༄༅།། གནམ་འདེགས་ཀྱི་མཁར་རྫོང་།

གངས་དབང་། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-23


གངས་དབང་གིས་བྲིས་ཤིང་པར་བླངས།

        མཁར་རྫོང་ནི་གནའ་རབས་བོད་ཀྱི་རྡོ་བཟོ་འཛུགས་སྐྲུན་ལས་ཆེས་ཡང་རྩེར་སོན་པའི་ལག་རྩལ་ཞིག་ཡིན་པས་ལོ་ངོ་སྟོང་ཕྲག་འདས་ཀྱང་། བོད་ཁུལ་དུ་གནམ་གྱི་ཀ་བ་ལྟ་བུའི་མཁར་རྫོང་མང་པོ་ད་དུང་གཞོམ་ཞིག་མེད་པར་ལྷང་ངེར་ལྷན་ནེར་གནས་ཡོད། མོ་བཟའ་རྒྱལ་མོའི་མངའ་ཁོངས་ནང་གི་མཁར་རྫོང་ལ་མཚོན་ན། ཕྱིའི་རྣམ་པའི་ཐད་ལ་མཁར་ཟུར་བཞི་ཅན་དང་། ཟུར་ལྔ་ཅན། ཟུར་བརྒྱད་ཅན། ཟུར་བཅུ་གསུམ་ཅན་བཅས་ཡོད། དེ་ལས་ཟུར་བཞི་ཅན་ནི་ཆེས་མང་བས་གང་སར་མཐོང་རྒྱུ་ཡོད་ལ། སོག་པོ་ཡུལ་ཤོག་གི་འབོ་ལུང་གྲོང་ནང་ཟུར་ལྔ་ཅན་གཅིག་དང་། ཟུར་བརྒྱད་ཅན་གཅིག ཕོ་བྲང་སྟེང་གྲོང་པ་ནང་ཟུར་བརྒྱད་ཅན་གཅིག་དང་ཟུར་བཅུ་གསུམ་ཅན་གཅིག་བཅས་ཡོད་དོ། །
        མཁར་རྫོང་གི་ཆགས་ཚུལ་ལྟར་ན། མཁར་གཅིག་རེ་དང་། གཉིས་གཤིབས་རེ། ཡང་ན་ཁང་པ་དང་ལྷན་དུ་སྦྲེལ་བ་བཅས་འདུག ཆགས་ས་ནི་གྲོང་པའི་དཀྱིལ་དུ་ཉུང་ངུ་ཙམ་ལས་ཕལ་ཆེར་གྲོང་པའི་གཡས་གཡོན་གྱི་རི་གདོང་གི་འགྲོས་དང་བསྟུན་ཏེ་བཞེངས་པ་དང་། གྲོང་པའི་སྟོད་ལ་བཞེངས་པའང་ཡོད་དེ། འབོ་ལུང་དང་སུམ་པ། ཕོ་བྲང་སྟེང་། སྤྲོ་སྣང་བཅས་གྲོང་པ་ལ་བལྟས་པ་ཙམ་གྱིས་ཤེས།
        མཁར་རྫོང་གི་སྤྱོད་སྒོའི་ཐོག་ནས་བཤད་ན། ཆེད་མཁས་པ་རྣམས་ཀྱིས་ལ་ལ་ནི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་དང་། འགའ་ཤས་ནི་དགྲ་བོ་འགོག་བྱེད། འགའ་ཞིག་ནི་མི་འདུག་སའམ་རྒྱུ་ནོར་འཇོག་ས་བཅས་ཕྱོགས་མང་པོའི་ནུས་པ་འདུས་ཡོད་ཅེས་གསུངས་པ་བདེན་མོད། དེ་ཁོ་ན་མ་ངེས་ཏེ། ཁྱིམ་ཚང་ཞིག་གི་རྒྱུ་ནོར་དབང་ཐང་མཚོན་པའི་རྟགས་མཚན་དང་གཟི་བརྗིད་བློ་སྤོབས་ངོམས་པའི་དར་དང་རྒྱལ་མཚན་ལྟ་བུའི་དོན་ཡང་ཡོད་ཐག་ཆོད་ཡིན་པས། དེང་མིའི་ཁབ་མིག་འདྲ་བའི་བསམ་བློས་གནའ་མིའི་མཁྱེན་རྒྱ་དང་ཕུགས་རེ་འཇལ་བ་ནི་སྐབས་འགར་འབྲས་བུ་མེད་པའི་སྡུག་ལས་ཤིག་རེད། མཐོ་ཞིང་བརྗིད་པའི་མཁར་རྫོང་དེ་དག་ལོ་ངོ་སྟོང་ཕྲག་རིང་པོར་ཉི་ཆར་རླུང་གསུམ་གྱིས་བརྡབ་གསིག་བཏང་ཡང་། མང་ཆེ་བར་གནོད་མ་ཕོག་པར་གནམ་གྱི་ཀ་བ་ནང་བཞིན་བརྟན་པོར་འགྱིང་ཐུབ་པ་ནི། གནའ་མི་ཚོས་ཤེས་རབ་དང་ལག་རྩལ་གང་འདྲ་ཞིག་ལ་བརྟེན་ནས་བསྐྲུན་པ་ཡིན་སུས་ཀྱང་བཤད་མི་ཐུབ་མོད། ལ་ལ་ཡིས་གནའ་སྔོན་མར་ཁྱིམ་ཚང་ཞིག་ལ་བུ་ཞིག་སྐྱེས་པ་ནས་བཟུང་བདག་པོས་ལོ་རེ་རེ་བཞིན་རྡོ་ལ་ཕོ་རྡོ་དང་མོ་རྡོ་ཞེས་དབྱེ་འབྱེད་བྱས་ཏེ་ཐབས་དང་ཤེས་རབ་ཀྱི་སྒོ་ནས་མཁར་བརྩིགས་པས་ད་གཟོད་མཐོ་བཞིན་བརྗིད་པར་ཆགས་པ་རེད་ཟེར། མཁར་རྫོང་གི་རྩིག་པའི་བར་མཚམས་སུ་རྡོ་དཀར་པོ་དང་གཡུང་དྲུང་གི་རི་མོ་མཐོང་རྒྱུ་ཡོད་པ་ལ། འགའ་ཞིག་གིས་གཡུང་དྲུང་ནི་མི་འགྱུར་རྟག་བརྟན་གྱི་དོན་ནམ། ཡང་ན་བོན་ཆོས་ལ་དད་པ་མཚོན་པ་དང་། རྡོ་དཀར་ནི་བོད་མིས་མདོག་དཀར་པོ་དགེ་ལས་དང་བཀྲ་ཤིས་པར་བརྩིས་པའི་རྟགས་མཚན་ནམ་རྩིག་པ་ལ་མཛེས་ཆ་སྤྲས་པའི་ཆེད་དུ་རེད་ཟེར་ཡང་། ངས་བསམས་ན། དེ་ནི་མེས་པོ་ཚོས་རང་བྱུང་ཁམས་ཀྱི་འགྲོས་སམ་ཁྱད་ཆོས་ལ་བསྟུན་མཁས་པའི་ཐབས་ཤིག་ཡིན་ཏེ། རོང་པའི་བྲག་རིའི་བར་མཚམས་སུ་རྡོ་དཀར་གྱི་ཕྲེང་ཐག་བརྒྱུས་ནས་ཡོད་པ་དེ་ནི་མིའི་ལུས་ཀྱི་ཤ་ཁྲག་གི་རྒྱུས་པ་ལྟར་རི་བོ་དང་བྲག་གདོང་ལ་གཟུང་ཐག་གི་གོ་ཆོད་ཀྱིན་ཡོད་པས་མཁར་རྫོང་གི་རྩིག་པ་ནང་རྡོ་དཀར་བརྩིགས་ཡོད་པ་ནི་གཙོ་བོ་བརྟན་བརླིང་གི་ཆེད་དུ་རེད་འདོད། གཞན་ཡང་། མཁར་འགའ་ཡི་རྩ་བ་ནས་རྩེ་མོ་བར་བརྩེགས་རེ་རེ་བཞིན་བང་རིམ་ཡོད་པ་ནི་ལ་ལས་མཁར་དེ་ནི་མོ་མཁར་ཡིན་པའི་རྟགས་རེད་ཟེར། འགའ་ཞིག་གིས་དེའང་མཁར་བརྟན་བརླིང་ཡོང་ཐབས་བྱེད་པའི་རྗེས་རེད་ཟེར།
