༄༅།། བོད་ཁུལ་གྱི་སྐད་གཉིས་སློབ་གསོའི་གནས་བབ་སྐོར་གྱི་བསམ་གཞིག་ཐོར་བུ།

དཔལ་ཆེན་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 05-28



དཔལ་ཆེན་རྡོ་རྗེ།①

[གནད་བཏུས] རྩོམ་འདིར་དེང་རབས་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་མི་རིགས་ས་ཁུལ་གྱི་སྐད་གཉིས་སློབ་གསོའི་གནས་བབ་དང་དུས་རབས་འཕེལ་ཕྱོགས་ལྟར་ངོས་འཛིན་དང་ཐག་གཅོད་པའི་གནད་དོན་འགའ་རགས་བསྡུས་སུ་དབྱེ་ཞིབ་བྱས་ཡོད།
[གནད་ཚིག] བོད་རྒྱ། སྐད་གཉིས་སློབ་གསོ། གནས་བབ།
དང་པོ། མི་རིགས་སྐད་ཆ་དང་འབྲེལ་བའི་སྐད་གཉིས་སློབ་གསོ།
        མིའི་རིགས་ཀྱིས་ཤེས་རིག་འཇིག་རྟེན་བསྐྲུན་པ་ལ་སྲོག་ཆགས་གཞན་ལས་ཁྱད་དུ་འཕགས་པའི་རང་ཉིད་ཀྱི་བསམ་བློ་དང་བསམ་གཞིག་མཚོན་པར་བྱེད་པའི་སྐད་ཆ་ཞིག་ཡོད་པས། ཐོག་མཐའ་བར་གསུམ་དུ་མི་རབས་ནས་མི་རབས་སུ་བསམ་བློ་བརྗེ་རེས་དང་ཉམས་མྱོང་སྤེལ་རེས་བྱེད་པའི་ཐབས་ལམ་ལ་བརྟེན་ནས། རང་བྱུང་གི་ཁོར་ཡུག་དང་འཚོ་གནས་ཀྱི་ཁྱབ་ཁོངས་ལ་འཚམ་པའི་འཚོ་ཐབས་ལམ་ལུགས་སམ་རིག་གནས་ཕུན་སུམ་ཚོགས་པ་བསྐྲུན་དང་སྐྲུན་བཞིན་འདུག་པ་དེ་ནི་རང་བྱུང་གི་ཆོས་ཉིད་དང་ལག་ལེན་བརྒྱུད་པའི་སྣང་ཚུལ་ཞིག་རེད། ཕན་ཚུན་ལ་གོ་བརྡ་སྤྲོད་པའི་སྐད་ཆའི་མ་ལག་མ་དར་བའི་སྔོན་ལ་མཚོན་ཆ་དང་དཔེ་དབྱིབས། ལག་བརྡ་དང་མིག་བརྡ། སྒྲ་གདངས་ཀྱི་མཐོ་དམའ་དང་འགྱུར་ཁུག་སོགས་ལ་བརྟེན་ནས་ཕན་ཚུན་ལ་གོ་བརྡ་སྤྲད་པ་ལ་མིའི་རིགས་ཀྱི་སྐད་ཆ་བྱུང་བའི་དངོས་ཡོད་སྣང་ཚུལ་འདི་ད་ལྟའི་ལོ་རྒྱུས་སྨྲ་པ་དང་མི་རིགས་རིག་གནས་སྨྲ་པ་དག་གིས་བདེན་དཔང་བྱས་ཡོད་པ་མ་ཟད་ཀུན་གྱིས་ཁས་ལེན་པ་ཞིག་ཀྱང་ཡིན། མི་རྣམས་ཀྱི་འཚོ་སྡོད་ཁོར་ཡུག་དང་གནས་བབ་འགྱུར་ལྡོག་ལ་བསྟུན་ནས་དེ་ལྟ་བུའི་ཐབས་ལམ་ཞིག་གི་མདུན་དུ་ལྷགས་པའི་མིག་སྔར་གྱི་གནད་དོན་མང་པོ་ཞིག་ཐག་གཅོད་མི་ཐུབ་པའང་ཇེ་མང་དུ་གྱུར་པས། ལག་ལེན་ཁྲོད་ཀྱི་ཉམས་མྱོང་དང་བསམ་བློ་བརྗེ་རེས་ཀྱི་དམིགས་ཡུལ་ལ་སླེབས་པའི་ངག་གི་བརྗོད་རིམ་གདངས་དྲག་ཞན་དང་སྦྱར་བའི་སྐད་ཆའི་རྒྱུད་ཁོངས་མི་འདྲ་བ་ས་གནས་དང་ལམ་ལུགས། གོམས་གཤིས་དང་འཚམ་པ་ཞིག་གཞི་ཆགས་ཤིང་རྐང་ཚུགས་པར་གྱུར་ལ། སྤྱི་ཚོགས་འཕེལ་རྒྱས་དང་ས་གནས་ལམ་ལུགས་མི་འདྲ་བའི་འཚོ་གནས་ཁོར་ཡུག་གི་རང་བྱུང་ཆོས་ཉིད་ལ་ཐུན་མོང་རང་བཞིན་དང་། གནས་བབ་འགྱུར་ལྡོག་གི་སྣང་ཚུལ་མང་པོ་འདྲ་བའི་དབང་གིས་སྐད་རིགས་མི་འདྲ་བའི་མི་རྣམས་ཀྱིས་རྒྱུན་ལྡན་འཚོ་བའི་ནང་དུ་འབྲེལ་འདྲིས་འཛུགས་དགོས་པ་བྱུང་། གནས་ཚུལ་དེའི་དབང་གིས་ཕན་ཚུན་བར་བརྡ་སྤྲད་དེ་ཐུན་མོང་ལག་ལེན་ཁྲོད་ཀྱི་གནས་ཚུལ་རྒྱུས་ལོན་དང་བསམ་བློ་བརྗེ་རེས་བྱས་ཏེ་འཚོ་གནས་ཁོར་ཡུག་གི་དཔལ་འབྱོར་ལམ་ལུགས་ནས་མི་བུ་རང་ཉིད་ཀྱི་ལས་སྦྱོར་དང་འགྲོ་བ་ཐུན་མོང་གིས་བརྩོན་ལེན་ཉག་གཅིག་པུ་བདེ་དོན་འབའ་ཞིག་ལྷུར་ལེན་པས་ན། མི་རིགས་གང་ཡིན་ཡང་རང་ཉིད་ཀྱིས་བསྐྲུན་པའི་རིག་གནས་ལ་ཕྱི་ནང་གི་རྒྱུ་རྐྱེན་ཡན་ལག་ཚོགས་པའི་རྟེན་འབྲེལ་དང་གཞན་གྱིས་ཁ་རེག་ལྕེ་རེག་བྱས་པའི་རྣམ་པ་གང་ཡིན་དེ་ལུགས་ཀྱི་འགྲོས་རིམ་ཞིག་དང་། བསམ་བློ་རིམ་པ་མང་པོ་ཞིག་ངང་གིས་ཆགས་པའི་གོ་དོན་དེར་བསམ་གཞིག་དང་ལག་ལེན་བརྒྱུད་དགོས་པ་སུས་ཀྱང་བསྙོན་དུ་མེད་པས། མི་རིགས་སོ་སོའི་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་སྣ་མང་ཕུན་ཚོགས་དང་། རང་གི་ཁྱད་ཆོས་མངའ་བའི་མི་རིགས་རིག་གནས་གསར་གཏོད་དང་དར་སྤེལ་དུ་བཏང་ཡོད་ལ། མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་དགོས་ན་སློབ་གསོའི་བྱ་བ་དམ་འཛིན་དང་ལག་ལེན་མཐའ་འཁྱོངས་བྱེད་དགོས་ཏེ། སློབ་གསོ་ནི་རིག་གནས་ཀྱི་གོ་རིམ་ཡིན་ལ་རིག་གནས་ཀྱི་རྒྱུན་སྤེལ་དང་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་གཙོ་བོ་ཡིན། སློབ་གསོར་བརྟེན་ནས་མི་རིགས་ས་ཁུལ་གྱི་སློབ་མས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