༄༅།། སྙིང་གཏམ་ཐན་ཐུན།

སྐལ་རྒྱམ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྦྲང་ཆར། སྤེལ་དུས། 08-13



སྐལ་རྒྱམ། [ལྷ་ས]

1
        བུ་མོ་ལགས། མི་ཚེའི་འགྲུལ་བཞུད་ཀྱི་གོམ་འགྲོས་ནི་ཅི་འདྲའི་མྱུར་བ་ལ་ཨང་། མིག་རྡེབ་དབང་ཙམ་གྱིས་རིང་བར་འདོད་པའི་མི་ལོ་དྲུག་ཕར་ལ་བསྐྱལ་ཚར། ཁྱོད་ཀྱི་མངར་སྐྱུར་འདྲེས་མའི་སློབ་ཆུང་གི་འཚོ་བ་དེ་ཤག་ཤག་ཏུ་བཞུར་བའི་རྫ་ཆུ་ནང་བཞིན་རྒྱང་ལ་བཞུར། ཁྱོད་ཀྱི་རྨི་ལམ་ལྟ་བུའི་བྱིས་དུས་ཀྱི་དགོད་སྒྲ་དེ་འཇའ་ཚོན་ནང་བཞིན་ལྷེམ་ལྷེམ་གྱིས་དགུང་ལ་ཡལ། མི་ལོ་དྲུག་གི་ཡར་སྔོན་དུ། ཁྱོད་ཀྱིས་ཕ་མའི་རེ་ལྟོས་ཡོད་ཚད་དཔེ་ཁུག་ཆུང་ཆུང་ནང་དུ་བཅུག་སྟེ། སློབ་ཆུང་གི་སྒོ་ཐེམ་བརྒལ་པའི་སྣང་བརྙན་དེ་དབུ་ཁྱུད་ཅིག་ཡིན་ན། ད་ནི་རྫོགས་ལྡན་སྟོན་འབྲས་ཀྱིས་མགོ་ལྕོག་ལྡེམ་པའི་སློབ་ཆུང་འདིར་བཞི་ཤད་འབྲི་རན་པས་སྙིང་ནས་རྟེན་འབྲེལ་ཞུ།
2
        མི་ལོ་དྲུག་གི་ཡར་སྔོན་དུ། ཨ་ཕས་ལས་ཁུངས་ཀྱི་ཁ་གཏད་ན་ལྷ་ས་གྲོང་ཁྱེར་དུ་སྐད་གྲགས་ཅུང་ཆེ་བའི་བོད་རང་སྐྱོང་ལྗོངས་དམག་ཁུལ་གྱི་བརྒྱད་གཅིག་སློབ་གྲྭ་ཡོད་བཞིན་དུ། ཨུ་ཚུགས་དང་ཕྱོགས་ཞེན་གྱིས་ཁྱོད་ནི་རང་ཁྱིམ་དང་ལེ་བར་བཅུ་ལྷག་ཡོད་པའི་ལྷ་སའི་ཚོད་ལྟའི་སློབ་ཆུང་དེར་བསྐྱལ་ཏེ། ངེད་གཉིས་ཀྱིས་མི་ལོ་དྲུག་གི་ལོ་ཟླ་དེ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ཁྱོད་ཕར་སྐྱེལ་ཚུར་ལེན་ཁྲོད་རྫོགས་པར་བྱས་པ་ནི། དཀའ་སྡུག་གི་ལོ་ཟླ་ཞིག་ཡིན་ལ། མ་འོངས་པའི་སྟ་གོན་ཞིག་ཀྱང་ཡིན།
3
