༄༅།། ཁྱིམ་གྱི་སློབ་གསོའི་ཐད་ཀྱི་ནོར་འཁྲུལ་འགའ་ཞིག

དཔལ་མགོན། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-04



རྔ་བ། དཔལ་མགོན།
1. བུ་ཕྲུག་ཆུང་དྲགས་པས་སློབ་གསོ་ནི་ཕྱིན་ཆད་ཀྱི་ལས་དོན་ཞིག་རེད་སྙམ་པ།
        སྤྱིར་དུས་རབས་གསར་པའི་འགྲོས་དང་བསྟུན་ནས།བོད་ཁུལ་གྱི་སློབ་གསོར་འཕེལ་རྒྱས་ཆེ་ཙམ་བྱུང་མོད། སློབ་གསོ་ཀུན་གྱི་རྨང་གཞིར་གྱུར་པའི་ཁྱིམ་གྱི་སློབ་གསོའི་ངོས་ན་ཕ་མ་རྣམས་ལ་ལྟ་ཚུལ་ནོར་འཁྲུལ་ཅན་མང་དུ་བདོག་ལ། གཤམ་དུ་རྒྱུན་མཐོང་གི་ལྟ་ཚུལ་ནོར་འཁྲུལ་ཅན་འགའ་ཞིག་དྲངས་ན།
        སྐྱེས་མ་ཐག་པའི་བུ་ཕྲུག་གིས་ཅི་ཡང་མི་ཤེས་པས།སློབ་གསོ་གཏོང་བ་སྔ་དྲགས་སོང་སྙམ།དེ་ནི་སློབ་གསོའི་འདུ་ཤེས་དབེན་པའི་རྟགས་ཡིན།དོན་དངོས་སུ་བུ་ཕྲུག་སྐྱེས་མ་ཐག་ནས་བཟུང་ཆེས་ཐོག་མའི་ཤེས་རྟོགས་ཀྱི་ནུས་པ་ཡོད་ལ།ལོ་ན་གཅིག་དང་གསུམ་གྱི་བར་ནི་རིག་པ་འཕེལ་རྒྱས་འབྱུང་བའི་གནད་འགག་དུས་རིམ་ཡིན།ཧིན་རྡུའི་སྤྱང་ཕྲུག་ལས་བརྒྱུད་པའི་སློབ་གསོའི་བློ་འབྱེད་ཀྱིས་སློབ་གསོའི་ཁོར་ཡུག་གི་གལ་ཆེན་རང་བཞིན་ལེགས་པར་བསྟན་ཅིང་། སྐབས་དེར་བུ་ཕྲུག་ལ་འོས་འཚམ་གྱི་སློབ་གསོ་དང་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱེད་མ་ཐུབ་ན།ཕྲུ་གུའི་རིག་པ་ཕུན་སུམ་ཚོགས་པའི་ངང་འཕེལ་རྒྱས་འབྱུང་དཀའ།ཨ་མེ་རི་ཁའི་སེམས་ཁམས་རིག་པ་བ་པོ་ལོའུ་མོང་གིས་གལ་ཏེ་མི་ཞིག་གི་ལོ་ན་བཅུ་བདུན་སྐབས་ཀྱི་རིག་པའི་ཆུ་ཚད་ནི་བརྒྱ་ཐམ་པ་ཡིན་པའི་དབང་དུ་བཏང་ན།ཁོ་ལོ་ན་བཞི་ཡིན་པའི་སྐབས་སུ་ལྔ་བཅུར་སླེབས་ཤིང་།ལོ་ན་བཞི་དང་བརྒྱད་ཀྱི་བར་སུམ་ཅུ་འཕེལ་ལ།ལོ་ན་བརྒྱད་དང་བཅུ་བདུན་གྱི་བར་ཉི་ཤུ་མ་གཏོགས་འཕེལ་མི་ཐུབ་ཅེས་གསུངས།དེས་ན་ཕྲུ་གུའི་དུས་སྐབས་ནི་རིག་པའི་འཕེལ་ཚད་ཆེས་མྱུར་བའི་དུས་རིམ་ཡིན་པར་རྟོགས་ཐུབ།ཡིན་ནའང་ཐོག་མའི་སློབ་གསོའི་འདུ་ཤེས་མེད་པའི་ཕ་མ་རྣམས་ཀྱིས་དུས་སྐབས་དམ་འཛིན་མི་བྱེད་པར་བུ་ཕྲུག་གི་ཀླད་པའི་བག་ཉལ་རིག་པ་དུས་ལྟར་སྔོག་འདོན་བྱེད་མ་ཐུབ་པར།ཆེས་ལེགས་པའི་རིག་པ་སྔོག་འདོན་གྱི་རྫོགས་ལྡན་དུས་བཟང་ཆུད་ཟོས་སུ་བཏང་བས།ཀླད་ཆེན་གྱི་ཕུན་ཚོགས་ཐོན་ཁུངས་འཕྲོ་བརླག་ཏུ་འཆོར་ངེས།

2.བུ་ཕྲུག་ལག་ཆགས་ན་རང་འགུལ་གྱིས་རྟོགས་འོང་སྙམ་པ།
        དེ་འདྲའི་བསམ་བློའི་བཀོད་སྒྲིག་འོག་ཕ་མ་མང་པོ་ཞིག་གིས་བུ་ཕྲུག་གི་འགྲོ་འདུག་སྤྱོད་གསུམ་ཐད་འདྲི་ཞིབ་དང་ལྟ་རྟོག་སོགས་ཅི་ཡང་མི་བྱེད་པར།བྱུང་རྒྱལ་དང་ལང་ཤོར་དུ་བསྐྱུར་ཏེ།སྡོང་རྒས་པ་འཁྱོག་ན་བཅོས་ཐབས་མེད་པའི་གནས་སུ་བསྐྱལ།སྐབས་དེར་འགྱོད་པའི་སྙིང་རླུང་སྟོད་ལ་འཚངས་ནའང་སྙིང་པོ་དབེན།སློབ་གསོ་ལ་ཕྱིར་ཟློག་གི་ལམ་བུ་ཡེ་ནས་མེད་དེ།ཕྲུ་གུའི་དུས་སྐབས་ནི་མི་ཚེའི་ཀུན་སྤྱོད་དང་གོམས་གཤིས།བདེ་ཐང་གི་མི་གཞི་སོགས་འཚར་ལོངས་འབྱུང་བའི་དུས་སྐབས་ཡིན་ལ།སྐབས་དེར་ཕྲུ་གུར་མཚོན་ན་འཚོ་བའི་ཉམས་མྱོང་ཅི་ཡང་མེད་པས།དགེ་སྡིག་ལེགས་ཉེས་དང་མཛེས་དགེ་བདེན་གསུམ་གྱི་ཤན་འབྱེད་ནུས་པ་ཡང་ཧ་ཅང་ཞན་པར་མ་ཟད།རང་ཚོད་རང་འཛིན་གྱི་ནུས་པ་ཉག་ཕྲ་ལ་ཚད་བཀག་ཤིན་ཏུ་ཆེ།དེ་བས་ཕ་མ་རྣམས་ཀྱིས་ཚད་ངེས་ཅན་ཞིག་གི་ཐོག་སྐབས་བསྟུན་གྱིས་བུ་ཕྲུག་ལ་བདེ་ཐང་གི་བསམ་བློའི་བརྩེ་དུང་དང་ལྟ་སྟངས་ཡང་དག་ཅིག་སྐྱེད་སྲིང་བྱེད་རྒྱུ་ཤིན་ཏུ་གལ།དངོས་ཡོད་འཚོ་བའི་ཁྲོད་དུ་བུ་ཕྲུག་མང་པོ་ནར་སོན་རྗེས།རིམ་བཞིན་བློ་ཁམས་བདེ་ཐང་མིན་ལ་ཕམ་ཁ་དང་སྡུག་བསྔལ་དང་ལེན་དང་བཟོད་བསྲན་མི་ཐུབ་པར།སྒེར་སེམས་ཆེ་བ་དང་ཁྲིམས་མེད་ལུགས་མེད་སོགས།རང་གཞན་ཀུན་ལ་གནོད་པའི་བསམ་སྦྱོར་དག་རྒྱུད་ལ་གོམས་པ་ནི།སློབ་གསོའི་ལྟ་ཚུལ་དེས་བསྐྱེད་པའི་ཉེས་དམིགས་ཡིན།