་བྱ་གཞག་ཁུར་དུ་བླངས་ཤིང་ལས་ལ་འབད་དགོས་མོད། ཡིན་ནའང་དེང་གི་སློབ་གསོའི་བྱ་རིམ་ཁྲོད་དུ་རང་རིགས་ཀྱི་སྐད་ཡིག་ལས་གཞན་བསླབ་ཚན་སོ་སོའི་ནང་དོན་དངོས་བརྒྱུད་སྒྲོག་དང་དར་ཁྱབ་གཏོང་བར་སྐད་ཡིག་མི་འདྲ་བའི་ལག་ལེན་བྱེད་ཐབས་སྤྱོད་པ་དེར་སྐད་གཉིས་སློབ་གསོ་དང་སྐད་གཉིས་སློབ་ཁྲིད་བྱས་པའི་ཐ་སྙད་ཅིག་ཀྱང་རིམ་གྱིས་ཆགས་ཡོད་དེ། ཡིན་ནའང་ལག་ལེན་གྱི་རིམ་པ་ནས་དེ་དག་གི་ཁྱད་ཆོས་དང་ངོ་བོ་ངོས་འཛིན་པར་མཐའ་གཅིག་ཏུ་འདི་དང་དེ་ལྟ་བུ་ཡིན་ཞེས་ཁ་ཚོན་གཅོད་མི་ནུས་མོད། སྤྱི་ཚོགས་འཕེལ་ཕྱོགས་དང་དུས་རབས་འགྱུར་ལྡོག་ལ་འཚམ་པའི་གོ་དོན་ཞིག་ཡིན་པ་ཀུན་གྱིས་ངེས་ཤེས་འདྲོངས་ནུས།
གཉིས་པ། སྐད་གཉིས་སྣང་ཚུལ་དང་འབྲེལ་བའི་ལག་ལེན།
        སྤྱིར་སྐད་གཉིས་ནི་སྤྱི་ཡོངས་ཀྱི་གོ་དོན་ཞིག་ཡིན་ལ། ངག་གི་ལམ་ནས་བཤད་ན་སྐད་རིགས་གཉིས་སམ་དེའི་སྐོར་གྱི་གནད་དོན་ཞིག་ཡིན་པས་ང་ཚོས་དེ་ལ་སྐད་གཉིས་སློབ་ཁྲིད་དམ་སྐད་གཉིས་སློབ་གསོ་ཞེས་པའི་སྨྲ་སྲོལ་ཞིག་དར་ཁྱབ་བྱུང་། རང་རེའི་རྒྱལ་ཁབ་ཀྱི་སྐད་གཉིས་གནད་དོན་དེའང་གྲངས་ཉུང་མི་རིགས་དང་རྒྱའི་སྐད་ཀྱི་གནད་དོན་ཁོ་ན་ཙམ་མིན་པར་རྒྱའི་སྐད་དང་ཕྱི་གླིང་པའི་སྐད་སོགས་ཀྱང་འདུས། སྐད་གཉིས་དེར་རྒྱལ་ཁབ་དང་མི་རིགས། ས་ཁུལ་བཅས་ཕྱོགས་ཡོངས་ནས་གོ་བ་བླངས་ན་འོས་འཚམ་ཞིག་ཡིན་ལ། དེར་སྐད་བརྡ་རིག་པའི་ཟུར་རམ་མཐོང་སྣེ་ནས་བལྟས་ན། གཅིག་ནས། མི་གཅིག་གིས་སྐད་རིགས་གཉིས་ཤེས་པའི་ནུས་པ་དང་། གཉིས་སུ། སྐད་གཉིས་འབྲེལ་འདྲིས་བྱེད་པའི་སྤྱོད་སྒོ། གསུམ་དུ། སྐད་གཉིས་སྤྱོད་སྒོའི་རྣམ་པ་ལྟར་ཆགས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་པར་འདོད་དེ། ངེས་གཏན་གྱི་སྐད་ཆ་ཞིག་གིས་མཚོན་པའི་ཚོགས་པའི་ལམ་ལུགས་སམ་བསམ་བློ་དེ་སྐད་གཉིས་སྨྲ་པའམ་ཡང་ན་སྐད་རིགས་དུ་མ་བེད་སྤྱོད་པའི་ནུས་པས་འབྲེལ་འདྲིས་བྱེད་སྒོ་ཚུགས་པའི་གོ་རིམ་ནང་དུས་མཉམ་དུ་སྐད་གཉིས་སྨྲ་པའམ་ཡུལ་སྐད་དུ་མ་བཤད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན། གོ་དོན་དེ་རིགས་གསལ་པོོར་རྟོག་ཞིབ་དང་བསམ་གཞིག་དབྱེ་ཞིབ་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སྐད་བརྡ་རིག་པའི་ཟུར་རམ་མཐོང་སྣེ་ལྟར་སྐད་གཉིས་ཞིབ་འཇུག་བྱས་ཆོག་པར་འདོད་མོད། སྤྱི་ཚོགས་ལས་རིགས་སོ་སོའི་བྱེད་སྒོ་སྣ་ཚོགས་དང་འབྲེལ་ནས་དུས་རབས་འཕེལ་ཕྱོགས་ལྟར་དངོས་ཡོད་འཚོ་བའི་ལམ་ལུགས་དང་ཐུན་མོང་བེད་སྤྱོད་རིན་ཐང་ལྡན་པའི་མི་བུའི་ཁེ་ཕན་གཙོ་བྱས་ཚོང་རའི་དཔལ་འབྱོར་གྱི་སྒྲིག་གཞིར་འཚམ་པའི་མི་སྣ་གསོ་སྐྱོང་བྱེད་པའི་གོ་རིམ་ཁྲོད། སྐད་ཆའི་རྣམ་འགྱུར་དེ་སྐད་གཉིས་སློབ་གསོའི་ཁྲོད་གལ་ཆེའི་དོན་སྙིང་ལྡན་འདུག་པས། སྐད་ཆའི་རྣམ་འགྱུར་ནི་སྤྱི་ཚོགས་ཀྱི་སེམས་ཁམས་སྣང་ཚུལ་ཞིག་དང་། ཆབ་སྲིད་དང་དཔལ་འབྱོར། མི་རིགས་དང་རིག་གནས། ཆོས་ལུགས་དང་ལོ་རྒྱུས་སོགས་སྐད་ཆ་མ་ཡིན་པའི་རྒྱུ་རྐྱེན་འདི་དག་ལ་རག་ལས་ཡོད་པར་འདོད། སྐད་ཆའི་སེམས་ཁམས་རང་བཞིན་གྱི་མྱོང་ཚོར་དང་རང་རྟོགས་རང་བཞིན་གྱི་དགག་སྒྲུབ། ཁས་ལེན་རང་བཞིན་གྱི་གདམ་གསེས་བཅས་སྐད་ཆ་བེད་སྤྱོད་མཁན་གྱི་བསམ་པའི་འདུ་ཤེས་དང་། སྐད་ཆའི་ནུས་པའི་རིན་ཐང་ལྟ་ཚུལ་བཅས་འབྲེལ་ཡོད་ཀྱི་སྐད་ཆ་མིན་པའི་སྣང་ཚུལ་ཞིག་ཀྱང་རིམ་གྱིས་ཆགས་པར་བལྟས་ན། དེར་མཐུན་གྱི་རྣམ་འགྱུར་ཡང་སྐད་གཉིས་སྣང་ཚུལ་གྱི་ལག་ལེན་རིམ་པ་ནས་རང་ཉིད་འཚོ་སྡོད་ཁོར་ཡུག་གི་ཡུལ་སྲོལ་གོམས་འདྲིས་དང་། མཛེས་དཔྱོད་ལྟ་བ། རིན་ཐང་ལྟ་ཚུལ། རིག་གནས་རྒྱབ་ལྗོངས་ལ་འཚམ་པའི་བསམ་གཞིག་བརྒྱུད་རིམ་མཚོན་པར་གང་ལ་གང་འཚམ་དང་དེ་ལ་དེ་འཚམ་གྱིས་བེད་སྤྱོད་བྱས་ན་འཐུང་ཤེས་ན་དུག་སྨན་དང་འཐུང་མ་ཤེས་སྨན་དུག་ཏུ་འགྱུར་བའི་ངེས་པ་མེད་པའང་མི་སྲིད།
གསུམ་པ། སྐད་གཉིས་སློབ་གསོའི་གནས་བབ་གནད་དོན་དང་ཐག་གཅོད་ཐབས་ལམ།
