བྱམས་བརྩེའི་དྲོད་ཁོལ་དམངས་ཀྱི་སེམས་སུ་འཐིམ།

སངས་རྒྱས་དོན་འགྲུབ་ཀྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-29



སངས་རྒྱས་དོན་འགྲུབ་ཀྱིས་བྲིས་ཤིང་པར་བླངས།

        གུར་དྲག་ལགས་ཡུལ་ཤུལ་ཁུལ་འཕྲོད་བསྟེན་ཅུས་ལ་ལས་བགོས་བྱས་པའི་སྐབས་འཕྲོད་བསྟེན་ཅུས་ཀྱི་མངའ་ཁོངས་སུ་རྒྱ་གྲམ་དམར་པོ་ཚོགས་པའི་དྲུང་ཡིག་ཆེན་མོའི་འགན་བཞེས་ནས་གཞན་ཕན་དགེ་ལས་ཀྱི་བྱ་བ་ཁོ་ནར་འབད་ཅིང་། 2010ལོའི་ཟླ་4པའི་ཚེས་14ཉིན་ཡུལ་ཤུལ་ཁུལ་དུ་བསམ་ཡུལ་ལས་འདས་པའི་ས་འགུལ་ཆེན་མོ་བྱུང་བའི་སྐབས་ཁོང་གིས་དུས་ཚོད་སྐར་ཆ་གཅིག་ཀྱང་འཕྲོ་བརླག་ཏུ་མ་བཏང་བར་མི་ཆོས་རིང་ལུགས་ཀྱི་རྒྱ་གྲམ་དམར་པོའི་རྩ་བའི་བླང་བྱ་ལྟར་གནོད་སྐྱོབ་རུ་ཁག་དང་། དང་བླངས་པ་རྩ་འཛུགས་བྱས་ནས་ཁང་པ་ཞིག་རོ་དང་གྱང་རོའི་འོག་གི་རྨས་མ་དུ་མའི་ཚེ་སྲོག་བསྐྱབས་ནས་རང་ཉིད་ཀྱི་ཁྱིམ་ཚང་དང་གཉེན་ཉེ་གང་ལའང་ཉིན་དུ་མའི་ནང་འབྲེལ་བ་བྱེད་པའི་དུས་ཚོད་མ་བྱུང་། དེ་ནས་གནོད་སེལ་རྒུད་སྐྱོབ་བྱ་བ་མཇུག་མ་རྫོགས་ཀྱང་རྒྱལ་ཡོངས་ཀྱི་ཕྱོགས་སོ་སོའི་ལས་ཁུངས་དང་རིགས་སོ་སོའི་མི་དམངས་ཀྱིས་ཕུལ་བའི་གནོད་སྐྱོབ་དངོས་རྫས་དང་། བསྐྱར་འཛུགས་མ་དངུལ་བསྡུ་རུག་རྩིས་ལེན་བྱས་ནས་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བ་དངོས་དང་། གནོད་ཤུལ་བསྐྱར་བསྐྲུན་གྲ་སྒྲིག་བྱེད་པའི་བྱ་བ་གཉིས་ཟུང་དུ་སྦྲེལ་ནས་ཉིན་མཚན་མེད་པར་ལས་ལ་བྲེལ་ཞིང་། ཁུལ་ཡོངས་ཀྱི་སློབ་གསོ་དང་འཕྲོད་བསྟེན་སྡེ་ཁག་གི་འཛུགས་བསྐྲུན་མ་དངུལ་ཕལ་ཆེར་རྒྱ་གྲམ་དམར་པོ་ཚོགས་པས་ཞལ་འདེབས་མ་དངུལ་བསྡུ་རུབ་བྱས་པ་ལས་བྱུང་།

