སྐབས་བདུན་པའི་ནོར་གནག་རོལ་དབྱངས་དུས་སྟོན།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།རྔ་བ་གསར་འགྱུར་དྲ་བ། སྤེལ་དུས། 08-06


         ནོར་གནག་ནི་མཐོ་སྒང་གི་རྩྭ་ཐང་དུ་འཚོ་བ་རོལ་བའི་མགོ་ནག་བོད་པ་ཚང་གི་སེམས་ཀྱི་རྟེན་ས་དང་ཉམས་པ་མེད་པའི་སྙིང་སྟོབས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན། འདི་ནི་འབྲོག་རྩྭ་ཐང་བདག་གིར་བཟུང་བའི་འབྲོག་པ་རྣམས་ཀྱི་སྐྱིད་སྡུག་གི་འཚོ་བ་དང་འབྲེལ་ནས་ཡོད་ལ། རྨང་མཐུག་པའི་རིག་གནས་ཤིག་གི་རྩ་བར་ཡང་དམ་དུ་འབྲེལ་ཡོད།

ཟླ་8པའི་ཚེས་3ཉིན།

        སྐབས་བདུན་པའི་ནོར་གནག་རིག་གནས་དུས་སྟོན་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་དུ་གཟབ་རྒྱས་ངང་འཚོགས། ཧུང་ཡོན་རྫོང་གི་ནོར་གནག་རིག་གནས་དུས་སྟོན་ནི་སྲོལ་རྒྱུན་གྱི་དམངས་ཁྲོད་དུས་ཆེན་ཤིང་སློང་ལས་བྱུང་ཞིང་། ལོ་རྒྱུས་ཡུན་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། འབྲོག་པ་མང་ཚོགས་ཀྱིས་ཆེས་ཆེར་རེ་སྒུག་བྱེད་པའི་དབྱར་དུས་ཀྱི་སྟོན་ཆེན་ཞིག་ཀྱང་ཡིན།

        རྒན་པའི་སྐོར་བྲོ་རུ་ཁག་གིས་འཁྲབ་སྟོན་བྱས་པའི་རྨེ་བ་སྐོར་བྲོ་ནི་ཁམས་པའི་ས་ཁུལ་གྱི་ཉག་རོང་སྐོར་བྲོ་ནས་ཁྱབ་ཡོང་བ་དང་ཨ་མདོའི་བླ་བྲང་སྐོར་བྲོའི་ཁྱད་ཆོས་ཡང་ཡོད་པས་དམིགས་བསལ་གྱི་སྒྱུ་རྩལ་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཉིང་བཅུད་ཅིག་ཡིན།
        གར་གྱི་རྣམ་པ་མང་ཞིང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་ལ། མང་ཚོགས་རང་བཞིན་གྱིས་ཀུན་ནས་ཕྱུག་པས་དེ་ལས་མཛའ་བརྩེ་དང་མཐུན་སྒྲིལ་སོགས་སྲོལ་རྒྱུན་མི་ཆོས་སྙིང་སྟོབས་མང་པོ་ཞིག་མཚོན་ཐུབ་ལ། སྒྱུ་རྩལ་དང་སྤྱི་ཚོགས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན།

         གླིང་སྒྲུང་ནི་འཛམ་གླིང་ན་ཆེས་ཕུལ་དུ་བྱུང་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་གྲས་ཤིག་ཡིན་ལ། དེ་ནི་བོད་མི་རིགས་ཐུན་མོང་གི་བློ་གྲོས་ཀྱི་རྩལ་དང་རྣམ་དཔྱོད་ཀྱི་སྟོབས་ལ་བརྟེན་ནས་མི་ཡུལ་འདིར་འཁྲུངས་པ་ཡིན། བོད་མི་རེའི་ཁ་ན་སྒྲུང་རེ་ཡོད་པའི་དཔེ་ལྟར། ཐེངས་འདིར་ཡང་སྒྱུ་རྩལ་པ་གྲགས་ཆེན་པད་མ་རྒྱལ་མཚན་གྱིས་སྒྲུང་གླུ་ཚན་པ་ཞིག་སྙན་མོ་ངག་ལ་བཀུག་ནས་དེར་འདུས་ཁྲོམ་པའི་རེ་འདོད་བསྐང་བྱུང་། 

            ཨ་མདོའི་ལ་གཞས་ནི་ངག་གི་སྒྱུ་རྩལ་གྱིས་ཕྱུག་ཅིང་ལྷད་མེད་དག་གཙང་གི་བརྩེ་དུངས་ལ་སྨོན་པའི་སེམས་ཀྱི་འདོད་དོན་དབྱངས་ལ་བཀུག་པ་ཞིག་དང་། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཤེས་རིག་གི་རྨང་ཟབ་པའི་མི་རིགས་ཀྱི་རིག་གནས་ཤིག་ཡིན། ཐེངས་འདིར་ཡང་ས་གནས་ཀྱི་གླུ་བ་གླུ་མ་སྐོར་ཞིག་གིས་ལ་གཞས་གཏོང་རེས་ཀྱིས་གཞོན་པའི་བརྩེ་བ་མཚོན་པའི་གཏམ་རྒྱུད་ཅིག་ན་གཞོན་ཚོ་གཙོ་བྱས་པའི་ལྟད་མོ་པའི་ཡིད་ཀྱི་གསོས་དང་རྣ་བའི་བཅུད་དུ་གནང་བྱུང་། 
             ཐེངས་འདིའི་རིག་རྩལ་འཁྲབ་སྟོན་ལ་གཞན་ལྷ་རྩེད་དང་ཤོམ་འགྲོ། དམངས་གླུ། ཞབས་བྲོ་སོགས་ངོ་མཚར་བའི་ལྟད་མོ་མང་པོས་མི་དམངས་ལ་དགའ་བ་དང་སྤྲོ་བ་ཚད་མེད་བསླངས།
             སྐབས་བདུན་པའི་ཧུང་ཡོན་སྤང་ལྗོངས་ཆེན་མོའི་ནོར་གནག་རིག་གནས་དུས་སྟོན་གྱི་ཁ་བའི་གཡང་ནོར་བུམ་པའི་ནོར་གནག་ཡག་འདེམས་འགྲན་བསྡུར་ལ་རྫོང་ཡོངས་ཀྱི་གྲོང་རྡལ་དང་ཡུལ་ཚོ་དག་ལས་རྨེ་བའི་ནོར་རྒྱུད་ཀྱི་འབྲི་གཡག་བསྡོམས་པས198བདམས་ཤིང་། ཟླ7པའི་ཚེས་25ཉིན་གྱི་ཐོག་མའི་འགྲན་བསྡུར་བརྒྱུད་དེ་ལྷ་གཡག་10དང་འབྲི་མོ་10རྟིང་རྩོད་འགྲན་བསྡུར་དུ་ཞུགས།
              ནོར་གནག་ཡག་འདེམས་ཀྱི་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་འོད་གསལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། དཔྱད་འདེམས་པ་རྣམས་ཀྱིས་གཙོ་བོར་ནོར་གནག་གི་ཕྱིའི་ཚུགས་ཀ་དང་ནུས་པ་གཉིས་གཞིར་བཟུང་ནས་སྐར་མ་སྟེར་བ་རེད། ཕྱིའི་རྣམ་པ་ནི་ལུས་ཀྱི་གཟུགས་གཞི་དང་མགོ་བོའི་རྭ་ཅོ། རྩིད་པའི་མཐུག་ཚད། སུག་བཞིའི་སྦོམ་ཕྲ་སོགས་ཀྱི་ཐད་ནས་དཔྱད་འདེམས་བྱེད་པ་རེད། ནོར་གྱི་ནུས་པ་ལ་འོ་མའི་མང་ཉུང་དང་། གཟུགས་ཀྱི་ལྗིད་ཚད། རྒྱུད་སྤེལ་ནུས་པ་སོགས་ཀྱི་ཐད་ནས་དཔྱད་འདེམས་བྱེད་པ་རེད། 
         མཇུག་མཐར། ཨང་བཞི་བ་ཐོབ་མཁན་ལྷ་གཡག་བཞི་དང་འབྲི་མོ་བཞི། རེ་རེ་ལ་དམངས་སྒོར་སྟོང་5ཡི་བྱ་དགའ་དང་། ཨང་གསུམ་པ་ལྷ་གཡག་གསུམ་དང་འབྲི་མོ་གསུམ་ལ་དམངས་སྒོར་ཁྲི1རེའི་བྱ་དགའ། ཨང་གཉིས་པ་ཐོབ་མཁན་ལྷ་གཡག་གཉིས་དང་འབྲི་མོ་གཉིས་ལ་དམངས་སྒོར་ཁྲི2རེའི་བྱ་དགའ། ཨང་དང་པོ་ཐོབ་མཁན་ལྷ་གཡག་གཅིག་དང་འབྲི་མོ་གཅིག་ལ་དམངས་སྒོར་ཁྲི3རེའི་བྱ་དགའ་གནང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1