མོ་བཟའ་རྒྱལ་མོའི་མངའ་ཁོངས་སུ་དེང་སང་སོག་པོ་ཡུལ་ཤོག་ཅེས་པར་ཁྱད་དུ་འཕགས་པའི་མཁར་འགའ་ཞིག་ཡོད། གོང་དུ་བཀོད་པ་ལྟར་འབོ་ལུང་གྲོང་ནང་གི་མཁར་ཟུར་ལྔ་ཅན་དང་བརྒྱད་ཅན། རྩོག་པའི་གྲོང་ན་ཡོད་པའི་མཐོ་ཚད་སྨི་67ཅན་གྱི་ཆེས་མཐོ་བའི་མཁར། ལ་ཡུལ་གྲོང་ན་ཡོད་པའི་མཁར་གསེག་གསེག་ཅན། ཕོ་བྲང་སྟེང་ན་ཡོད་པའི་མཁར་ཟུར་བརྒྱད་དང་ཟུར་བཅུ་གསུམ་ཅན་བཅས་ངོ་མཚར་སྟོང་གིས་ཕྱུག་པའི་ཤུལ་ནོར་དེ་དག་གི་འགྲམ་དུ་ལངས་དུས། དངོས་གནས་མཁར་རྩེ་ཨ་སྔོན་དབྱིངས་སུ་ཟུག་སྟེ་སྤྲིན་དཀར་གཙུག་རྒྱན་དུ་བཞེས་པ་དང་སྤྲིན་གྱི་རྒྱུ་ཕྱོགས་ཀྱིས་མཁར་ཡང་གཡོ་འགུལ་བྱེད་པ་ལྟར་སྣང་བས་སྙིང་འདར་བའི་འཇིགས་སྐྲག་སྐྱེས་ཤིང་རྒྱང་རིང་ནས་བལྟས་ན་མཁར་གསེག་གསེག་ཅན་དེ་ད་ལྟ་ཉིད་ནས་ས་ཐོག་ལོག་ཨེ་མི་འགྲོ་སྙམ་པའི་སེམས་ཁྲལ་ཆེ་ཡང་། འགྲམ་དུ་གནས་བཅས་པའི་ཡུལ་མི་རྣམས་ཀྱི་བག་ལྷོད་དང་འཛུམ་མདངས་ལས་དེ་ནི་དགོས་མེད་ཀྱི་དོགས་པ་ཡིན་པ་ཚོར།

ལོ་རྒྱུས་ཡུན་རིང་ལྡན་པའི་མཁར་གསེག་ཅན།

        འདིར་དམིགས་གསལ་གྱིས་མཁར་ཟུར་བཅུ་གསུམ་ཅན་གྱི་སྐོར་ཅུང་ཟད་བཤད་ན། མཁར་རྫོང་ནང་ལས་ཟིལ་ཉམས་ལྡན་པའི་མཁར་ཟུར་བཅུ་གསུམ་ཅན་ལ་རྒྱུ་ཆ་དང་འཆར་འགོད། འཛུགས་སྐྲུན་བཅས་ཕྱོགས་གང་ཐད་ནས་གཞན་དང་མ་འདྲ་བའི་ཆ་རྐྱེན་འཛོམས་དགོས་པས། འཛམ་བུ་གླིང་ན་ད་བར་དུ་གཉིས་མ་གཏོགས་མེད། གཅིག་ནི་སོག་པོ་ཡུལ་ཤོག་གི་ཕོ་བྲང་སྟེང་གྲོང་པའི་སྟོད་དུ་ཆགས་ཡོད། གཞན་ཞིག་ནི་ཧྲུན་ཀྲི་ཡུལ་ཤོག་གི་ཁྲོམ་ར་གྲོང་པར་ཡོད་ཀྱང་ད་ལྟར་ཤུལ་ཙམ་ལས་མེད་ཟེར།