        2013ལོའི་ཟླ་4པའི་ཚེས་20ཉིན་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་དུ་ཚད་རིམ་7ཅན་གྱི་ས་འགུལ་བྱུང་བས་ཁོང་གིས་གསར་འགྱུར་དང་བརྙན་འཕྲིན་ལས་ཤེས་རྟོགས་བྱུང་མ་ཐག་ཡུལ་ཤུལ་ཁུལ་གྱི་རྒྱ་གྲམ་དམར་པོའི་གནོད་སྐྱོབ་རུ་ཁག་རྩ་འཛུགས་བྱས་ནས་ཚེས་21ཉིན་གྱི་སྔ་དྲོར་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་ནས་གནོད་སྐྱོབ་ཀྱི་བྱ་བ་ཉིན་བཅོ་ལྔ་ཙམ་ལ་སྤེལ་བར་མ་ཟད། ཡུལ་ཤུལ་ཁུལ་གྱི་ལས་རིགས་སོ་སོའི་སྡེ་ཁག་དང་མི་དམངས་ཡོངས་ལ་དྲིན་ལན་བཟང་འཇལ་གྱི་སྲོལ་རྒྱུན་བཟང་པོ་ལྟར་གནོད་ཐེབས་ས་ཁུལ་གྱི་མི་དམངས་ལ་ཞལ་འདེབས་བསྡུ་བའི་མཛད་སྒོ་སྤེལ། མཛད་སྒོའི་སྟེང་བསྡུས་པའི་མ་དངུལ་དམངས་སྒོར་ཁྲི་དྲུག་བརྒྱ་ལྷག་གཡག་རྔ་གྲོང་ཁྱེར་ཧན་ཡོན་རྫོང་ཀྲུང་ལུགས་སྨན་ཁང་གི་འཛུགས་སྐྲུན་མ་དངུལ་དུ་ཕུལ་བར་མ་ཟད་སྨན་ཁང་དེར་ཆེད་དུ་བོད་ཀྱི་གསོ་རིག་ཚན་ཁག་ཅིག་གསར་དུ་བཙུགས་ནས་ས་གནས་དེའི་གསོ་རིག་ཆེད་ལས་པ་གཉིས་ཡུལ་ཤུལ་ཁུལ་སྨན་རྩིས་ཁང་དུ་དུས་ཡུན་ལོ་གསུམ་གྱི་རིང་དུ་དངོས་སྦྱོང་བྱས་པ་དང་། རྗེས་དྲན་དུ་སངས་རྒྱས་སྨན་བླའི་སྐུ་སྤྱི་ཁྲི་བཅུ་གསུམ་ཙམ་ཞིག་གསར་བཞེངས་མཛད་ཅིང་བོད་ཀྱི་གསོ་བ་རིག་པའི་ཐད་ལ་འཕེལ་རྒྱས་གང་ལེགས་བཏང་།

        2015ལོའི་ཟླ་5པའི་ཚེས་20ཉིན་བོད་ལྗོངས་གཞིས་ཀ་རྩེ་དང་བལ་ཡུལ་ཕྱོགས་སུ་ས་འགུལ་བྱུང་བས་ཁོང་གིས་གནོད་སྐྱོབ་རུ་ཁག་བསྡུས་ནས་གནོད་སྐྱོབ་དངོས་རྫས་བསྐྱལ་བ་དང་། གནོད་ཐེབས་ས་ཁུལ་དུ་ཞབས་འདེབས་བསྡུ་བའི་མཛད་སྒོ་སྤེལ་ཞིང་། ཞབས་འདེབས་མ་དངུལ་དེ་བལ་ཡུལ་གྱི་ཀ་ཏ་མ་ནའི་གྲོང་གི་སློབ་གྲྭ་འཛུགས་པའི་གྲས་སུ་ཕུལ་བ་དང་། ཁོང་སྔ་ཕྱི་ཐེངས་དུ་མར་བལ་ཡུལ་དུ་སོང་ནས་ཡུལ་ཤུལ་གྲོང་ཁྱེར་དང་བལ་ཡུལ་གཉིས་ཀྱི་བར་དུ་རིག་གནས་ཡུལ་སྐོར་དང་དཔལ་འབྱོར་ཚོང་ལས་ཀྱི་འབྲེལ་བ་མི་དམན་པ་བཙུགས།

