ཞི་ཅིན་ཕིང་གིས་ཅི་ལིན་ཁྲང་ཁྲུན་ནས་བྱུང་བའི་ཁྲང་ཧྲེང་སྐྱེ་དངོས་རིམས་འགོག་སྨན་ ཁབ་གྱོད་དོན་ལ་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-25


        མཐའ་གཅིག་ཏུ་རྩད་གཅོད་བྱས་ནས་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་པ་དང་། སྔ་ཕྱི་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་གཟུགས་པོའི་བདེ་ཐང་ཨང་དང་པོར་འཛིན་དགོས་པ། བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས་པ་ནན་གསུངས་གནང་བ་དང་། ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ཡོད།
     མི་དམངས་དྲ་བའི་འཕྲིན།  ཟླ་7ཚེས་23ཉིན། ཕྱི་རྒྱལ་དུ་འཚམས་འདྲི་གནང་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅི་ལིན་ཁྲང་ཁྲུན་དུ་བྱུང་བའི་སྐྱེ་དངོས་ཀྱི་རིམས་འགོག་སྨན་ཁབ་གྱོད་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ་དང་། ཁྲང་ཧྲེང་སྐྱེས་དངོས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིས་སྒྲིག་ཁྲིམས་དང་འགལ་ནས་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པའི་གནས་ཚུལ་གྱི་ངོ་བོ་ཧ་ཅང་སྡུག་ཅིང་། ལྟ་བས་མི་བཟོད་པར་གྱུར་ཡོད། འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་དེ་ལ་མཐོང་ཆེན་བྱ་དགོས་པ་དང་། མགྱོགས་མྱུར་ངང་དོན་དངོས་ལ་བརྟག་དཔྱད་བྱ་དགོས་ཤིང་། མཐའ་གཅིག་ཏུ་རྩད་གཅོད་དང་འགན་འཁྲི་རྩད་གཅོད་ནན་པོ་བྱས་ཏེ། ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་དགོས། ཞིབ་བཤེར་གྱི་འཕེལ་རིམ་དུས་ཐོག་ཏུ་སྤྱི་བསྒྲགས་བྱ་དགོས་པ་དང་། མང་ཚོགས་ཀྱི་སེམས་ཁུར་ལ་ཨ་ལན་སྤྲོད་ཐུབ་དགོས་པའི་མཛུབ་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། སྨན་རྫས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་ནི་རིམ་པ་སོ་སོའི་ཏང་ཨུད་དང་སྲིད་གཞུང་གིས་འདོར་ཐབས་མེད་པའི་འགན་འཁྲི་ཡིན་ལ། མི་དམངས་མང་ཚོགས་ཀྱི་གཟུགས་པོའི་བདེ་ཐང་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་དགོས་པ་དང་། སྨན་གཉན་པོས་ནད་གཅོང་འཇོམས་པ་དང་། རུས་བྲད་དེ་དུག་སེལ་བའི་ཆོད་སེམས་བཟུང་ནས། རང་རྒྱལ་གྱི་རིམས་འགོག་སྨན་ཁབ་ཀྱི་བདག་གཉེར་སྒྲིག་གཞི་འཐུས་ཚང་བཟོ་དགོས་པ་དང་། བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བྱས་ཏེ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་དགོས་པ་ནན་གྱིས་བསྟན་ཡོད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