        སློབ་ཆུང་གི་ལོ་རིམ་དང་པོ་ནི། ཁྱོད་ཀྱི་མི་ཚེའི་བགྲོད་ལམ་གྱི་གོམ་ཁ་ཆེས་གལ་ཆེན་ཞིག་ཡིན་ཏེ། གོམ་ཁ་དེ་ཇི་ལྟར་བརྟན་བརླིང་གིས་མགོ་རྩོམ་པར། ཁྱོད་ཀྱི་ཕ་མ་གཉིས་ཀྱིས་དེ་སྔར་བསམ་བློ་གང་མང་བཏང་མྱོང་ལ། ཐེ་ཚོམ་ཡང་མང་བོ་ཟོས་མྱོང་། གང་ལྟར་བོད་སྐད་དང་བོད་ཡིག་གིས་རང་ཁ་གསོ་བའི་ཁྱོད་ཀྱི་ཕ་མ་གཉིས་ལ་མཚོན་ན། ཕ་སྐད་ནི་རང་གི་ཟུངས་ཁྲག་དང་འདྲེས་པའི་རྣམ་ཤེས་ཀྱི་དྭངས་མར་བརྩི་ལ། ཕ་ཡུལ་ནི་རང་གི་ཤ་རུས་སུ་ཐིམ་པའི་བརྩེ་འདང་གི་ལོག་མལ་དེར་བསམས་པས། ཁྱོད་ཀྱང་ཕ་སྐད་དང་ཕ་ཡུལ་གྱི་རྒྱུན་ཐག་དང་གཏན་ནས་འབྲལ་མི་རུང་བར་འདོད། ཁྱོད་ཀྱང་ཡབ་མེས་དང་སྲོལ་རྒྱུན་གྱི་རྣམ་ཤེས་དང་དམ་དུ་སྦྲེལ་དགོས་པར་སྙམ།
4
        བུ་མོ་ལགས། ད་ནི་ཁྱོད་ཀྱི་སློབ་ཆུང་གི་འཚོ་བ་མཇུག་བསྒྲིལ་ལ་ཉེ་བས། ཁྱོད་ཀྱི་ཨ་མ་དང་ངེད་གཉིས་ཀྱིས་ཡང་བསྐྱར་བསམ་གཞིག་དང་ཐེ་ཚོམ་གྱིས་ཉིན་མཚན་བསྐྱལ་དགོས་བྱུང་། སྤྱིར་ལྷ་སའི་བོད་པ་ཞིག་ལ་མཚོན་ན། བྱིས་པ་སློབ་ཆུང་ནས་སློབ་མཐར་ཕྱིན་སྐབས། ནང་ལོགས་ཀྱི་སློབ་འབྲིང་ཞིག་ལ་གཏང་རྒྱུ་ནི་ཆེས་གལ་འགངས་ཆེ་བའི་དོན་ཆེན་ཞིག་ཏུ་བགྲངས་ལ། བྱིས་པས་ནང་ལོགས་ཀྱི་སློབ་འབྲིང་གི་ཡིག་ཚད་ལོན་པ་ཡིན་ན། དེ་ནི་བཟའ་མི་གང་བོའི་རྒྱན་ཞིག་གམ། གཞན་ལ་ངོམ་དུ་རུང་བའི་དོན་ཆེན་ཞིག་ཡིན་པ་ཁྱོད་ཀྱིས་ཀྱང་ཤེས་གསལ་ལྟར་རེད། ཡིན་ནའང་ཁྱོད་ཀྱི་ཕ་མ་གཉིས་ཀྱིས་ཁྱོད་ལ་གནས་ལུགས་དང་རྒྱུ་མཚན་མང་བོ་ཞིག་ལབ་སྟེ། ལྷ་ལྡན་གྲོང་གི་སློབ་འབྲིང་ཞིག་ཏུ་མངགས་པ་ལས། ནང་ལོགས་སུ་གཏན་ནས་གཏོང་མི་འདོད་པ་ནི། གནས་སྐབས་ཀྱི་དཀའ་ཁག་དང་འགྲོ་སོང་ཙམ་བསམ་སྟེ་ཕྱི་བཀྱེད་བྱས་པ་མ་ཡིན་ལ། འོལ་ཚོད་དང་གཡམ་རྒྱུག་གིས་གཞན་རྗེས་འབྲངས་ཏེ་མཁས་རྟགས་བསྟན་པ་ནི་དེ་བས་ཀྱང་ག་ལ་ཡིན་ཏེ། གཏན་ནས་མིན་ལགས།