3. བུ་ཕྲུག་གི་སློབ་གསོ་ལ་དགེ་བའི་བཤེས་གཉེན་བསྟེན་ཚུལ་མི་མཁོ་བར་སྙམ་པ།
        ཕ་མ་མང་པོ་ཞིག་གི་སེམས་སུ་བུ་ཕྲུག་ལ་ཆེད་དུ་སློབ་གསོ་སྤེལ་མི་དགོས་པར།སློབ་གསོ་ནི་ཆེས་རང་བྱུང་དང་རང་འགུལ་གྱི་སྤྱོད་ཚུལ་ཞིག་ཡིན་པས།དགེ་བའི་བཤེས་གཉེན་གང་ལ་ཆེད་དུ་བསྟེན་པའི་དགོས་པ་མེད་ལ།སློབ་གསོའི་ཆེད་དུ་མ་དངུལ་གཏོང་བ་དང་དཀའ་སྤྱད་འབད་བརྩོན་སྒོས།ཕ་མ་ཚད་ལྡན་ཞིག་ཏུ་འགྱུར་བར་སློབ་སྦྱོང་བྱེད་པ་ནི་ཆེས་རྨོངས་རྟུལ་དང་དགོས་མཁོ་ཅི་ཡང་མེད་པར་འདོད་བཞིན།རྙིང་རུལ་དང་རྗེས་ལུས་ཀྱི་སློབ་གསོའི་འདུ་ཤེས་མཁྲེགས་འཛིན་དང་རྒྱུན་འཁྱོངས་བྱས་པས།རྒྱུན་ལྡན་འཚོ་བའི་ཁྲོད་རང་གཞན་གཉིས་ཀར་སློབ་གསོའི་དཀའ་ཁག་དང་ཕམ་ཁ་རབ་དང་རིམ་པར་འཕྲད་བཞིན་ཡོད།དེ་འདྲའི་གནད་དོན་ཚབས་ཆེན་ལ་འཕྲད་ནའང་གཞན་ལ་ཁེངས་སྐྱུང་སྒོས་བློ་ཅི་ཡང་མི་འདྲི་ལ།རང་རློམ་གྱིས་རྒྱུ་མཚན་གང་ཡང་མི་འཚོལ་བར།ཁྱིམ་གྱི་སློབ་གསོའི་ཤེས་བྱར་སློབ་སྦྱོང་དང་དེའི་ཁྲིད་སྟོན་ལ་ལྟ་ཙམ་ཡང་མི་བྱེད།དེ་ལྟར་ན་གནད་དོན་ནམ་ཡང་ཐག་མི་ཆོད།དུས་ལྟར་ལྷས་རའི་ར་ཁ་སླར་བཅོས་མ་ཡོང་བའི་དཔེ་བཞིན།བུ་ཕྲུག་གི་ལུས་སེམས་བདེ་ཐང་དང་རིག་ནུས་སྔོག་འདོན་སོགས་སློབ་གསོའི་རྫོགས་ལྡན་དུས་བཟང་ཡེ་ནས་ཤོར་ཏེ།ཕྱིར་ཟློག་མེད་པའི་མི་ཚེའི་སྐྱོ་གར་ཡང་དང་ཡང་དུ་འཁྲབ་པར་གདོན་མི་ཟ།དེ་བས་བུ་ཕྲུག་ལ་མཚོན་ན་ཕ་མ་ནི་ཆེས་ཐོག་མའི་དགེ་རྒན་ཡིན་པས།ངེས་པར་ཕ་མའམ་དགེ་བའི་བཤེས་གཉེན་རྣལ་མ་ཞིག་ཏུ་འབད་པར་རིགས།

4. སློབ་གསོ་ནི་སློབ་གྲྭའི་ལས་དོན་ཞིག་རེད་སྙམ་པ།
