་ཁྲོད་བྱུང་བའི་སེམས་ཚོར་ཙམ་ལས་རྩོམ་རིག་འདིའི་སྒྱུ་རྩལ་གྱི་མཛེས་པ་མཐའ་དག་སྔོག་ཐུབ་ཡོད་སྙམ་པའི་སྤོབས་པ་ཅི་ཡང་མ་མཆིས་སོ། །

 


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
༄༅།། སྨོན་འདུན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1