5
        ཁྱོད་ཀྱི་སྦྱངས་འབྲས་ཧ་ཅང་ལེགས་ཚུལ་དགེ་རྒན་གྱིས་རྟག་པར་གླེང་མྱོང་ལ། མཐར་ཕྱིན་གྱི་རྒྱུགས་འབྲས་ནི་མཐར་ཕྱིན་འཛིན་གྲྭ་ཡོངས་ཀྱི་ཨང་གཉིས་པར་ཆགས་པ་དེ་ལས་ཀྱང་ནང་ལོགས་ཀྱི་སློབ་འབྲིང་ཞིག་ལ་ཡིག་ཚད་ལོན་པར་ཨ་ཕ་ལ་ཡང་ཡིད་ཆེས་བརྟན་པོ་ཡོད། ཡིན་ནའང་རྒྱུགས་འབྲས་ནི་རྒྱུགས་འབྲས་རང་ཡིན་པས། དེས་མི་ཞིག་གི་ཡ་རབས་སྤྱོད་བཟང་གི་གཤིས་རྒྱུད་མཚོན་མི་ཐུབ་ལ། དེས་མི་རིགས་ཤིག་གི་ཤ་ཁྲག་ཏུ་ཐིམ་པའི་སྲོལ་རྒྱུན་གྱི་རྩམ་དྲི་དེ་སྣོམ་མི་ཐུབ་པས། ཁྱོད་ཀྱི་ཕ་མར་དགོས་པ་ནི་སྐར་འབྲས་ལས་ལྷག་པ་ཞིག་སྟེ། རྩམ་དྲི་དང་མར་དྲི་འཐུལ་བའི་མི་གཤིས་ཤིག བྱམས་སེམས་དང་སྙིང་རྗེས་ཕྱུག་པའི་ལྟ་བ་ཞིག རྒན་བཀུར་དང་ཆུང་བྱམས་ལྡན་པའི་བུ་མོ་ཞིག་ཡིན་པས། འདི་དག་ནི་སློབ་གྲྭ་རུ་སྦྱང་དགོས་ལ། རང་ཁྱིམ་ནས་ཀྱང་སྦྱང་དགོས་པར་མ་ཟད། འཚོ་སྡོད་ཀྱི་ཁོར་ཡུག་སྟེ། བྱམས་བརྩེ་དང་སྙིང་རྗེས་བྲན་པའི་རང་ཡུལ་ནས་ལྷག་ཏུ་སྦྱང་སླ་བས། ཁྱོད་ཕ་ཡུལ་དང་ཕ་མར་གྱེས་ཏེ་རྒྱང་རིང་དུ་འགྲོ་ག་ལ་རུང་། བདག་གི་བུ་མོ་ལགས།
6
        ཞོགས་པ་དེར། ཁྱོད་ཀྱི་རྒྱ་ཡིག་དགེ་རྒན་གྱིས་ཨ་ཕ་ལ་ཁ་པར་བཏང་བྱུང་། ཁོང་གིས་བསམ་པ་རྣམ་དག་གིས་ཁྱོད་ནང་ལོགས་སུ་བསྐྱལ་དགོས་ཚུལ་གསུངས། ཁོང་གིས་ལྷག་བསམ་ཟོལ་མེད་ཀྱིས་ཁྱོད་སློབ་སྦྱོང་ལ་བཟང་ཚུལ་ལབ། ཁོང་གིས་ཤ་ཚ་སྙིང་ཉེའི་ངང་ནང་ལོགས་ཀྱི་སློབ་སྒྲུབ་ཆ་རྐྱེན་ལེགས་ཚུལ་བཤད། རེད་ཡ། དགེ་རྒན་གྱིས་གསུངས་པ་དེའང་དངོས་གནས་ཡིན་ཏེ། ལྷ་ས་དང་ནང་ལོགས་གྲོང་ཁྱེར་གྱི་སློབ་གསོའི་སྤུས་ཚད་ལ་བར་ཁྱད་ཆེན་པོ་ཡོད་པ་དེ་ཨ་ཕས་ཀྱང་ལོས་ཤེས། ཡིན་ནའང་། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་དང་། མི་སུམ་ཅུར་བསམ་པ་སུམ་ཅུ་ཞེས་པའི་ཁ་དཔེ་ལྟར། ཨ་ཕར་ཨ་ཕའི་བསམ་ཚུལ་ཞིག་ཡོད་ལ། ཨ་མར་ཨ་མའི་གནས་ལུགས་ཤིག་ཀྱང་ཡོད་པས། སྙིང་ནས་དགོངས་དག་ཞུ། བདག་གི་བུ་མོ་ལགས།
7
        བོད་ཡིག་ནི་རང་མི་རིགས་ཀྱི་སྲོག་རྩར་གྱུར་པའི་རྣམ་ཤེས་ཀྱི་རྒྱུན་ཐག་དེ་ཡིན་ལ། བོད་སྐད་ནི་རང་མི་རིགས་ཀྱི་ཟུངས་ཁྲག་ཏུ་ཐིམ་པའི་ཚེ་སྲོག་གི་དབུགས་རྒྱུན་དེ་ཡིན་པས། ང་ཚོས་བོད་སྐད་དང་བོད་ཡིག་ལེགས་པོ་ཞིག་སྦྱོང་རྒྱུ་ནི་ལོ་རྒྱུས་ཀྱི་འོས་འགན་ཡིན། ང་ཚོས་རང་ཡུལ་དང་རང་ཁྱིམ་གྱི་སྲོལ་བཟང་དེ་སྐྱོང་རྒྱུ་ནི་དུས་རབས་ཀྱི་འགན་འཁྲི་ལགས་པས། བུ་མོ་ཡ། ཁྱོད་ཡིན་གཅིག་མིན་གཉིས་རང་ཡུལ་ནས་འདུག་དགོས། ཁྱོད་ཀྱིས་ངེས་པ་དོན་གྱིས་བོད་ཡིག་འདི་སྦྱོང་དགོས། རྒྱུ་མཚན་དེའི་དབང་གིས། ཁྱོད་ལྷ་ལྡན་གྲོང་ནས་བསྡད་ན་ལེགས། ཁྱོད་བཅུ་ཕྲག་གནས་ལ་ཞུགས་ན་བཟང་།
8
ཁྱོད་ཀྱི་ཨ་མ་དང་ངེད་གཉིས་ཁྱོད་ཀྱི་ཆེད་དུ་ཆེས་དགའ་བའི་ཉིན་མོ་ནི་རྒྱ་ཡིག་དགེ་རྒན་གྱིས་ཁྱོད་ཀྱི་རྒྱ་ཡིག་གི་སྐར་གྲངས་ནི་མཐར་ཕྱིན་འཛིན་གྲྭ་ཡོངས་ཀྱི་ཨང་དང་པོ་རེད་ཅེས་གསུངས་པའི་དུས་དེ་མིན་ལ། འཛིན་བདག་གིས་ཁྱོད་ཀྱི་མཐར་ཕྱིན་ཡིག་ཚད་ཀྱི་སྤྱི་སྐར་དེ་མཐར་ཕྱིན་འཛིན་གྲྭ་ཡོངས་ཀྱི་ཨང་གཉིས་པ་རེད་ཅེས་གསུང་སྐབས་ཀྱང་མ་ཡིན་པར། ཁྱོད་ཀྱིས་དེ་སྔ་བོད་ཡིག་གི་སྐར་གྲངས་འཛིན་གྲྭ་ཡོངས་ཀྱི་ཨང་དང་པོ་བླངས་པའི་ཉིན་མོ་དེ་རེད། དེ་བཞིན་ཁྱོད་ཀྱིས་བོད་ཡིག་གི་ཡིག་གཟུགས་འགའ《གངས་རྒྱན་ན་ཆུང་ཚགས་པར》སྟེང་བཀོད་པ་དང་།