        དེ་ནི་རང་འགན་གཞན་དཀྲིའི་བསམ་སྦྱོར་སྤེལ་སྟངས་ཡིན།ཨ་མེ་རི་ཁའི་སློབ་གསོ་པ་སི་ཐེ་ནཱ་ཡིས་སློབ་གསོ་ནི་སློབ་གྲྭའི་དགེ་རྒན་ནས་མགོ་འཛུགས་མི་འོས་པར།ཁྱིམ་ཚང་གི་ཨ་མའི་སློབ་གསོ་ནས་མགོ་འཛུགས་དགོས་ཞེས་གསུངས་པ་བཞིན།ཁྱིམ་ཚང་ནི་བུ་ཕྲུག་གི་སློབ་གསོའི་ཞིང་ཁའམ་སློབ་གྲྭ་ཐོག་མ་ཡིན་པས།སློབ་གྲྭ་ནི་བུ་ཕྲུག་གི་སློབ་གསོའི་གནས་གཞི་གཅིག་པུ་མིན་པར།དེ་ནི་གཙོ་བོ་ཁྱིམ་གྱི་སློབ་གསོའི་རྒྱུན་མཐུད་དང་དཔེ་ངོས་ཤེས་བྱའི་བརྒྱུད་ལམ་ཞིག་ཡིན་ལ།ཁྱིམ་ཚང་ནི་ད་གཟོད་ཐོག་མའི་རིག་ནུས་སྔོག་འདོན་བྱེད་ས་དང་སྤྲོ་སྣང་སྐྱེད་སྲིང་བྱེད་ས།སྦྱངས་བརྩོན་གྱི་སྙིང་སྟོབས་སྐྱེད་ས།ཡ་རབས་སྤྱོད་བཟང་སློབ་ས།བདེ་ཐང་གི་མི་རྒྱུད་སྐྱེད་ས་སོགས་ཡིན་པས།བུ་ཕྲུག་གི་སློབ་གསོའི་རེ་བ་ཡོད་ཚད་བྱིས་སྐྱོང་ཁང་དང་སློབ་གྲྭར་བཅོལ་བ་ནི།ཁྱིམ་གྱི་སློབ་གསོའི་འགངས་ཆེན་རང་བཞིན་མ་རྟོགས་ཤིང་།ཁྱིམ་གྱི་སློབ་གསོའི་འདུ་ཤེས་དབེན་པའི་རྨོངས་སྤྱོད་ཤ་སྟག་ཡིན།དེ་བས་བུ་ཕྲུག་གི་བདེ་ཐང་འཚར་ལོངས་ཐད་ཐག་གཅོད་རང་བཞིན་གྱི་རྨང་འདིང་ཞིང་།ཤུགས་རྐྱེན་ཟབ་མོ་འཇོག་པའི་ཁྱིམ་གྱི་སློབ་གསོ་དང་སློབ་ལོའི་སྔོན་གྱི་སློབ་གསོ་ནི།སློབ་གྲྭའི་སློབ་གསོ་སོགས་ལས་ཀྱང་གལ་ཆེ་ལ་ཁྱད་དུ་འཕགས་པས།དེར་སྣང་ཆུང་ཡེ་ནས་བྱེད་མི་རུང་བར་ཡིད་ལ་དམ་པོར་འཛིན་དགོས།

5.རང་ཉིད་དགེ་རྒན་མིན་པས་སློབ་གསོ་སྤེལ་མི་ཤེས་སྙམ་པ།

        ལྟ་ཚུལ་འདིས་སློབ་གསོ་ནི་ཧ་ཅང་གསང་བ་ཞིག་ཏུ་བརྩིས་ཏེ།རིག་ནུས་དང་ཤེས་བྱ་གཉིས་གཅིག་མཚུངས་སུ་འདོད་ཅིང་།སློབ་གསོ་ནི་ཤེས་བྱ་འཁྲིད་རྒྱུ་གཅིག་པུར་ངོས་བཟུང་སྟེ།ཤེས་བྱ་ནི་ཆེད་ལས་དགེ་རྒན་མ་གཏོགས་གཞན་གྱིས་མི་ཤེས་སྙམ།ལར་སློབ་གསོའི་ནང་དོན་ནི་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་སྟེ།དཔེར་ན།ཀུན་སྤྱོད་དང་བརྩེ་དུང་།ཤེས་རྟོགས་སོགས་བློ་རིག