༄༅།། སློབ་དཔོན་དབྱུག་པ་ཅན་ཕྱི་ནང་གི་གྲུབ་མཐའ་གང་ཡིན་ཐད་ལ་དཔྱད་པ་ཆོས་དུང་དཀར་པོའི་སྒྲ་དབྱངས།
ཡེ་ཤེས་བསྟན་འཛིན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-17
ཡེ་ཤེས་བསྟན་འཛིན།
ཨོཾ་སྭ་སྟི། ངག་གི་དབང་ཕྱུག་མཚོ་བྱུང་ལྷ་མོ་མཆོག །མཆོག་གི་དགོངས་པ་སློབ་དཔོན་རྣམས་ཀྱིས་འགྲེལ། །འགྲེལ་མཁས་ཟླ་བྲལ་མཚུངས་མེད་གཏན་གྱི་སྐྱབས། །སྐྱབས་མཆོག་བཤེས་གཉེན་རྣམས་ཀྱིས་དགེ་ལེགས་སྩོལ། །རབ་མཛེས་ཤེལ་དཀར་ལྷུན་པོར་ཉི་ཟླ་ཡིས། །འཁྱུད་ཀྱང་གང་སྐུའི་ཆ་ཙམ་མཚོན་མིན་ཞིང་། །ངག་གི་དཔལ་བསྟེར་ངག་དབང་དབྱངས་ཅན་དང་། །གཉིས་མེད་སློབ་དཔོན་དཎྜིས་རྟག་ཏུ་སྐྱོང་། །གང་གི་ཟབ་དགོངས་བ་ཀུ་ལ་ཡི་ཁ། །མཁས་པ་ཕལ་པའི་འགྲམ་ཆུས་འབྱེད་དཀའ་ཞིང་། །གཟུར་གནས་རྣམ་དཔྱོད་ལྡན་པའི་འགྲམ་ཆང་གིས། །ཚེགས་མེད་གྲོལ་བའི་ལོ་པན་བཀའ་དྲིན་ཆེ། །གནས་ལྔ་ཤེས་བྱའི་དཀྱིལ་འཁོར་རྫོགས་པའི་ཐུགས། །རྣམ་དཔྱོད་འགྲན་བྲལ་གངས་ཅན་མཁས་དབང་གི། །ལྷག་བསམ་གཡས་འཁྱིལ་དུང་གི་ཁོག་པ་ལས། །རྣམ་གསུམ་བདུད་རྩི་བསྟེར་མཁས་རྣམས་ལ་འདུད། །སྙན་ངག་སྙན་པའི་གཞུང་ལ་དཔྱད་གསུམ་གྱིས། སྔོན་མེད་སྣོན་དགའ་ཟློས་གར་གསར་པའི་རོ། །བློ་གསལ་བློ་ཡི་གྲོགས་ལ་མི་ནུས་ཀྱང་། །རང་ཉིད་རང་ལ་སྦྱིན་པས་མགྲིན་པ་གསོ། །འོན་ཀྱང་ཚངས་སྲས་དགོངས་པ་ཟབ་མོའི་གཏིང་། །དཔོག་ཆེད་འཇུག་ཀྱང་བསམ་པའི་སྐལ་བ་ཕྲ། །བློ་གསར་འདོད་འདུན་སྐོང་བའི་ནོར་བུའི་བཅའ། །མ་ཡིན་རང་གི་གྲུབ་མཐའ་ཅུང་ཟད་བརྗོད། །
དང་པོ། གླེང་གཞི།
རྒྱལ་སྲས་ཆེན་པོ་ཞི་བ་ལྷས། “སྔོན་ཆད་མ་བྱུང་བ་ནི་འདིར་བརྗོད་མེད། །སྡེབས་སྦྱོར་མཁས་པའང་བདག་ལ་ཡོད་མ་ཡིན་”ཞེས་གསུངས་པ་ལྟར། དེ་ལ་འདིར་ཁ་བའི་རྡུལ་བརྩེགས་མུ་ཏིག་སྤུངས་འདྲའི་ལྷུན་པོ་མུ་འཁྱུད་ཟླུམ་པོའི་དབྱིབས་ཅན་གྱིས་ཁོར་ཡུག་ཡོངས་སུ་བསྐོར་བ། གངས་རི་འོ་འཛིན་གྱི་བུམ་པ་ལས་ཐོན་པའི་དྭངས་གཙང་བསིལ་བའི་བདུད་རྩིའི་ཆབ་རྒྱུན་བརྒྱད་ལྡན་གྱི་ཆུ་བོ་ཕྱོགས་ཀུན་ནས་ལྷུང་དུ་འབབ་པ་གཡུ་ལོ་ཐགས་སུ་བཀོད་འདྲའི་ལྗོན་ཤིང་དང་། ཁ་དོག་བཀྲ་བ་སྣ་ལྔའི་མེ་ཏོག་གི་ཚོམ་བུ་བཀོད་པའི་སྤང་ལྗོངས་ཉམས་དགས་ཁྱབ་པའི་ལྗོངས་འདིར་སྔོན་བྱོན་དྲན་དབང་ནམ་མཁའི་རྒྱུ་སྐར་གྱི་གྲངས་དང་མཚུངས་པ་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱི་ནང་ནས་སྐད་གཉིས་སྨྲ་བའི་འཇིག་རྟེན་གྱི་མིག་ཏུ་གྱུར་པའི་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་དང་། དཔང་ལོ་བློ་གྲོས་བསྟན་པ་སོགས་ལོ་ཙཱ་བ་རིམ་བྱོན་གྱིས་ཚིག་རྒྱན་གྱི་གཏེར་དུ་གྱུར་པའི་སྙན་ངག་གི་རིག་པ་བོད་བསྒྱུར་མཛད་པ་ནས་བཟུང་ད་ལྟ་བར་མི་རིགས་གཞན་ལ་ངོ་གནོང་མི་དགོས་པའི་སྙན་གཞུང་རིག་པའི་ལམ་སྲོལ་གངས་ཅན་པའི་སྐད་བརྡའི་རང་བཞིན་གྱི་སྙན་ཚིག་གི་རྒྱན་མཛེས་པ་དེ་དབར་གྱི་ཆུ་བོ་དང་། སྟོན་གྱི་ཆར་སྤྲིན་དར་ཞིང་རྒྱས་པ་དང་། འཕེལ་བའི་ལང་ཚོ་མི་ཉམས་པའི་གཟུགས་ཅན་དུ་གྲུབ་ཅིང་། སྙན་ངག་གི་རིག་པ་དེ་ཡི་ཐད་འཇམ་འགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་དང་། ཞང་ཞུང་ཆོས་དབང་གྲགས་པ། ཧོར་སྟོན་ནམ་མཁའ་དཔལ་སོགས་མཁས་གྲུབ་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་བྱོན་པ་རྣམས་ཀྱི་ཐུགས་བཅུད་དྲི་མ་མེད་པའི་གསུང་རབ་ལེགས་བཤད་ཕྱུར་བུར་གཏམས་པའི་གླེགས་བམ་མཐའ་ཡས་སུ་གྱུར་པ་མངོན་སུམ་འདྲེན་བྱེད་ཀྱི་ཡུལ་དུ་མཆིས། མཁས་དབང་གོང་མ་རྣམས་ཀྱིས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ཡུལ་དུས་འཕེལ་རིམ་ལ་གཞིགས་པ་དང་། སྐྱེ་འགྲོའི་བློ་གྲོས་ལ་སྨན་པའི་བསྟན་བཅོས་ཀྱི་དགོངས་པ་འགྲེལ་བ་མ་ཟད། དཔྱད་གསུམ་ལུང་རིག་གི་སྒོ་ནས་དཔྱད་པ་ལེགས་པར་མཛད་པའི་བཀའ་དྲིན་བསྐྱངས། ལྷག་པར་རྒྱལ་དབང་ལྔ་པ་ཆེན་པོ་དང་། ལོ་ཙཱ་བ་གྲགས་ཅན་འཇམ་དཔལ་རྡོ་རྗེ། དེང་གི