        ལག་རྩལ་གསར་པ་དང་ཐོན་རྫས་གསར་པའི་ཚ་རླབས་འཕྱུར་བའི་བརྡ་འཕྲིན་དུས་རབས་འདིའི་ནང་། རང་རྒྱལ་གྲངས་ཉུང་མི་རིགས་སྐད་གཉིས་སློབ་གསོའི་བྱ་གཞག་ལ་གཙིགས་འཛིན་དང་དོ་སྣང་བྱེད་པའི་སྐབས་འདིར། རང་རྐྱ་འཕེར་བའི་སྒོ་ནས་དེང་རབས་ཅན་ལ་ཁ་ཕྱོགས་པར་མཉམ་འཇོག་དང་ཡིད་གཟབ་བྱས་ནས། རང་མི་རིགས་ཀྱི་ལྟེ་བར་གྱུར་པའི་རིག་གནས་ཀྱི་ཉིང་བཅུད་དང་དུས་རབས་གསར་པའི་བརྡ་འཕྲིན་རིག་པ་ཀློང་བརྡོལ་བའི་ཤེས་རིག་འཇིག་རྟེན་ཆེན་མོའི་འཚོ་གནས་ཁོར་ཡུག་དང་བསམ་བློའི་འདུ་ཤེས་ལ་འཚམ་པའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་དུས་རབས་ཀྱི་འགྱུར་ལྡོག་ལྟར་ཤེས་ལྡན་མི་སྣ་གསོ་སྐྱོང་གང་ལེགས་བྱ་རྒྱུ་ནི་དེང་དུས་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་ལག་ལེན་ལ་སྔར་མེད་གསར་དར་གྱི་སྤྱོད་སྒོ་ཤིན་ཏུ་ཡངས་ཤིང་ཕན་ཚུན་ཟུང་དུ་འབྲེལ་བའི་རྣམ་པ་ཞིག་ཏུ་གནས་པས། སློབ་གསོ་རིག་པའི་མ་ལག་འཛམ་གླིང་ཟླུམ་པོའི་སྐྱེ་འགྲོ་ཡོངས་ཀྱི་ཐུན་མོང་རིང་ལུགས་དང་ཁྱད་ཆོས་གཙོར་བཟུང་ནས་དར་བཞིན་པས་མི་རིགས་ཕན་ཚུན་ལ་རིག་གནས་དང་བསམ་བློ་བརྗེ་རེས་བྱེད་པའི་སྐད་རིགས་སྣ་མང་དེར་མཐུན་གྱིས་ལག་ལེན་དང་འཐུས་སྒོ་ཚང་བར་སྤྱོད་རྒྱུ་ནི་དེང་དུས་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ཤིག་ཏུ་གྱུར་ཡོད།
        སྤྱིར་དེང་རབས་ཅན་ཞེས་པ་ཡང་གནས་ཚུལ་དང་བསྟུན་ནས་འགྱུར་བའི་ཆོས་ཉིད་དང་ལྡན་པའི་གོ་དོན་ཞིག་ཡིན་ཏེ། དེའི་དོན་ཡང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཚད་གཞི་ཇེ་མཐོ་དང་ཇེ་ཞིབ་ཏུ་འགྱུར་བཞིན་པས། ལག་རྩལ་གསར་པ་དང་དེང་རབས་འཕྲུལ་ཆས་སྣ་མང་ལ་བརྟེན་ནས་སྐད་གཉིས་སློབ་ཁྲིད་ཀྱི་ལག་ལེན་ཁྱབ་གདལ་དང་དར་སྤེལ་དུ་གཏོང་རྒྱུ་དུས་རབས་ཀྱི་དགོས་མཁོ་དང་འཚམ་པའི་ཁ་ཚ་དགོས་གཏུག་གི་བྱ་གཞག་གལ་ཆེན་ཡིན་ལ། དེང་རབས་ཚན་རིག་ལག་རྩལ་ཡང་མུ་མཐུད་འཕེལ་རྒྱས་དང་གསར་སྤེལ་བྱེད་བཞིན་པའི་སྒང་ཡིན་ཕྱིར། མིའི་རིགས་ཀྱི་ཤེས་རིག་འཇིག་རྟེན་བསྐྲུན་པར་བླ་མེད་བྱས་རྗེས་བཞག་དང་འཇོག་བཞིན་པའི་སྐབས་སུ་དེ་དང་འདི་ལྟ་བུ་ཡིན་ཞེས་ཁ་ཚོན་གཅོད་མི་ནུས་མོད། དུས་རབས་འགྱུར་ལྡོག་དང་སྤྱི་ཚོགས་འཕེལ་ཕྱོགས་ལ་བསྟུན་ཅིི་ཐུབ་བྱས་ནས་དཔལ་འབྱོར་འཛམ་གླིང་ཅན་དང་རིག་གནས་སྣ་མང་ཁྲོད་དུ་རིག་ཚན་སོ་སོའི་དགོངས་དོན་མ་ནོར་བར་སྟོན་ཐུབ་པའི་ལག་ལེན་གྱི་བྱེད་སྒོ་ལ་གཞི་ནས་ཟུང་འབྲེལ་བྱེད་དགོས། ཇི་སྐད་དུ། ལུས་ཀྱིས་དེ་ལྟར་སྤྱད་པར་བྱ། ། ངག་གིས་བརྗོད་པས་ཅི་ཞིག་ཕན། །
        སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། ། ནད་དག་སེལ་བར་འགྱུར་རམ་ཅི། ། ཞེས་གསུངས་པ་ལྟར། བྱ་བ་གང་ཞིག་ཡིན་ཡང་ལག་ལེན་མེད་པའི་ཁ་བཤད་ཙམ་གྱིས་རང་གཞན་སུ་ལའང་ཕན་ཐོགས་མི་སྲིད་པས། ཐོག་མར་དེང་རབས་ཅན་དེ་མིའི་འདུ་ཤེས་དེང་རབས་ཅན་དུ་ཕྱོགས་དགོས་པ་ཞིག་ཡིན་ལ། མི་རིགས་སོ་སོའི་སྐད་གཉིས་སློབ་ཁྲིད་ཀྱི་དེང་རབས་ཅན་དེ་ཐོག་མར་སློབ་གསོའི་ལས་དོན་གཉེར་བའི་སྲིད་འཛིན་ལས་བྱེད་མི་སྣ་དང་སློབ་ཁྲིད་དང་ཞིབ་འཇུག་ལས་བྱེད་མི་སྣའི་བསམ་བློའི་འདུ་ཤེས་སྟེང་ཆགས་པར་བྱས་ནས། སྐད་གཉིས་སློབ་གསོའི་ལས་བྱེད་མི་སྣ་སོ་སོས་རང་འགུལ་དང་རང་རྟོགས་ཀྱིས་ཞིབ་འཇུག་དང་ཐབས་ལམ་གསར་པ་འཚོལ་རྟོགས་བཅས་བྱས་ནས་དུས་རབས་འཕེལ་ཕྱོགས་ཀྱི་བརྡ་འཕྲིན་དུས་ལྟར་སྡུད་ལེན་དང་ལག་རྩལ་གསར་པ་དུས་ལྟར་བེད་སྤྱོད་གཏོང་ཐུབ་པའི་ནུས་པ་ལྡན་དགོས་པ་མ་ཟད། ལོ་རྒྱུས་རང་བཞིན་གྱི་འགན་ཁུར་ལྡན་ཞིང་གསར་གཏོད་ལག་ལེན་ཐུབ་པའི་དུས་རབས་འཕེལ་ཕྱོགས་ལྟར་མི་རིགས་ཀྱི་སྐད་གཉིས་སློབ་ཁྲིད་མ་ལག་དང་དབྱིབས་རྣམ། སློབ་ཁྲིད་བྱེད་ཐབས་ཕྱོགས་ཡོངས་ནས་འཆར་འགོད་དང། ལེགས་སྒྲིག