        བོད་རྩོམ་ཐུང་ཐུང་ཞིག་ལྷ་སའི་གཞུང་དེབ་ཅིག་ཏུ་སྤེལ་པ་དེའང་། ཕ་མ་གཉིས་ལ་མཚོན་ན་ནམ་ཡང་བརྗེད་དུ་མེད་པའི་ལམ་རྒྱགས་དྲོན་མོ་ཞིག་ཡིན་ལ། རྟག་ཏུ་ཁྱོད་ཀྱི་རྣ་ལམ་དུ་བོད་ཡིག་བོད་སྐད་ཀྱི་གལ་ཆེན་རང་བཞིན་བཟླས་པའི་ཤུགས་རྐྱེན་ཡང་ཡིན་སྲིད་པས་ཅི་འདྲའི་དགའ་བ་ལ་ཨང་།
9
        མདོ་དབུས་མཐོ་སྒང་ནི་རི་མཐོ་ས་གཙང་བ་ཙམ་མ་ཡིན་པར། གནས་འདི་ནི་རྒྱུ་འབྲས་ཀྱི་བློ་མིག་ལྡན་ཞིང་། དད་མོས་ཀྱིས་སྣུམ་པོར་ཕྱུག་པའི་དག་ཞིང་ཞིག་ཡིན་པ་ལོ་རྒྱུས་དང་དངོས་ཡོད་ཀྱིས་ར་སྤྲོད་བྱས་ཡོད་ལ། ཡུལ་གྲུ་འདིའི་འགྲོ་བ་རིགས་དྲུག་ནི་འདྲ་མཉམ་ཡིན་ཞིང་། ས་སྒང་འདིའི་རི་ཆུ་ནགས་གསུམ་ནི་གནས་ལྷ་ཡིན་པས། ང་ཚོ་ལ་བྱམས་སེམས་དང་སྙིང་རྗེ་ཆེ། ང་ཚོ་ལ་གཞན་ཕན་དང་ལྷག་བསམ་ལྡན། ང་ཚོ་ལ་རྒན་བཀུར་དང་ཆུང་བྱམས་བདོག་པས། ཁྱོད་ལྷ་ལྡན་གྲོང་གི་སློབ་འབྲིང་དེར་འགྲིམས་དང་། གོ་ཐོས་སུ་སློབ་གྲྭ་དེའི་སློབ་གསོའི་དོ་དམ་ཧ་ཅང་ལེགས་སྐད། དགེ་རྒན་ཚོས་བོད་ཡིག་བོད་སྐད་གཙིགས་སུ་འཛིན་ཟེར། དེ་བས་ཀྱང་ཆོས་ལྡན་ལྷ་སའི་ཁོར་ཡུག་འདིས་ཁྱོད་ལ་ལྷན་སྐྱེས་ཀྱི་སློབ་གསོ་ཁྱད་མཚར་ཞིག་སྤྲོད་ངེས། མདོ་དབུས་མཐོ་སྒང་གི་ཤེས་རིག་འདིས་ཁྱོད་ལ་རང་བཞིན་གྱིས་མི་གཤིས་ཁྱད་འཕགས་ཤིག་བསྐྱེད་ངེས། རྒྱུ་མཚན་དེའི་དབང་གིས། ང་ཚོས་ནམ་ཡང་རང་ས་ནས་རང་ནོར་འཚོལ་དགོས། ང་ཚོས་ངེས་པར་རང་ཡུལ་གྱི་རིན་ཐང་རྟོགས་དགོས། བདག་གི་བུ་མོ་ལགས།
10
