དཀར་མཛེས་ཁུལ་སྨན་ཁང་གིས་གྲྭ་བཙུན3000ལྷག་ལ་རིན་པ་མི་དགོས་པར་ལུས་པོ་ནད་བརྟག་བྱས།

ཨ་འཛི་བཟའ་ཀླུ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-15


       དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི2030ལོར་བསླེབ་དུས་བདེ་ཐང་འཛོམས་པའི་དཀར་མཛེས་ཁུལ་བསྐྲུན་ཐུབ་རྒྱུའི་བླང་བྱ་ལྟར། ཀྲུང་དབྱང་དང་ཞིང་ཆེན་གྱི་དབུལ་སྐྱོར་གནད་སྨིན་ལས་གཞི་དང་ཟུང་འབྲེལ་བྱས་ནས་ཉེ་ཆར་དཀར་མཛེས་ཁུལ་སྨན་ཁང་གིས་སྨན་བཅོས་མི་སྣ་སྒྲིག་འཛུགས་བྱས་ཏེ་གསེར་ཐར་རྫོང་གི་ཞིང་འབྲོག་མང་ཚོགས་ལ་རིན་པ་མི་དགོས་པ་ལུས་པོར་ནད་བརྟག་བྱས་པ་རེད། 
  ཐེངས་འདིར་ནད་བརྟག་བྱས་པའི་བྱེད་སྒོའི་ནང་དཀར་མཛེས་ཁུལ་སྨན་ཁང་གིས་མིག་ནད་ཚན་ཁག་དང་རུས་ནད་ཚན་ཁག འགོས་ནད་ཚན་ཁག་དང་མཁྲིས་མཆིན་ཚན་ཁག མོ་ནད་ཚན་ཁག འཕྲོ་འགྱེད་ཚན་ཁག བྱེད་ལས་ཚན་ཁག་དང་ཕྱི་ཕྱོགས་འབྲེལ་གཏུགས་ཁང་བཅས་ཀྱི་སྨན་བཟོས་མི་སྣ16ལས་གྲུབ་པའི་ལས་སྒྲུབ་ཚོ་ཆུང་གསེར་ཐར་རྫོང་ལྔ་རིག་ནང་བསྟན་སློབ་གླིང་དང་བླ་རུང་དགོན་གཉེར་ཨུ་ཡོན་ལྷན་ཁང་དུ་མངགས་ནས་གྲྭ་བཙུན་རྣམས་ལ་རིན་པ་མི་དགོས་པར་ལུས་པོར་ནད་བརྟག་དང་བདེ་ཐང་སློབ་གསོ་བྱས་པ་རེད། 
  ལས་སྒྲུབ་མི་སྣས་གྲྭ་བཙུན་ཚོའི་བདེ་ཐང་གི་འདུ་ཤེས་ཞན་པ་དང་། ནད་རིགས་གང་ཡོད་པ་དུས་ཐོག་ཏུ་མི་ཤེས་པ། ནམ་རྒྱུན་ནད་ཆུང་ངུ་ལ་སྣང་འཇོག་མི་བྱས་ནས་ནད་ཆེན་པོར་འགྱུར་བ་དང་ནད་ཆེན་པོ་ནད་ཚབས་ཆེན་ལ་བཏང་བས། ལུས་པོ་བདེ་ཐང་དང་ཚེ་སྲོག་ལ་གནོད་པ་ཚབས་ཆེན་ཐེབས་ཡོད་པར་དམིགས་ནས་དུས་ཐོག་ཏུ་ལུས་པོ་ནད་བརྟག་་བྱས་ནས་ནད་གཞི་ངོས་ཟིན་ཞིང་། སྨན་བཅོས་བྱེད་ན་སྨན་བཅོས་འགན་སྲུང་གི་དམངས་ཕན་སྲིད་ཇུས་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད་པས་དུས་ཐོག་ཏུ་སྨན་བཅོས་བྱ་དགོས་པ་སོགས་ཁྱབ་བསྒྲགས་བྱས་རྗེས། རྫ་ཆུ་ཁའི་ཐུམ་འབུའི་ནད་ལ་སྨན་བཅོས་བྱེད་པའི་དངོས་ཟིན་གློག་བརྙན་བསྟན། དེའི་ནང་དུ་ནད་ཀྱིས་མནར་བའི་ནད་པ་དག་མཐོང་དུས་གྲྭ་བཙུན་མང་པོར་སེམས་འགུལ་ཐེབས་ནས་མིག་ཆུ་ཤོར་ཞིང་ཁོང་ཚོར་རིན་མི་དགོས་པར་ནད་བརྟག་སྨན་བཅོས་དང་བདེ་ཐང་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་ཁྲིད་པར་དགའ་མགུལ་ཡི་རང་བྱས་པ་རེད།
  རྫོང་འཕྲོད་བསྟེན་ཁང་དང་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་། བླ་རུང་དགོན་གཉེར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ནད་བརྟག་སྨན་བཅོས་ཀྱི་བྱ་འགུལ་འདི་སྤེལ་བའི་ཁྲོད་སློབ་གླིང་གི་རྒྱང་སྒྲོག་དང་བསྟུན་ནས། བྱ་འགུལ་འདིའི་དམིགས་ཡུལ་དང་དོན་སྙིང་ཁྱབ་བསྒྲགས་གང་ལེགས་བྱས་པ་དང་། གླིང་ཁུལ་དང་གྲྭ་ཁང་ནང་དུ་སོང་ནས་སྤྱི་སྤྱོད་འཕྲོད་བསྟེན་དྲིལ་བསྒྲགས་ཀློག་དེབ1300ལྷག་བཀྲམ་ནས་གྲྭ་བཙུན་ཚོའི་བདེ་ཐང་འདུ་ཤེས་ཇེ་དྲག་བཏང་བ་རེད། 
  ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོའི་ནང་དུ་གྲྭ་བཙུན་ཁྱོན་བསྡོམས3214ལ་ལུས་པོ་ནད་བརྟག་བྱས་ཤིང་། མི2765བདེ་ཐང་སློབ་གསོའི་བྱ་འགུལ་ཁྲོད་དུ་ཞུགས། དེ་རྗེས་དཀར་མཛེས་ཁུལ་སྨན་ཁང་གིས་ཡང་བསྐྱར་ནད་བརྟག་བྱས་ཏེ་གཤགས་བཅོས་བྱ་དགོས་པའི་མོ་ནད་འབྲས་སྐྲན་དང་ཚིགས་ནད།  སྐྱ་འགྲིབ་དང་ཐུམ་འབུའི་ནད་སོགས་ནད་པ་རང་གི་མོས་པ་དང་བསྟུན་ནས་གཤགས་བཅོས་བྱེད་མོས་ཡོད་མཁན་དག་ལ་དཀར་མཛེས་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་དགེ་སྒྲུབ་ལས་གཞི། དཀར་མཛེས་ཁུལ་སྨན་བཅོས་དང་སྨན་ཁང་གིས་རོགས་སྐྱོར་འོག ནད་པ་རང་ཉིད་ཀྱིས་སྨན་ཡོན་ཉུང་ཙམ་སྤྲད་ཐབས་སྤྱད་ནས་སྨན་བཅོས་བྱ་རྒྱུ་རེད།། 


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1