་བླང་བྱ་བཏོན་པ་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མགྱོགས་པོར་བརྟག་དཔྱད་ཚོ་ཆུང་མངགས་རྒྱུ་དང་། རིམས་འགོག་སྨན་ཁབ་ཐོན་སྐྱེད་དང་ཉོ་ཚོང་སོགས་གོ་རིམ་ཡོངས་དང་སྦྲེལ་ཐག་ཚང་མ་ལ་རྩད་གཅོད་བྱ་རྒྱུ། དོན་དངོས་ལ་རྩད་གཅོད་གང་མགྱོགས་ཡོང་བ་བྱ་རྒྱུ་དང་། ཁེ་ལས་དང་མི་སུ་དང་གང་ཞིག་ལ་འབྲེལ་བ་ཡོད་ཀྱང་། མཐའ་གཅིག་ཏུ་ཉེས་ཆད་དྲག་པོ་གཅོད་རྒྱུ་ལས་རྒྱ་ཡན་དུ་གཏན་ནས་གཏོང་རྒྱུ་མིན་པ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཉེན་ཁ་བཟོ་བའི་ཁྲིམས་འགལ་བྱ་སྤྱོད་ཡོད་དོ་ཅོག་ལ་ཁུ་ཚུར་དྲག་པོ་གཞུ་རྒྱུ་དང་། ཁྲིམས་འགལ་མི་སྣ་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་རྒྱུ། ལྟ་སྐུལ་དོ་དམ་གྱི་ལས་འཛོལ་འགན་འཛོལ་བྱ་སྤྱོད་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ། གང་མགྱོགས་སྒོས་མི་དམངས་མང་ཚོགས་ལ་བདེ་འཇགས་ཡིན་ལ་སེམས་བདེ་བ། ཡིད་ཆེས་ཆོག་པའི་འཚོ་བའི་ཁོར་ཡུག་ཞིག་སྤྲོད་རྒྱུ་ཡིན། 
     ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གིས་བླང་བྱ་ལ་གཞིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་དུ་ལས་དོན་ལམ་སྲོལ་ཞིག་བཙུགས་པ་མ་ཟད། ད་དུང་བརྟག་དཔྱད་ཚོགས་པ་ཁྲང་ཁྲུན་ཁྲང་ཧྲེང་སྐྱེ་དངོས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིར་བསྐྱོད་ནས་གྱོད་དོན་ཐོ་འགོད་ཀྱིས་བརྟག་དཔྱད་བྱེད་བཞིན་ཡོད། བརྟག་དཔྱད་ཚོགས་པས་གྱོད་དོན་ཞིབ་གཅོད་དང་། འགན་འཁྲི་བདའ་འདེད། ཉེན་ཁ་དང་མངོན་མེད་ཉེན་ཁ་གྲལ་བཤེར་སོགས་ཀྱི་ལས་དོན་དམ་འཛིན་གྱིས་བསྒྲུབ་རྒྱུ་ཡིན་ལ། ཅི་ལིན་ཞིང་ཆེན་དུ་ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་གྱོད་དོན་ཞིབ་གཅོད་ཀྱི་འགོ་ཁྲིད་ཚོ་ཆུང་བཙུགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྟག་དཔྱད་ཚོ་ཆུང་ལ་རམ་འདེགས་ཀྱིས་འབྲེལ་ཡོད་ལས་དོན་བསྒྲུབ་རྒྱུ་མ་ཟད། ད་དུང་གྱོད་དོན་འདི་ལ་ཟུང་འབྲེལ་བྱས་ནས་ཕྱོགས་ཡོངས་ནས་ཉེན་ཁ་ཆེ་བའི་སྨན་རྫས་ཁེ་ལས་དག་ལ་རྩད་ཞིབ་བྱ་རྒྱུ་རེད། ཅི་ལིན་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲང་ཁྲུན་ཁྲང་ཧྲེང་གིས་ཁྱི་སྨྱོན་ནད་འགོག་སྨན་གྱི་སྨན་རྫས་GMPདཔང་ཡིག་ཕྱིར་བླངས་པ་དང་། ཁེ་ལས་དེས་ཁྱི་སྨྱོན་ནད་འགོག་པའི་སྨན་ཁབ་ཐོན་སྐྱེད་དང་ཉོ་ཚོང་བྱེད་མཚམས་འཇོག་ཏུ་བཅུག་པ་དང་། ཁེ་ལས་དེའི་ཐོན་རྫས་ཚང་མ་གནས་སྐབས་རིང་ཆོག་མཆན་འགོད་མཚམས་བཞག་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1