་དང་བརྩེ་དུང་གི་ཆ་སོགས་འདུས་ཡོད་པས།ཤེས་བྱ་འཁྲིད་རྒྱུ་ནི་སློབ་གསོའི་ཆ་ཤས་ཙམ་ཞིག་ཡིན་པ་ཡིད་ལ་འཁོར་མེད།ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཕ་མ་རྣམས་ཀྱིས་བསམ་བཞིན་དང་བསམ་བཞིན་མིན་པར།རང་གི་འགྲོ་འདུག་སྤྱོད་གསུམ་གྱིས་ཡུལ་དུས་ཀུན་ཏུ་རང་གི་བུ་ཕྲུག་ལ་དངོས་ཤུགས་བརྒྱུད་གསུམ་ནས་དཔེ་སྟོན་སྒོས།ཤུགས་རྐྱེན་དང་བག་ཆགས་ཟབ་མོ་འཇོག་ཅིང་།ལྷག་པར་ཕྲུ་གུའི་དུས་ཀྱི་བུ་ཕྲུག་ལ་མཚོན་ན།ཕ་མ་དང་མཉམ་འདུག་དང་འབྲེལ་འདྲིས་བྱེད་པའི་དུས་ཡུན་ཆེས་རིང་བས།ཕ་མ་ནི་ཆེས་འོས་ཤིང་ཐོག་མའི་མིག་དཔེར་ལྟ་སའང་ཡིན་པས།ཕ་མས་ཇི་ལྟར་བུ་ཕྲུག་ལ་འཚར་ལོངས་འབྱུང་སའི་ས་རྒྱུ་འདོན་སྤྲོད་བྱས་ན།དེ་ལྟར་མྱུ་གུ་འཚར་ལོངས་འབྱུང་ཞིང་།བུ་ཕྲུག་གི་མི་ཚེའི་སློབ་གསོའི་ཁྲོད་ཁྱིམ་གྱི་སློབ་གསོ་ནི།རྒྱལ་ཕམ་གྱི་དབྱེ་འབྱེད་དང་གནད་འགག་དུས་སྐབས་ཤིག་ཏུ་ངེས་པས།ཕ་མ་རྣམས་ཀྱིས་རང་འགན་གཞན་དཀྲི་སྒོས།སློབ་གསོའི་ལས་དོན་ཐམས་ཅད་སློབ་གྲྭའི་དགེ་རྒན་ལ་སྟེར་མི་རུང་བར།རང་རྟོགས་སྒོས་ཁྱིམ་གྱི་སློབ་གསོའི་ལས་འགན་དང་ལེན་བྱས་ཏེ།ཐབས་ཤེས་སྣ་ཚོགས་ཀྱིས་རང་གི་སློབ་གསོའི་འདུ་ཤེས་དང་ཐབས་ལམ་སོགས་འཐུས་ཚང་དུ་བཏང་སྟེ།བུ་ཕྲུག་དང་མི་རབས་རྗེས་མར་ཐོག་མའི་སློབ་གསོའི་རང་འགན་ཡང་དག་འཁུར་དགོས། 

        མང་པོ་ཞིག་གིས་རང་ཉིད་ལས་བྲེལ་ཆེ་བའམ་སློབ་གསོའི་ཉམས་མྱོང་མེད་པར་ཁ་གཡར་ཏེ།བུ་ཕྲུག་གསོ་སྐྱོང་གི་ལས་འགན་མཐའ་གཅིག་ཏུ་ཁྱིམ་གྱི་ལོ་ལོན་རྒན་པར་བཅོལ་ན་སྟབས་བདེ་ལ་སེམས་ཁྲལ་ཡང་བྱེད་མི་དགོས་སྙམ།ཡིན་ནའང་ལོ་ལོན་རྒན་པའི་སློབ་གསོའི་ལྟ་བ་ལྟོས་བཅས་ཀྱིས་ཅུང་རྗེས་ལུས་ཡིན་པས།ཕལ་ཆེ་བས་བུ་ཕྲུག་གི་ཐོག་མའི་རིག་ནུས་སྔོག་འདོན་བྱེད་པའི་ལས་འགན་འཁྱོངས་དཀའ།སྤྱིར་བཏང་བགྲེས་པོ་རྣམས་ནི་རང་གི་ཚ་བོ་ཚ་མོར་བྱམས་དྲགས་པས།བུ་ཕྲུག་རྣམས་ལ་རིམ་གྱིས་རང་གཤིས་གྱོང་ལ་སྒེར་སེམས་ཆེ་བ།བཙན་ཤེད་ཆེ་ལ་གཞན་སེམས་མེད་པ་སོགས།མ་རུང་སྤྱོད་ངན་དག་རྒྱུད་ལ་གོམས་ཏེ་ངན་ལང་དུ་འཆོར་འགྲོ་བར་མ་ཟད།བུ་ཕྲུག་གི་བརྩེ་སེམས་ཀྱི་དགོས་མཁོ་ཡོངས་སུ་སྐོང་མི་ཐུབ་པས།བྱིས་པའི་ལུས་སེམས་བདེ་ཐང་དང་ཕ་མ་བུ་ཚའི་འབྲེལ་བར་གནོད་པ་ཐེབས་སྲིད།དེང་རབས་སེམས་ཁམས་རིག་པའི་ཞིབ་འཇུག་ལས་བུ་ཕྲུག་གི་བརྩེ་སེམས་ཀྱི་དགོས་མཁོ་དེ་ཕ་མའི་བརྩེ་སེམས་མ་གཏོགས།གཞན་གང་གིས་ཀྱང་སྐོང་མི་ཐུབ་ལ་ཚབ་ཀྱང་བྱེད་ཐབས་མེད་ཅེས་བསྟན་ཡོད་པས།ལོ་ལོན་རྒན་པའི་བརྩེ་སེམས་ཀྱིས་ཚ་བོ་ཚ་མོའི་བརྩེ་སེམས་ཀྱི་དགོས་མཁོ་ཡོངས་སུ་སྐོང་མི་ཐུབ་ལ།ཕ་མའི་ཚབ་ཀྱང་བྱེད་མི་ཐུབ་པས།ཕ་མ་སུ་ཞིག་ཡིན་རུང་རང་གི་བུ་ཕྲུག་ལ་བརྩེ་བ་ཟབ་མོས་དངོས་སུ་འབྲེལ་འདྲིས་དང་སློབ་གསོ་གཏོང་བ་ལས།རང་འགན་གཞན་དཀྲི་བྱས་ན།སློབ་གསོའི་ཕམ་ཁ་མྱོང་སྲིད་པར་མ་ཟད།ལོ་ལོན་རྒན་པར་ཡང་དཀའ་ལས་བཟོ་བས་སྤང་བར་རིགས།
        མདོར་ན།རང་འགན་གཞན་དཀྲི་དང་ཕྱི་བཤོལ་གྱི་སློབ་གསོའི་ལྟ་ཚུལ་རྒྱུན་འཁྱོངས་ལ་མཁས་པའི་ཕ་མ་ནི།བོད་གངས་ཅན་ལ་མཚོན་ན་གང་སར་ཁྱབ་འདུག་པས།ནམ་ཞིག་ལ་བུ་ཕྲུག་གི་སློབ་གསོ་དེ་ཐོག་མར་ཕ་མའི་སློབ་གསོ་ནས་མགོ་བཟུང་སྟེ།ཁྱིམ་གྱི་སློབ་གསོའི་ལྟ་བ་ཡང་དག་ཅིག་དང་ངེས་ཤེས་ཟབ་མོ་ཞིག་འཁྲུངས་ན།ད་གཟོད་དུས་རབས་དང་འཚམ་པའི་མི་རབས་གསར་པ་སྐྱེད་སྲིང་ཐུབ་ལ།སློབ་གསོའི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལོངས་སུ་སྤྱོད་ཐུབ།དེ་ལས་ལྡོག་ན་སྔར་བཞིན་དུས་རབས་གསར་པའི་ཁྲོད་དུ་མི་རབས་རྙིང་པའི་འཚོ་བ་རོལ་བ་ལས་ཐབས་མེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1