ཕན་ཅི་ཝུན་གྱིས་ཐལ་སྤྱོད་རྩ་འཛུགས་ཀྱིས་ཨ་མེ་རི་ཁའི་གསར་འགོད་པ་དམར་གསོད་བཏང་བར་རྒོལ་གཏམ་དྲག་པོ་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22


             མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཐལ་སྤྱོད་རྩ་འཛུགས་ཀྱིས་ཨ་མེ་རི་ཁའི་གསར་འགོད་པ་ཧྥུའུ་ལེ་དམར་གསོད་བཏང་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། ནག་ཉེས་དེ་འདྲ་བཟོས་པའི་ལག་དམར་ངེས་པར་དུ་ཁྲིམས་ལ་སྦྱོར་དགོས་པ་ནན་བཤད་བྱས།
             ཏིས་ཡཱ་ལི་ཁི་ཡིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཕན་ཅི་ཝུན་གྱི་དོན་དེའི་ཐད་ཀྱི་གསལ་སྒྲོག་སྒྲོག་འདོན་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཡ་ང་བའི་ནག་ཉེས་དེ་ལས་ཨི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་མུ་མཐུད་དུ་ཨི་རག་དང་སི་རི་ཡའི་མི་དམངས་ལ་འཇིགས་སྐུལ་འཐབ་འཁྲུག་སྤེལ་བཞིན་པ་མཚོན་ཡོད་ཟེར། ཕན་ཅི་ཝུན་གྱིས་དམར་གསོད་ཐེབས་པའི་གསར་འགོད་པ་ཧྥུའུ་ལེ་ཡི་གཉེན་ཉེ་གྲོགས་པོ་དང་། ལས་གྲོགས་རྣམས་ལ་སྙིང་ཐག་པ་ནས་འཚམས་འདྲི་བྱས།
             ཨི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚེས་བཅུ་དགུའི་ཉིན་མཉམ་འབྲེལ་དྲ་རྒྱའི་སྟེང་བརྙན་རིས་ཤིག་སྤེལ་ཡོད་ལ། དེ་ལས་དྲག་ཆས་མི་སྣས་མི་གཏའ་ཞིག་དམར་གསོད་བཏང་སྟེ། ཨ་མེ་རི་ཁའི་དམག་དཔུང་གིས་ཨི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་བར་སྣང་ནས་འཇབ་རྒོལ་བྱས་པར་འཁོན་ལན་སློག་པ་རེད། བརྙན་རིས་ཁྲོད་ཀྱི་མི་གཏའ་དེ་ནི་ཨ་མེ་རི་ཁའི་གསར་འགོད་པ་ཧྥུའུ་ལེ་རེད། ཁོ་ནི་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པར་སི་རི་ཡ་ནས་བཅར་འདྲི་བྱེད་སྐབས་བཙན་ཁྲིད་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1