༄༅། །སྟོན་དུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-29


    བསིལ་ཞིང་འཇམ་པའི་དྲི་གཞོན་དལ་བུ་དང་ལྷན་དུ་འགྲོགས་པའི་ནོར་འཛིན་སྒེག་མོའི་རི་ཀླུང་གསེར་མདོག་གི་གཟུགས་ཀྱི་ལང་ཚོའི་ཆས་སུ་ཞུགས་པ་དང་ཆབ་ཅིག  དུས་རབས་གསར་པའི་ཇུས་བཟང་གི་འབྲས་བུ་གཡུར་དུ་ཟ་བའི་སྟོན་གསུམ་འབྲུ་དྲུག་གི་སྙེ་མ་འབྲས་བུའི་ཁུར་གྱིས་དུད་པའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་ཞིང་།   ཞིང་པ་ཕོ་མོར་སྟོན་བསྡུད་ཀྱི་ལས་ལ་བསྐུལ་བའི་བརྡ་ཐབས་སྟོན་པ།  ལོ་ལེགས་གསེར་མདོག་གི་སྙེ་མའི་དོག་པ་རེ་རེའི་སྙིང་པོ་ནས་རིན་ཆེན་གསེར་གྱི་འབྲུ་རྡོག་སྟོང་གིས་བལྟམ་པའི་འབྲུ་སྲན་སྣ་ལྔས་བང་མཛོད་ཕྱུར་བུར་ཁེངས་པ། མཐོ་བརྩེགས་བྲག་རིའི་ཁང་བཟང་གི་རྩེ་ནས་གསེར་ཞུན་རྟ་བདུན་དབང་པོའི་འཛུམ་ཟེར་འཕྲོས་པའི་གཟི་འོད་རི་ཀླུང་ཀུན་ལ་ཁྱབ་ཞིང་ཁྱིམ་གཞིས་གསར་པའི་བ་གམ་གྱི་དབུས་སུ། བྱ་འབྲུག་འབུར་མའི་ཚོན་མདངས་ཀྱི་སྒྱུ་རྩལ་གནམ་ས་བཀྲ་བའི་འབོལ་གདན་གྱི་སྟེང་དུ་ཞིང་པ་ཕོ་མོའི་ལོ་ཡག་འབྲས་བཟང་གི་བཅུད་ཀྱིས་བཟུང་བའི་སྦྲང་དཀར་རྩམ་པའི་ཞལ་ཟས་ལ་ཞིམ་མངར་མར་གྱིས་སྣོས་པའི་གསོལ་ཆས་ཀྱི་བྲོ་བ་ལ་ལོངས་སུ་སྤྱོད་པ། ཡངས་པའི་རྩྭ་ཐང་གི་ཁྱོན་དུ་འབྱོར་ཕྱུགས་ལྡན་པའི་རྟ་ནོར་ལུགས་ཀྱི་ཕྲ་ཚོམ་བཏབ་པའི།  འབྲོག་གཞིས་གསར་པའི་ཁྱིམ་དུད་རྣམས་སྨུག་ནག་སྦྲ་གུར་གྲུ་བཞིའི་ལྡིང་ཁང་ཕུབ་ཏེ། དཀར་གསུམ་ཟས་ཀྱི་འཚོ་བ་ལབཀྲག་མདངས་འཚེར་བའི་དཀར་དམར་མེ་ཏོག་གི་ཚོམ་བུའི་ཁྲོད་དུ་དགྱེས་པར་རོལ་བ།   འཇམ་མཉེན་ལྕུགས་ཕྲན་གསར་པའི་གཡུ་ལོ་དང་སྣུམ་ཞིང་རྒྱས་པའི་ལྗོན་ཤིང་གི་ཡལ་འདབ་གསར་པར་འབྲས་བུའི་ཁུར་གྱིས་དུད་པར་རླུང་གི་སྐུལ་བས་མགྲོན་པོའི་ཚོགས་ལ་དགའ་བསུའི་ལག་གཡུག་གི་ཟོལ་གྱིས་ངལ་གསོའི་བསྟི་གནས་སུ་བསིལ་གྲིབ་སྟེར་བ་དང་མགྲིན་བཟང་མོན་གྱི་བུ་མོ་སྐྱེལ་མའི་བརྡ་མཚོན་པ།  དྭངས་བསིལ་གཙང་ཆབ་སྔོན་མོ་དང་གཅིག་ཏུ་འདྲེས་པའི་རྒྱ་ཇ་མེ་ཏོག་དང་ལྷན་དུ་བསྐོལ་པའི་ཁུ་བར་གཞེས་སྤྲོ་གནང་བ།   ཐུན་གསུམ་མཚན་གྱི་མུན་ནག་གློག་ཞུན་གྱི་གཟི་ཡིས་མཐར་རུ་སྤྱུགས་ཞིང་ཉིན་མཚན་གོལ་བའི་དཀར་གསལ་འོད་སྣང་ལ་དགྱེས་པར་རོལ་བ།   གོམ་གསུམ་འདེགས་འགྱོགས་མ་སྒྱུར་བར་རྩོལ་མེད་འཕྲུལ་ཆས་ལ་ཞུགས་ཏེ་ལེ་དབར་ཁྲི་ཁྲག་དུ་མར་གང་འདོད་ཀྱི་གནས་སུ་སྐད་ཅིག་གིས་ཁ་ལོ་བསྒྱུར་ནས་ཕྱིན་པ།   མདོར་ན་ཞིང་འབྲོགས་རྒན་གཞོན་ཕོ་མོ་ཡོངས་ཀྱི་ཕུག་བསམ་མངོན་དུ་གྱུར་ཏེ་དུས་རབས་གསར་པའི་འཚོ་བ་ལ་ཇི་དགར་ལོངས་སུ་སྤྱོད་པའི་ལས་དབང་འདི་ ཚན་རྩལ་དང་རིགས་གནས་དཔལ་འབྱོར་སོགས་འཕེལ་རྒྱས་ཀྱི་རྒྱལ་ཁའི་གྲུབ་འབྲས་སྨིན་པའི་གཟི་བརྗིད་ཀྱི་ཉི་མ་བོད་ཁུལ་ཡོངས་ལ་ཁྱབ་པའི་བདེ་སྐྱིད་ཀྱི་གཞི་མ་ཡིན།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1