        རོང་མི་བྲག་མགོ་རྫོང་ནས་ཕོ་བྲང་སྟེང་གི་གྲོང་སྟོད་དུ་ཡོད་པའི་མཁར་ཟུར་བཅུ་གསུམ་ཅན་བར་གྱི་ལམ་ཐག་དེ་ཙམ་མི་རིང་ཡང་། རྒྱ་ཆུང་ལ་ཀྱག་ཀྱོག་ཅན་གྱི་གཞུང་ལམ་ཕྲ་མོ་དེད་དེ་གྲོང་མགོ་ཙམ་ལ་སླེབས་རྗེས་རྐང་ཐང་འགྲོ་དགོས། རྡོ་སྐས་ལྟ་བུའི་ས་དབྱིབས་ཀྱི་འགྲོས་ལྟར་གཡས་གཡོན་དུ་མཁར་རྫོང་དང་ཁང་རྙིང་མི་ཉུང་བ་འདུག་ལ། མཐོ་ས་ནས་བཞུར་བའི་གངས་ཆུ་ཆུང་ངུ་ཞིག་ལྡོག་ཏུ་དེད་ནས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་སོང་རྗེས་སྤང་ངོས་ཤིག་ལ་ཡོད་པའི་མཁར་ཟུར་བཅུ་གསུམ་ཅན་དེ་མཇལ་བྱུང་།

ཕོ་བྲང་སྟེང་གི་ཟུར་བཞི་བརྒྱད་ཅན་གྱི་མཁར་རྫོང་།

        ཉིན་གསུམ་གྱི་རིང་ལ་གྱེན་འཛེགས་ཐུར་བབ་བྱས་པས་རྐང་པ་ལ་ན་ཟུག་རྒྱུགས་ཀྱང་མཁར་ཟུར་བཅུ་གསུམ་དེ་མིག་ལམ་དུ་ཤར་མ་ཐག་དཀའ་ངལ་ཚང་མ་རླུང་གིས་དེད་པ་ལྟར་དབྱིངས་སུ་ཡལ་ཏེ་བརྗོད་དུ་མེད་པའི་དག་སྣང་ཞིག་སྐྱེས་ནས་པང་དུ་ཙོག་པུར་འདུག་སྟེ་པར་བླངས་སྐབས། གཡང་དཀར་ལུག་གི་འབའ་སྒྲ་ལྷང་ལྷང་ཞིག་གྲག་བྱུང་། དེང་སང་རོང་ས་ཕལ་ཆེར་ན་ལུག་རིག་རྒྱུ་མེད་པས་མཚར་སྣང་སྐྱེས་ཏེ་ཡར་ལངས་ནས་བལྟས་དུས། རྒན་པོ་མིག་ཤེལ་ཅན་ཞིག་གིས་ལུག་ཉི་ཤུ་ཙམ་དེད་ནས་མཁར་རྫོང་གི་ཕྱོགས་སུ་ཡོང་གིན་འདུག བོད་མི་ཞིག་ཡིན་ན་ཁྱིམ་སྒོ་ལས་བུད་དེ་ཕྱི་ལ་འགྲོ་དུས། རྟགས་དང་རྟེན་འབྲལ་བརྟག་པར་གོམས་པ་བཞིན། ངས་ཀྱང་གཡང་དཀར་ལུ་གུ་དང་རྒན་པོ་ལ་མཇལ་བ་ནི་རྟེན་འབྲེལ་མ་འཕྱུག་པར་བརྩིས་ཏེ་རྒན་པོ་ལ་རང་ཉིད་ངོ་སྤྲོད་བསྡུས་པ་ཙམ་བྱས་རྗེས་སྤང་ཐོག་བསྡད་དེ་ཁ་བརྡ་བྱས་པ་ཡིན།

མཐོ་ཚད་སྨི་67ཡོད་པའི་རྒྱལ་རོང་གི་མཁར་རྫོང་།