བཅོས་སྒྱུར་བྱས་ནས་མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་མཁོ་བའི་སྐད་གཉིས་སློབ་ཁྲིད་མ་ལག་ཆ་ཚང་བ་ཞིག་འཛུགས་དགོས་པས། འབྲེལ་ཡོད་ལས་བྱེད་མི་སྣས་དེང་རབས་ཅན་གྱི་བསམ་བློའི་གོ་རྟོགས་དེ་ཚད་ངེས་ཅན་ཞིག་ནས་བོད་མི་རིགས་ཀྱི་སྐད་གཉིས་སློབ་གསོའི་བྱ་གཞག་དེ་དེང་རབས་ཅན་ལ་ཕྱོགས་ཡོད་མེད་གཞི་འཛིན་ས་ཞིག་ཡིན་དགོས་པས་ན། སློབ་ཁྲིད་བསམ་བློ་དེང་རབས་ཅན་དུ་ཕྱོགས་དགོས་པའང་བཟློག་མེད་ཀྱི་ཆོས་ཉིད་ཅིག་ཏུ་འཁུམས། ལག་རྩལ་བྱེད་ཐབས་གསར་པ་དང་སྤེལ་རེས་བྱེད་པའི་འདུ་ཤེས་དེང་རབས་ཅན་དུ་ཕྱོགས་པ་ནི་མི་རིགས་ས་ཁུལ་གྱི་སྐད་གཉིས་སློབ་ཁྲིད་དེང་རབས་ཅན་གྱི་ཐད་ཀའི་མངོན་ཚུལ་ཞིག་ཡིན་དགོས་ཏེ། དུས་རབས་ཉི་ཤུ་པའི་མཇུག་ནས་བཟུང་། གློག་རྡུལ་ལག་རྩལ་འཕུར་སྐྱོད་ངང་འཕེལ་བཞིན་པའི་སྐབས་འདིར་དེང་རབས་བརྡ་འཕྲིན་ལག་རྩལ་དང་སྒྲ་སྡུད་ལག་རྩལ། གཞན་ཡང་བསྐྱར་དཔར་དང་འོད་རིག་ལ་སོགས་པའི་མཉེན་ཆས་མང་པོ་ཞིག་ཚད་མི་འདྲ་བའི་སྒོ་ནས་སློབ་གསོའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་ལ། ལྷག་ཏུ་དུས་རབས་ཉེར་གཅིག་པའི་དུས་མགོར་རྩིས་འཁོར་དང་དེང་རབས་བརྡ་འཕྲིན་ལག་རྩལ་གཙོ་བྱས་པའི་བརྡ་འཕྲིན་རིག་པ་ཀློང་བརྡོལ་བས་གྲངས་ཀའི་ལག་རྩལ་གྱི་བེད་སྤྱོད་རིན་ཐང་དེ་ལས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། དེང་རབས་བརྡ་འཕྲིན་ལག་རྩལ་ཁྲོད་ཀྱི་དྲ་རྒྱའི་འབྲེལ་ཆས་ལག་རྩལ་དེང་རབས་སློབ་གསོའི་ཁྲོད་བེད་སྤྱོད་དང་ཁྱབ་གདལ་གཏོང་བ་དང་།
        སྐད་གཉིས་སློབ་ཁྲིད་ལ་རམ་འདེགས་དང་སྐུལ་འདེད་ཀྱང་བྱེད་ཐུབ་པས་ལས་ཆོད་མཐོ་བའི་བརྡ་འཕྲིན་སྣ་མང་གི་དགོས་མཁོར་དམིགས་ནས་སྙིགས་དོར་བཅུད་ལེན་དང་། སློབ་ཁྲིད་ཀྱི་ལས་ཆོད་མཐོ་རུ་འདེགས་ཐུབ་པ་དང་སྐད་གཉིས་སློབ་ཁྲིད་ཀྱི་ཚན་རིག་རང་བཞིན་བསྐྲུན་པར་རྨང་གཞི་ངེས་ཅན་གདིང་ཐུབ། དེ་དང་མཐུན་པར་དེང་རབས་ཅན་གྱི་ཕུགས་བསམ་མངོན་པར་མཚོན་པའི་སློབ་ཁྲིད་ཀྱི་ནང་དོན་དང་སྒྲིག་གཞི་གཏན་ལ་ཕབ་སྟེ། དེང་རབས་ལས་དོན་གྱི་ཐོན་སྐྱེད་སྣ་མང་དང་འཚོ་བའི་ལམ་ལུགས་ལེགས་ལམ་དུ་སྐུལ་བའི་སྲིད་འབྱོར་རིག་གསུམ་གོང་དུ་སྤེལ་བས་བྱང་ཚད་སློབ་གསོ་དང་བསྟུན་ཐུབ་པ་དང། མི་རིགས་ས་ཁུལ་གྱི་རིག་གནས་སློབ་གསོ་གོང་འཕེལ་དང་འཐུས་ཚང་དུ་གཏོང་བར་སྨན་པར་འགྱུར་དགོས་པས། སློབ་གསོའི་ཕྱོགས་ནས་བལྟས་ནའང་བྱིས་པ་དང་ན་གཞོན། གཞོན་ནུ་ཚང་མ་སྤྱི་ཚོགས་འཚོ་བར་ཞུགས་པའི་སྔོན་འགྲོའི་གྲ་སྒྲིག་གི་གོ་རིམ་ཞིག་ལ་བརྗོད་པས། སྐད་གཉིས་སློབ་གསོ་ཡང་སྐད་གཉིས་དེ་སློབ་གསོའི་བརྒྱུད་རིམ་ཁྲོད་ཕྱོགས་ཡོངས་ནས་འབྲེལ་ཆེ་བའི་རྣམ་པ་ཞིག་ཡིན་ལ། དེ་ལྟ་བུའི་སློབ་གསོ་ནི་སྐད་གཉིས་རྣམ་པ་ལྟར་བྱེད་སྒོ་སྤེལ་བའི་ལག་ལེན་རིམ་པ་ཞིག་ཡིན། བྱ་འགུལ་སྣ་ཚོགས་སྐད་གཉིས་དང་དམ་པོར་འབྲེལ་ཞིང་དབྱེ་ཐབས་མེད་པ་ཞིག་ཡིན་པས་སྐད་ཆ་ཁོ་ནའི་སློབ་ཁྲིད་ཙམ་དུ་ལྟ་མི་རུང་བར། སློབ་གསོའི་ཁ་གཏད་ཡུལ། བསླབ་ཚན་འཆར་འགོད། མི་སྣ་གསོ་སྐྱོང་བྱེད་པའི་དམིགས་ཡུལ་དང་དེང་རབས་སློབ་གསོ་བྱེད་ཐབས་བེད་སྤྱད་ནས། སྔར་ཡོད་སློབ་ཁྲིད་དོ་དམ་གྱི་རྨང་གཞིའི་སྟེང་བཅོས་སྒྱུར་དང་དར་སྤེལ་བྱས་ནས་སློབ་ཁྲིད་དོ་དམ་གསར་པའི་ལམ་ལུགས་བཙུགས་ཤིང་མི་རིགས་ས་ཁུལ་གྱི་སྐད་གཉིས་སློབ་གསོའི་ལས་དོན་དེ་རྒྱལ་ཁབ་སློབ་གསོ་པུའུ་དང་ས་གནས་སྲིད་འཛིན་འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱབ་སྐྱོར་གང་ལེགས་བགྱིས་ཏེ་མ་དངུལ་གཏོང་ལེན་དང་སྒྲིག་གཞི་གསར་འཛུགས་བཅས་བྱས་ནས་དེང་རབས་འཛམ་གླིང་སྤྱིའི་མི་སྣ་གསོ་སྐྱོང་བྱེད་པའི་ཁ་ཕྱོགས་དང་མཐུན་ཞིང་གསར་པ་དང་ལེན་དང་མཁོ་མེད་འདོར་ཐུབ་པའི་འདུ་ཤེས་ཤིག་ཆགས་དགོས་པ་མ་ཟད། དུས་རབས་གསར་པའི་ལག་ལེན་བརྒྱུད་རིམ་དང་འབྲེལ་ནས་དངོས་ཡོད་གནད་དོན་ཐག་གཅོད་དང་། གཞུང་ལུགས་དང་ལག་ལེན་ཁ་གྱེས་མི་རུང་བར་དངོས་ཐོག་བདེན་འཚོལ་གྱི་ལས་ལ་ཀུན་ནས་འབད་དགོས། །
① ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ་རུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1