༄༅།། ཚེ་སྔོན་ལས་ཀྱི་སྐྱ་ཡ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-24


བསམ་འཕེལ་ཚེ་རིང་། (མཚོ་ནུབ)


མཚན་མོ་དེར  རྐང་འཇབ་ལག་འཇབ་ཀྱིས་ཁྱོད་ཀྱི་ཞེ་རྩ་སྒུལ་དུས
ཚོར་སྣང་ནང་བཞིན  འཇིག་རྟེན་མི་ཡུལ་ནས་སྣང་བ་མཐུན་བྱུང
རིག་ཐུབ་ལ་རེག་ཐུབ་པ་ཞིག་མིན་རྒྱུ་ན
དེ་རྨི་ལམ་ཞིག་ལ་འཁྲུལ་འགྲོ  དེ་འཁྲུལ་སྣང་ཞིག་དང་འདྲའོ

 

ཨ་འཇམ་ཚར་ལྭ་དྲོ  ཨ་ལུང་ཚར་ཁ་ཡག
དགུ་དང་པོའི་ས་ལ་སེར་ག་གས་ཀྱང
བརྩེ་བ་ཁོ་ནའི་མེ་ཏོག་ཅིག་རུམ་ཁར་བཞད་བྱུང
ཟླ་འོད་གསལ་བོ་མེད་ཀྱང་ངའི་ཚོར་ཤེས་སུ་ག་ལེར་བསྣམས་འོངས
གཤིས་རྒྱུད་ལ་འཇམ་ཤ་ལྷོད་ལྷོད་ལྷོད
ཁྱོད་གཡང་དཀར་གྱི་རྗེས་ནས་འོངས་པ་ཤེས་ཐུབ
ལག་ཟུང་ལ་འོ་དྲི་ཐི་ལུ་ལུ
ཁྱོད་འབྲི་མོ་བཞོ་བའི་འབྲོག་མོ་ཡིན་པ་ཚོར་ཐུབ
ནང་སེམས་ལ་ཞེ་འདང་ཉི་ལུ་ལུ
ཁྱོད་མ་འོངས་པ་ཡིན་པ་ཤེས་ཐུབ

 

སྐྱ་ཡ  སྐྱ་ཡ
ཁ་རླངས་སྐྱ་ཐོལ་ཐོལ་དུ་བརྩེ་བ་རུམ་ནས་བསྡད་དེ
དུངས་གཏམ་གྱི་རི་མོ་འབྲི་དུས
ཨ་ཅག་འབྲོག་མོ་ཡག  ཨ་ཕོ་འབྲོག་པ་སྐྱིད

 

ཁྱོད་ལ་མེ་ཏོག་གི་ཞྭ་མོ་སླེ་མི་དགོས  གཡུ་བྱུ་རུའི་རྒྱན་ཆ་སྤྲས་མི་དགོས
འབྲི་མོ་རྡང་ལ་བཏགས་ནས་བཞོ་དབྱངས་ངག་ལ་འགུག་དུས
གསེར་སེར་པོའི་རིན་ཐང་ཁྱོད་ཡིན  དགུང་ཉི་མའི་འོད་ཐིག་ཁྱོད་ཡིན

 

སྐྱ་ཡ  སྐྱ་ཡ
ཁྱོད་རྫི་བོ་ཡིན་དུས་ཡག  རྫི་གླུ་ལེན་དུས་སྐྱིད
གཡང་དཀར་ལུག་ཁྱུ་ལྷས་ལ་ལྷིང་འཇགས་སེ་བསྐྱིལ་དུས་དེ་ལ
ཐུལ་དཀར་འབྲི་མོ་རྡང་ལ་གྲལ་འགྲིག་སེ་འདོགས་དུས་དེ་ལ
འབྲོག་ཐང་ནི་ལྷད་མ་གོས་པའི་ལྷ་ཡུལ་ཏེ  འབྲོག་མོ་ནི་ལྷད་མ་ཞུགས་པའི་ལྷ་མོ་ཞིག

 

དགུན་ཁར  ཙག་བསེར་བུའི་ངར་ཁས་འགོག་མ་ནུས་པའི་ཐུག་འཕྲད་དེ
གངས་དཀར་པོའི་འདབས་ནས་མཇལ་དུས  སྦྲ་ཐང་སྨུག་གཞི་ནས་འཛོམས་དུས
དོན་ལྔ་སྣོད་དྲུག་ལ་འཁྱགས་ཤ་མ་ཕྱིན  ལུས་ངག་ཡིད་གསུམ་ལ་སྡུག་ཡུས་མ་གནང

 

སྐྱ་ཡ  སྐྱ་ཡ
ཁ་བ་ལྷབ་ལྷབ་འབབ་དུས་སྐྱིད་ཨང  མེ་ཏོག་ལམ་ལམ་བཞད་དུས་སྤྲོ་ཨང
དཀར་ཡོལ་འབྲུག་མའི་ནང་ལ་འོ་ཇ་དཀར་པོ་འདྲེན་མཁན་གྱི
འོ་མ་ལྟ་བུའི་འཚོ་བ  འོ་མ་ལྟ་བུའི་རང་གཤིས
ངས་ཁྱོད་རང་འདམ་པ་ནི་འཚོ་བ་ཡག་པོ་ཞིག་གདམས་པ་ཡིན
གོམས་གཤིས་སྣུམ་པོ་ཞིག་གདམས་པ་ཡིན

 

སྐྱ་ཡ  སྐྱ་ཡ
འུ་གཉིས་དྲ་ལམ་བརྒྱུད་ནས་འཕྲད་པ་མ་ཡིན་པར
འུ་གཉིས་རྐང་ལམ་བརྒྱུད་ནས་འཕྲད་པ་ཡིན
འུ་གཉིས་སྲང་ལམ་ཞིག་ནས་འཕྲད་པ་མ་ཡིན་པར
འུ་གཉིས་རི་དང་ལུང་པས་འཕྲད་པ་ཡིན
འུ་གཉིས་ལོ་ན་དེ་འདྲ་མི་ཆེ་མོད
དུས་རབས་གསར་བའི་གནའ་འགྲོགས་ཤིག་ཏེ
གནའ་འགྲོགས་ནང་གི་གནའ་རྫས་ཤིག་གོ

 

སྐྱིད་ལ་ཨ་གསར་མེད་པའི་ཁྱོད  སྡུག་ལ་འཁང་ར་མེད་པའི་ཁྱོད
སེར་པོ་ཡིན་ན་སེར་མདངས་ལ་ཉི་འོད་རྡེབ་པས
དམར་པོ་ཡིན་ན་དམར་མདངས་ལ་རློན་ཤ་འཁྱིལ་བས

 

ཁྱོད་ཡིད་དུ་འོང་བའི་མི་ཚད  ཁྱོད་སྙིང་དུ་སྡུག་པའི་མི་ཚད
འོ་ཇ་དཀར་ཡོལ་གང་ཧུབ་ཀྱིས་འཐུང་བ་འདྲ
ཡུན་གྱིས་དོན་ལྔ་སྣོད་དྲུག་ལ་བབས་པའི་མི་ཚད
ཁྱོད་ལྷ་མོ་ཞིག་ལ་འཁྲུལ་འགྲོ  ཁྱོད་ལྷ་སྒྲུང་ཞིག་ལ་འཁྲུལ་འགྲོ 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1