        རྒན་པོའི་མིང་ལ་ཨ་པ་ཟེར། རྒྱ་ཡིག་ཡག་ཐག་ཆོད་ཤེས་པ་འདྲ། ཁོང་གི་ངག་ལས་ཐོས་པ་ལྟར་ན། ས་ཆ་འདི་ལ་ཛ་མ་ཟེར་བས་ཚང་མས་མཁར་རྫོང་ལའང་ཛ་མ་མཁར་ཞེས་འབོད། ས་བབ་ཀྱི་མཐོ་དམའ་ལྟར་ཐོག་སར་མཁར་ཟུར་བཞི་ཆ་ཚང་ཞིག་དང་དམའ་སར་མཁར་ཟུར་བཞི་ཅན་ཞིག་རོ་ཞིག་གི་བར་ལ་མཁར་ཟུར་བཅུ་གསུམ་ཅན་དེ་བཞེངས་འདུག མཁར་གསུམ་གྱི་གཡས་ཕྱོགས་སུ་མཆོད་ཁང་ཞིག་རོ་ཅན་ཞིག་སྣང་། དེ་དག་བསྐོར་བའི་ལྕགས་རིའི་རྩིག་ཤུལ་ཡང་གསལ་པོར་མཐོང་། ཟེར་སྲོལ་ལྟར་ན་ཁྱིམ་ཚང་འདིས་ཆེས་ཐོག་མར་མཁར་ཞིག་རོ་ཅན་དེ་དང་། བར་དུ་མཁར་ཟུར་བཅུ་གསུམ་ཅན། ཐ་མར་མཁར་ཟུར་བཞི་ཅན་ཆ་ཚང་བ་དེ་བཞེངས་པར་གྲགས། དེ་ཡང་མཁར་ཟུར་བཅུ་གསུམ་ཅན་དེ་ལ་ངག་རྒྱུན་སྙན་མོ་འདི་འདྲ་ཞིག་བཤད་རྒྱུ་འདུག མོ་བཟའ་རྒྱལ་མོས་ཐེངས་གཉིས་པར་རྒྱལ་ས་བར་ཤོག་གི་བྲག་སྒང་དུ་སྤོས་རྗེས་རང་གི་བློ་འཁེལ་ས་ཚང་གི་བུ་མོ་ཞིག་ལ་ཡུལ་གྲོང་གི་ཏང་ཧ་ཞེས་པའི་ཁྱིམ་ཚང་ཞིག་ལ་མནའ་མར་བྱིན། རྗེས་སུ་ཁྱིམ་ཚང་དེ་ལ་ཨ་སྐལ་ཞེས་པའི་གྱད་མི་ཞིག་འཁྲུངས་པ་དང་། དེ་ལ་སྤྱང་གྲུང་འཛོམས་པའི་སྲིང་མོ་ཞིག་ཡོད་པ་དེ་ཕོ་བྲང་སྟེང་གི་གྲོང་སྟོད་ན་ཡོད་པའི་ཁྱིམ་ཚང་འདིར་མནའ་མར་བྱིན་པ་རེད། སྐབས་དེ་དུས་ཁྱིམ་ཚང་འདི་སྟོབས་འབྱོར་མངའ་ཐང་དར་བས་རང་ཉིད་ཀྱི་དབང་ཐང་ངོམ་པའི་ཆེད་དུའམ། ཡང་ན་སྐབས་དེ་དུས་ཁམས་ཕྱོགས་སུ་སྐད་གྲགས་ཆེ་བའི་གཞི་བདག་བཅུ་གསུམ་ཡོད་པ་དེ་ཚོར་མཆོད་བསྟོད་བྱེད་པའི་ཆེད་དུ་རྩིག་བཟོ་མང་པོ་བཀུག་སྟེ་ཟུར་བཅུ་གསུམ་ཅན་གྱི་མཁར་ཞིག་བཞེངས་དགོས་ཞེས་བཀའ་ཕབ་ཀྱང་། སུ་ཞིག་གིས་ཀྱང་ཟུར་བཅུ་གསུམ་ཅན་གྱི་མཁར་ཞིག་འཆར་འགོད་མ་ཤེས་པས་མནའ་མ་དེས་ཐགས་གྲིམ་པའི་ལུགས་ལས་བློ་བསྐྱེད་དེ་ས་ཐོག་ཕུར་པ་བཅུ་གསུམ་བརྡབས་རྗེས་ཐག་སྐུད་ཀྱིས་ཟུར་བཅུ་གསུམ་ཅན་གྱི་མཁར་ཞིག་གི་བཟོ་དབྱིབས་གྲིམ། དེ་ནས་རྩིག་བཟོ་ཚོས་དེ་ནང་བཞིན་མཁར་ཟུར་བཅུ་གསུམ་ཅན་དེ་བཞེངས་པ་ལ་ཀུན་གྱིས་ཤེས་རབ་ཀྱི་མཁར་ཞེས་འབོད། དེའི་རྗེས་སུ་སྟོབས་དང་འབྱོར་པ་རྒྱས་པའི་རྟགས་སུ་ཐོག་སར་མཁར་ཟུར་བཞི་ཅན་ཞིག་བཞེངས་པ་དེ་ལ་དབང་ཐང་མཁར་ཞེས་ཟེར། མཁར་ཟུར་བཅུ་གསུམ་ཅན་བཞེངས་པ་ནི་བོད་ཀྱི་དད་པ་དང་འབྲེལ་བ་དམ་པོ་ཡོད་པར་འདོད་དེ། བོད་ཀྱི་ལུགས་ལྟར་ན་གྲངས་ཀ་བཅུ་གསུམ་ནི་བཀྲ་ཤིས་པར་བརྩི་སྲོལ་ཡོད། དཔེར་ན། རྒྱལ་པོ་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུལ་ལ་རྒྱལ་སར་བསྐོས་པ་དང་། རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་དུས་རྒྱལ་པོ་ཁོང་ཡང་རྟ་རྒྱུག་འགྲན་བསྡུར་ནང་ཞུགས་མོད། ཨང་བཅུ་གསུམ་པ་ལས་མ་བླངས་པས་རྗེས་སུ་བོད་མི་རྣམས་ཀྱིས་རྟ་རྒྱུག་འགྲན་བསྡུར་བྱེད་དུས་ཨང་བཅུ་གསུམ་པ་ཡན་ཆད་ལ་བྱ་དགའ་སྤྲད་སྲོལ་དར་བ་དང་། དེའི་རྗེས་གུང་རི་གུང་བཙན་དང་མང་སྲོང་མང་བཙན། ཁྲི་སྲོང་ལྡེ་བཙན་བཅས་ཀྱང་དགུང་ལོ་བཅུ་གསུམ་ཐོག་རྒྱལ་སར་བསྐོས་ཞེས་གྲགས། དེ་མིན་བོན་ཆོས་ནང་ལྷ་ཡུལ་ལ་རིམ་པ་བཅུ་གསུམ་ཡོད་ཅེས་པ་དང་གླིང་སྒྲུང་ནང་ཡང་གྲངས་ཀ་བཅུ་གསུམ་གྱི་སྐོར་ཧ་ཅང་མང་སྟེ། མཆོད་རྟེན་བཅུ་གསུམ་དང་། གངས་རི་བཅུ་གསུམ། མཚོ་མོ་བཅུ་གསུམ། སྦྲ་གུར་བཅུ་གསུམ་ཞེས་པ་དང་། རྟ་རྒྱུག་རྒྱལ་འཇོག་ནང་ཇོ་རུས་ཁྲོ་ཐུང་ལ་རྟ་རྐྱང་རྒོད་ཀྱི་རིན་པར་དར་ཁ་ཚར་མ་ཉམས་པ་བཅུ་གསུམ། དངུལ་རྟ་མིག་མ་བཅུ་གསུམ། གསེར་ཐུམ་པོ་ཅན་བཅུ་གསུམ་བྱིན་ན་བརྗེ་རྒྱུ་ཨེ་ཡིན་ཧ་མི་གོ་ཞེས་གསུངས་པ་ལྟར། བོད་མི་རྣམས་ཀྱིས་གྲངས་ཀ་བཅུ་གསུམ་ནི་བཀྲ་ཤིས་པའི་གྲངས་ཀར་བརྩིས་པས་རྒྱལ་རོང་བོད་མི་རྣམས་ཀྱིས་ཀྱང་རྟགས་དང་རྟེན་འབྲེལ་འཛོམས་པའི་ཆེད་དུ་མཁར་ཟུར་བཅུ་གསུམ་ཅན་བཞེངས་པ་མིན་ནམ་སྙམ། སྔོན་ལ་བཤད་པ་ལྟར། མཁར་འདི་ཚོའི་རྩིག་པའི་བར་མཚམས་སུའང་རྡོ་དཀར་མཐོང་རྒྱུ་འདུག ཁྱད་པར་དུ་དབང་ཐང་མཁར་ཞེས་པའི་ཟུར་བཞི་ཅན་དེའི་སྐེད་པར་རྡོ་དཀར་གྱི་ཕྲེང་ཞིག་ཡོད་པ་དེ་ལ། ཨ་ཁུ་ཨ་པ་ཡིས་རྩིག་པ་ཚོས་མཁར་བརྩིགས་ཏེ་རྩེག་རེ་གྲུབ་དུས་བདག་པོས་གསོལ་སྟོན་རྒྱ་ཆེན་དྲངས་པའི་རྟགས་སུ་རྡོ་དཀར་བརྩིགས་པ་རེད་ཅེས་འགྲེལ་བཤད་མ་འདྲ་བ་ཞིག་བརྒྱབ་བྱུང་།

ཕོ་བྲང་སྟེང་གི་ཟུར་བཞི་ཅན་གྱི་མཁར་རྫོང་། 

        མཁར་རྫོང་གི་གཡས་ཕྱོགས་སུ་བཞེངས་པའི་རྩེག་བཞི་ཅན་གྱི་མཆོད་ཁང་དེའི་ཕྱེད་ཀ་ད་དུང་ཞིག་མི་འདུག ཕྱིའི་རྩིག་ངོས་སུ་དེ་སྔོན་ཁྱམས་ར་བཙུགས་པའི་ཤུལ་གསལ་པོར་བཀྲ། རྩིག་རྡོ་ནི་མཁར་རྫོང་གི་རྩིག་རྡོ་དང་མི་འདྲ། ཨ་ཁུ་ཨ་པ་ཡིས་དེ་ནི་སྟོད་ཀྱི་གཞི་བདག་གི་རི་མགོ་ནས་བླངས་པའི་རྫ་རྡོ་དང་གཡའ་རྡོ་ཡིས་བརྩིགས་པ་རེད་ཟེར། གང་ལྟར་མཆོད་ཁང་དེའི་རྩེག་མཐོ་བ་དང་རྩིག་རྡོ་ཡང་དམིགས་གསལ་ཅན་ལས་སྐབས་དེ་དུས་ཁྱིམ་ཚང་དེའི་འགྲན་ཟླ་བྲལ་བའི་སྟོབས་འབྱོར་མངའ་ཐང་མཚོན་ནོ། །
        བསྐྱར་དུ་ཞུ་དགོས་པ་ཞིག་ནི་ཧྥ་རན་སིའི་བུད་མེད་སྣུམ་ཚོན་རི་མོ་བ་དང་མྱུལ་དཔྱད་པ་ཧྥོ་ཏེའེ་རུའེ་ཁེ་མ་ཏིང་རུའེ་ཀེང་གིས་ཐཱན14ཡིས་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། མཁར་འདི་ལ་ཡང་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད། དུས་ཡུན་རིང་པོར་དུས་ཀྱི་ཆགས་འཇིག་དང་། ཁྱད་པར་དུ་ཝུན་ཁྲོན་ས་འགུལ་གྱི་སྐབས་སུ་ཟུར་བཅུ་གསུམ་ཅན་གྱི་སྲིབ་ངོས་ཀྱི་རྩིག་པ་ཞིག་སོང་བས་ད་ལྟ་ང་ཚོའི་མིག་ལམ་དུ་ཆ་ཚང་ཤར་བ་ནི་ལོ་ངོ་ལྔ་དྲུག་ཙམ་གྱི་སྔོན་ལ་ཞིག་པ་རྣམས་བསྐྱར་གསོ་བྱས་པའི་རྣམ་པ་རེད། རེད་དེ། བསྐྱར་གསོ་བྱས་པ་ནས་བཟུང་མཁར་རྫོང་འདི་ལ་ལྟ་མཁན་ཇེ་ཉུང་དུ་སོང་ཞེས་ཟེར།
        གཡང་དཀར་ལུག་གི་ལྷང་ལྷང་གི་འབའ་སྒྲ་དང་། བྱིའུ་ཚོའི་ཀྱུར་ཀྱུར་གྱི་མགྲིན་རྔ། དྲི་བཞོན་རླུང་བུའི་སིལ་སིལ་གྱི་འགྱུར་ཁུག་ནང་ལ་སྙིང་ཆུང་ལྷན་ལྷན་དུ་འཕར་བཅུག་པའི་ངག་རྒྱུན་ཉན་དུས། ཐབས་ལ་མཁས་ཤིང་བློ་གདེང་ཆེ་ལ། སུ་གཅིག་གི་འོག་ཏུའང་མི་ཚུད་པའི་མེས་པོ་སྐུ་དྲིན་ཆེ་བ་རྣམས་ལོ་རྒྱུས་ཀྱི་རླུང་བུས་གར་སོང་ཆ་མེད་དུ་ཁྱེར་བས། དུས་ད་ལྟར་ང་ཚོས་མཚན་བྱང་ཙམ་ཡང་དྲན་མི་ཐུབ་པར་མ་ཟད། ད་དུང་མེ་དྲོད་ཅུང་ཡོད་པའི་ངོ་མཚར་བའི་ངག་རྒྱུན་ཚོ་ཡང་གསང་བ་ལྐོག་ཏུ་གྱུར་དང་འགྱུར་བཞིན་ཡོད་པའི་ཚུལ་ལ་ཕྱིར་རྟོག་བྱེད་ཙ་ན། དངོས་གནས་མི་རིགས་ཤིག་གི་གོམས་གཤིས་ཀྱིས་འདས་མ་ད་གསུམ་གྱི་ཁ་ལོ་བསྒྱུར་བཞིན་ཡོད་པས། ང་ཚོ་རབ་འབྲིང་ཐ་གསུམ་གྱིས་དམངས་ཁྲོད་གྱི་ཟུར་ཁུག་ཏུ་གཏོར་བའི་མུ་ཏིག་ལྟ་བུའི་ཤུལ་རྗེས་དང་ངག་རྒྱུན་རྣམས་ཡིག་འབྲུའི་ཕྲེང་བར་བརྒྱུས་མ་ཐུབ་ན། བུ་རབས་ཚ་རྒྱུད་ཚོས་མི་མང་ཚོགས་པའི་དབུས་སུ་སྐེ་ལ་རྒྱན་ཆ་མེད་པའི་ངོ་ཚ་དང་། ཁ་ནང་སྨྲ་ལྕེ་ལྐུགས་པའི་སྡུག་བསྔལ་མྱོང་དགོས་རྒྱུ་རེད་སྙམ་བྱུང་།
        མི་ཞེས་པ་ནི་རང་གི་ཆག་འཇིག་གི་སྐྱོན་སྦས་ཤིང་། གཞན་གྱི་གྲ་ཆག་གྲུ་ཉམས་ལ་ལྟ་འདོད་ཆེ་བའི་སེམས་ཅན་ཞིག་ཡིན་མོད། གལ་སྲིད་ཕྱི་རོལ་པ་རྣམས་ཀྱི་འདོད་པ་ལྟར་གཞོམ་གཞིག་སོང་བའི་མཁར་རྫོང་སོགས་ལུགས་མཐུན་གྱི་སྒོ་ནས་སྲུང་སྐྱོབ་མ་བྱས་པར་རང་སོར་བཞག་ན། མེས་པོ་ཚོའི་བྱོན་ལམ་དུ་ལྷག་པའི་ཤུལ་ནོར་རྣམས་ཕ་བཟང་གི་བུ། རུས་ངན་གྱི་ལག་ནས་རླུང་ཁའི་མར་མེ་སྣུམ་ཟད་ལྟར་འཇིག་འགྲོ་བ་མིན་ནམ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1