        ཁྱོད་ཀྱི་ཕ་མ་གཉིས་ཀྱིས་ཁྱོད་ནང་ལོགས་ཀྱི་སློབ་འབྲིང་དུ་ཡིག་ཚད་ལོན་བཞིན་དུ། འདི་ལྟར་ཨུ་ཚུགས་དང་ཕྱོགས་ཞེན་གྱིས་ལྷ་སར་བཞག་པ་དེས། ངེད་གཉིས་ཀྱང་མི་ཁ་དང་གནོན་ཤུགས་མང་བོ་ཞིག་ལ་འཕྲད། ལྷ་སའི་ལས་གྲོགས་དང་གྲོགས་པོ་མང་བོ་ཞིག་གིས། ངེད་གཉིས་ཀྱི་བསམ་ཚུལ་ནི་ཡ་མཚན་ཞིག་ཡིན་པར་ལབ་ལ། ཐ་ན་ལ་ལས་གདམ་ཀ་འདི་གླེན་རྟགས་ཤིག་ཡིན་ཚུལ་ཡང་གསུང་གིིན་འདུག གང་ལྟར་ཨ་ཕས་ལོ་ཆུང་བྱིས་པ་ཞིག་ལ་མཚོན་ན་ཆུང་དུས་ནས་སྦྱངས་འབྲས་ལེགས་པོ་ཞིག་བརྩོན་ལེན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་ལ། དེ་བཞིན་བྱིས་དུས་ནས་ཡ་རབས་ཚུལ་ལྡན་གྱི་མི་གཤིས་བཟང་བོ་ཞིག་སྐྱེད་སྲིང་བྱ་རྒྱུ་ནི་དེ་ལས་ཀྱང་ལྷག་པར་བསམས་པས། ཁྱོད་འདི་ལྟར་བྱིས་དུས་ནས་རང་ཁྱིམ་དང་བྲལ་ཏེ་ས་མཐར་ཆས་ན། ཕ་མ་དང་ཁྱིམ་ཚང་གི་སློབ་གསོ་དེ་རྩ་བ་ནས་ཆད་འགྲོ་ལ། ཕ་སྐད་དང་བོད་ཡིག་གི་ཁོར་ཡུག་དེ་རྒྱང་རིང་དུ་བསྐྱུར་ཟིན་པས། ཁྱོད་ཀྱི་སློབ་གསོ་དེ་གཤོག་ཡ་མེད་པའི་བྱ་རྒོད་དང་མཚུངས་འགྲོ། ཁྱོད་ཀྱི་ཤེས་བྱ་དེ་འཚོ་བཅུད་མེད་པའི་ཁ་ཟས་ལྟར་འགྱུར་འགྲོ། རྒྱུ་མཚན་དེའི་དབང་གིས། ཁྱོད་ངེས་པར་རང་ས་རང་ཡུལ་ནས་བསྡད་ན་ལེགས། ཁྱོད་ཡབ་མེས་ཚོའི་ཤེས་རིག་གི་མཚོ་མོར་རྐྱལ་ན་བཟང་། བདག་གི་བུ་མོ་ཡ། སྐལ་བཟང་སྒྲོལ་མ་ལགས། མ་འོངས་པའི་ལོ་ཟླ་ཞིག་ལ། ཁྱོད་ཀྱིས་ཕ་མ་གཉིས་ཀྱི་སེམས་འདུན་དེ་རྟོགས་པར་ཤོག འབྱུང་འགྱུར་གྱི་ཉིན་མོ་ཞིག་ལ། ཁྱོད་ཀྱིས་ཕ་མ་གཉིས་ལ་འཁང་ར་མེད་པར་སྨོན།


རྩོམ་ཡིག་སྔོན་མ།
༄༅།། གངས་སྐོར།
རྩོམ་ཡིག་རྗེས་མ།
༄༅།། བྲིས་མ་ཚར་བའི་སྙན་ངག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1