        གཞན་ཡང་རིག་གནས་ཐད་བཞག་པའི་མཛད་རྗེས་རླབས་ཆེ་ཞིང་དེ་ལས་རྒྱ་མཚོའི་ཆུ་ཐིགས་ཙམ་གྲོལ་བ་ལས། ཉེ་བའི་དུས་སྐབས་སུ་ཡུལ་ཤུལ་ཁུལ་དུ་སྒ་ཇོ་བོ་ནོར་གནག་རིག་གནས་དུས་ཆེན་ཐེངས་དང་པོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་ང་ཚོ་དང་ཆེས་འབྲེལ་འདྲིས་ཆེ་བའི་མཐོ་སྒང་ནོར་གནག་ནི་གནའ་ནས་ད་བར་འཚོ་བའི་རྟེན་གཞི་གཙོ་བོ་ཡིན་པས། ནོར་གནག་དང་འབྲེལ་བའི་སྲོལ་རྒྱུན་རིག་གནས་དུ་མ་ཞིག་ཉམས་པ་སླར་གསོ་དང་། དེང་རབས་ཚན་རིག་དང་ཆ་འཕྲིན། ཡུལ་སྐོར་ཚོང་ལས་སོགས་ལ་བརྟེན་ནས་ནོར་གནག་གི་ཐོན་རྫས་ཁྱབ་སྤེལ་བྱ་བའི་ཆེད་དུ་རེད། ནོར་གནག་ལས་ཐོན་པའི་དངོས་པོ་ཚང་མ་ཁོར་ཡུག་ལ་མི་གནོད་ཅིང་ཡུལ་དུས་དང་མཐུན་ཞིང་གནའ་བོའི་མེས་པོ་རྣམས་ཀྱི་ཤེས་རབ་ཀྱི་རྩལ་ལས་ཐོན་པ་ཤ་སྟག་ཡིན། དེ་དག་གི་མིང་དང་བཀོལ་སྤྱོད་བྱེད་སྟངས། འོ་མ་ལས་སྣོན་དང་མར་ཕྱུར་གཡོས་སྦྱོར་བྱེད་སྟངས་སོགས་ཡུལ་དངོས་སུ་མྱོང་རོལ་བྱེད་དུ་བཅུག

        དེ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་ལྟར་དབུལ་སེལ་འགག་གྲོལ་གྱི་བྱ་བ་གཙིགས་སུ་བཟུང་སྟེ་ཕྱོགས་ཡོངས་ནས་ཐབས་ལམ་སྣ་ཚོགས་ཀྱིས་དབུལ་སྐྱོར་བྱ་བའི་ལས་ལ་བྲེལ་ཞིང་། ཁོང་གིས་ཡུལ་ཤུལ་ཁུལ་གྱི་མངའ་ཁོངས་སུ་གྲོང་སྡེ་ཉི་ཤུ་ལྷག་ལ་མཉམ་ལས་འཛུགས་པའི་མཐུན་རྐྱེན་གནང་ནས་ཞིང་འབྲོག་མང་ཚོགས་ལ་འཚོ་བའི་རྟེན་གཞི་ཡོད་པར་བྱས། དེ་ལས་ཡུལ་ཤུལ་གྲོང་ཁྱེར་སྐར་མདའ་སྡེ་པ་རུ་དམངས་ཕན་མཉམ་ལས་ཀྱི་ཁྲོམ་ར་ཞིག་གསར་དུ་བཙུགས་ནས་ལས་གཉེར་བྱས་པས་ཕལ་ཆེར་གྲོང་སྡེ་དེའི་མང་ཚོགས་ཀྱི་ལོ་གཅིག་གི་འཚོ་རྟེན་ཐོབ།
        ཁོང་གིས་རྒྱུན་དུ་རྫོང་ཁག་རེ་ལ་མིང་གྲགས་ཡོད་པ་དང་། གྲོང་སྡེ་རེ་ལ་ཁྱད་ཆོས་ཡོད་པའི་ལས་གཞི་རེ་གསར་གཏོད་དགོས་པའི་བླང་བྱ་བསྟན་ཞིང་། ཁོང་གིས་དུས་རབས་དང་སྤྱི་ཚོགས། མེས་རྒྱལ་བཅས་ལ་ཁ་ཕྱོགས་ནས་དུས་དང་མཐུན་པའི་དབུལ་སྐྱོར་གྱི་ལས་དོན་བགྱིས་ཤིང་། དམངས་འཚོ་དབུལ་སྐྱོར། རིག་གནས་དབུལ་སྐྱོར། སློབ་གསོ་དབུལ་སྐྱོར། ཁོར་ཡུག་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར་བཅས་རྣམ་པ་ལྔ་ཡི་སྒོ་ནས་འབད་བརྩོན་དང་ལེན་གནང་བཞིན་ཡོད། ། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1