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་། བསེ་ཚང་པ་སོགས་མཁས་པ་དུ་མས་བླང་བྱ་བླངས་པ་དང་། འདོར་བྱ་དོར་ཏེ་བརྟག་པ་གསུམ་གྱི་སྒོ་ནས་བརྟག་ཅིང་། གཏན་ལ་ཕབ་པའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་བལྟ་འདོད་ཀྱི་མིག་ལ་དགེ་བའི་དཔལ་བསྟེར་བ་དང་། ཉན་འདོད་ཀྱི་རྣ་བར་སྐྱིད་པའི་དབངས་གྲགས་པ་ཞིག་ཏུ་གྱུར་ཏེ་སྔར་བས་ཁྱབ་གདལ་གོང་འཕེལ་མཛད་པ་བཀའ་དྲིན་བླ་མེད་ཆེ། དེ་ཡང་ལོ་པན་རྣམས་ཀྱིས་བསྒྱུར་བ་དང་། སྔ་དེང་གི་མཁས་པ་རྣམས་ཀྱིས་དགོངས་པ་འགྲེལ་བ། མཐའ་དཔྱོད་མཛད་པའི་སྙན་གཞུང་གི་བསྟན་བཅོས་རྣམས་ལ་རྣམ་དཔྱོད་ཁབ་མིག་ལས་ཅུང་ཟད་དོག་ཅིང་ཕྲ་བ་བདག་བློས་ཡིད་རང་ཚད་མེད་མི་བྱེད་པའི་རྒྱུ་མཚན་ཅི་ཡང་མེད་མོད། འོན་ཏེ་བདག་ལ་དཔྱད་གསུམ་ལུང་རིག་གི་དཔྱད་པ་གཏོང་བའི་སྤོབས་ཉམས་ཏིལ་ཙམ་ཐོན་པ་དེ་ནི་ཐུགས་བརྩེའི་བདག་ཉིད་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ཉག་ཅིག་ལ་བརྟེན་པ་དང་། ཕྱོགས་མཚུངས་སྔོན་བྱོན་མཁས་གྲུབ་རྣམས་ཀྱི་མཛད་བཟང་ལས་མོས་ཀྱིས་བགྱིས་ཚུལ་ཤེས་ཏེ། སྙན་ངག་གི་གཞུང་ལ་བློ་ནུས་ཀྱིས་དཔྱད་པ་དང་། དཔྱད་རྩོམ་སྤེལ་བའི་འདུན་པའི་ས་བོན་སྔོན་ཚུད་ནས་བཏབ་ཀྱང་ལས་བྲེལ་གྱི་རྐྱེན་མྱུ་གུ་ཁ་སྐྱེས་མི་ནུས། དེང་དཔྱིད་དུས་འཆར་བས་ཕྱི་རོལ་གྱི་དངོས་ཁམས་ལྗོན་པར་མྱུ་གུ་རྒྱས་པ་དང་ཆབས་ཅིག་ནང་གི་བློ་གྲོས་ཀྱི་མྱུ་གུ་ལྷན་ཅིག་ཏུ་རྒྱས་པར་བྱས་ཏེ་བསམ་དོན་རི་མོར་བཀོད་པའི་བགྱིས་ཚུལ་དེ་ནི་གཞན་ལ་ཕན་ཐོགས་ཀྱི་ནུས་པ་ཅི་ཡང་ཐོན་དཀའ་ཡང་རང་ལ་ཕན་ཐོགས་ཆེ་ཙམ་ཡོང་རེར་དམིགས། ཙོང་ཁ་པ་ཆེན་པོས་“གལ་ཏེ་ཡང་དག་དམ་འཆའ་ཙམ་ཞིག་གིས། ། ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི། །ཚད་མའི་སྟོབས་ཀྱི་ཐེ་ཚོམ་མ་ཆོད་ཕྱིར། །འདམ་ལ་བཏབ་པའི་ཕུར་པ་བཞིན་འགྱུར་པས། །”ཞེས་ཚད་མའི་སྟོབས་ཀྱིས་ཐེ་ཚོམ་ཆོད་དགོས་གསུངས་པས་དཔྱད་པ་བྱེད་པ་དེ་རང་གི་ལོག་རྟོག་བསེལ་བའི་ཆེད་དུ་ཡིན་ཞིང་། འདིར་རང་བློས་ཅུང་ཟད་དཔྱད་པའི་འབྲས་བུའི་རྣམ་གཞག་གི་དང་པོ། གཞན་ལུགས་བཞག་པ། རྩོད་པ་སྤོང་བ། རང་ལུགས་བཞག་པའི་ཐོག་ནས་གཞན་ལུགས་དགག་པ་དེ་ནི་དཔྱད་གསུམ་ཡང་དག་གི་ལུང་རིག་ལ་བརྟེན་པ་དང་། གཞན་པའི་རིག་གནས་ཀྱི་སྙིང་བཅུད་ཁབ་ལེན་རྡོ་བཞིན་བསྡུ་ལེན་བྱེད་པ་བཅས་ཀྱི་ཐབས་ལ་བརྟེན་རང་རེ་ཁ་བ་ཅན་གྱི་རིག་གནས་མཐའ་དག་ཕུལ་བྱུང་དང་གྱ་ནོམ་པའི་ཕྱོགས་སུ་འཕེལ་ཏེ་མི་རིགས་འདི་ཉིད་སྔོན་ཐོན་གྱི་གདན་ཐོབ་འཛིན་པ་ཞིག་བྱུང་ན་ཅི་མ་རུང་སྙམ། དེའི་ཕྱིར་གོང་གསལ་རྣམ་གཞག་ཁག་ལ། འགལ་སྐྱོན་དང་། ཟློས་སྐྱོན་ཅི་རིགས་མཆིས་པ་རྣམས་རྣམ་དཔྱོད་ཡངས་པ་རྣམས་ཀྱིས་སྣོན་འཕྲི་ཡོ་བཅོས་ཀྱི་གལ་ཆེའི་དགོངས་འཆར་གནང་འོས་ལྷུག་པོར་མཛད་སྐྱོང་བཀའ་དྲིན་ཆེ་ཞུ། དེ་ནི་དེང་གི་དུས་རྫོགས་ལྡན་གསར་པའི་དཔལ་ལ་གནས་ཤིང་། ལྷག་པར་རང་ལྗོངས་འདི་ཡང་ཟླ་བ་དཀར་ཕྱོགས་ལ་ཆས་པ་ལྟ་བུའི་རྣམ་པ་བཟང་བས། རང་ཚོས་དེང་ཅན་བཞིའི་འཕྲིན་ལས་རྣམ་བཞི་གནད་དུ་བཟུང་བ། མཐུན་སྒྲིལ་ཤེས་རིག་ཕྱུག་པོ་བཅས་སྤྱི་ཚོགས་རིད་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ཆེད་དང་། སྐྱེ་ཀུན་བདེ་ཞིང་བཅུ་ཕྲག་རིག་པའི་གནས་ཀུན་དར་ཞིང་རྒྱས་པ་བཅས་ཀྱི་ཆེད་དུ་ཐུན་མོང་ཐོག་འཕྱར་བ་གྲུ་འདེགས་མཛད་དགོས་པའི་རེ་འདུན་དང་བཅས་དགེ་མིང་འཛིན་པ་བདག་གིས་གསོལ་བ་ལགས་སོ།
གཉིས་པ། སློབ་དཔོན་དབྱུག་པ་ཅན་དེ་ཉིད་གྲུབ་མཐའ་གང་ཡིན་ལ་དཔྱད་པ།
སློབ་དཔོན་དེ་ཉིད་ཕྱི་ནང་གི་གྲུབ་མཐའ་གང་ཡིན་མིན་གྱི་ཆ་ལ་གླེང་སྒོ་མི་མཐུན་པ་མང་པོ་འདུག་ཅིང་། (དང་པོ)ཁ་ཅིག་གིས་ནང་པའི་པཎ་ཆེན་ཡིན་ཏེ་རྒྱ་གར་གྱི་པཎ་ཆེན་དཔལ་འཛིན་སྡེས་མཛད་པའི་གྲུབ་བརྒྱའི་བྲིས་སྐུ་བྲི་ཐབས་སུ་དབྱུག་པ་ཅན་སེར་པོ་བུད་མེད་དང་ལྷན་ཅིག་པ་ཞེས་པའི་གཞུང་གི་མཛད་པ་པོ་དང་། རིན་ཆེན་འབྱུང་གནས་མཛད་པ་པོ་ཡིན་ཞེས་དང་། (གཉིས་པ)ཡང་ཁ་ཅིག་གིས་སློབ་དཔོན་དཔའ་བོ་བསྟན་པ་འདི་ལ་མ་ཞུགས་སྔོན་གྱི་མཚན་ལ་དེ་ལྟར་གྲགས་པའོ། ཞེས་གསུངས། (གསུམ་པ)ཡང་ཁ་ཅིག་གིས་ཕྱི་རོལ་པ་ཡིན་ཏེ། གཞུང་དུ“སེར་སྐྱས་གནས་ལ་ཡོད་པ་ཉིད། ། རབ་ཏུ་སྐྱེ་བ་ཉེ་བར་བརྗོད”ཞེས་ཕྱི་རོལ་པའི་གྲུབ་མཐའ་སྟོན་པའི་ཚིག་མང་དུ་སྣང་བས་སོ། ཞེས་དང་། (བཞི་པ)ཁ་ཅིག་གིས་ཀུན་ཏུ་རྒྱུ་དཎྜི་ཟེར་བའི་སྡེ་ཚན་ཞིག་ཡོད་པ་ཡིན་ཏེ་ཞེས་དང་། སློབ་དཔོན་འདི་ནི། ཨཤྲམལ་བཞིན་དབྱེ་བའི་ཕྱི་མ་པ་ཏི་བྲ་ཛ་སྡེ་ཀུན་ཏུ་རྒྱུ་ཡིན་ཅིང་། ཆ་ལུགས་སྐྲ་དང་ཁ་སྤུ་བྲེགས་ཤིང་གོས་ངུར་སྨྲིག་ཅན་དབྱུག་པ་ཐོགས་པ། སློང་མོས་འཚོ་བ་ཞིག་ཡིན་པས་དབུ་ལྷར་ཊི་ཏིའི་སྐུ་རབ་བྱུང་གི་ཆ་ལུགས་བཀོད་པ་མི་འཐད་དོ། ཞེས་གསུངས། (ལྔ་པ)ཁ་ཅིག་གིས་སློབ་དཔོན་དེ་ཉིད་ཕྱི་ནང་གཉིས་ཀའི་གྲུབ་མཐའ་ལ་ཤིན་ཏུ་མཁས་པ་ཞིག་ཡིན་ཞེས་གསུངས་ནས་བར་དུ་བཞུགས་པར་མཛད།
གཞན་ལུགས་དང་པོ་འཐད་པ་མི་འཐད་བཤད་པའི་རྩོད་སྤོང་།
སློབ་དཔོན་དེ་ཉིད་ནང་པའི་པཎྜི་ཏ་ཡིན་ཏེ། སློབ་དཔོན་དཔལ་འཛིན་སྡེས་གྲུབ་བརྒྱའི་བྲིས་སྐུ་བྲི་ཐབས་སུ་དབྱུག་པ་ཅན་ཞེས་པ་རྒྱུ་མཚན་དུ་བཀོད་གནང་གི་མཛད་པ་དེ་རང་ལུགས་ལ་ཡང་འཐད་པར་སེམས། འོན་ཏེ་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་མཛད་པ་པོ་ཡིན་གསུངས་པ་དེ་མི་འཐད། སྡེབ་སྦྱོར་རིན་ཆེན་འབྱུང་གནས་མཛད་པ་པོ་སློབ་དཔོན་དབྱུག་པ་ཅན་དང་དུས་མཉམ་པའི་རྒྱ་གར་གྱི་པན་ཆེན་རིན་ཆེན་འབྱུང་གནས་ཞེས་པ་དེ་ཡིན་ཞིང་། སྡེབ་སྦྱོར་ཞེས་པ་བརྗོད་བའི་མིང་དང་། རིན་ཆེན་འབྱུང་གནས་ཞེས་པ་མཛད་པ་པོའི་མཚན་སྨོས་པ་ཡིན་པས་རྒྱུ་མིང་འབྲས་ལ་བཏགས། སྡེབ་སྦྱོར་དེ་ཉིད་བོད་སྒྱུར་མཛད་པ་པོ་ཡར་ཀླུང་པ་གྲགས་པ་རྒྱལ་མཚན་གྱི་རྩ་བ་རང་འགྲེལ་དང་བཅས་བསྒྱུར་བར་མཛད་རྗེས། ལོ་ཆེན་བྱང་ཆུབ་རྩེ་མོ་དང་། སྟག་ལུང་ལོ་ཙཱ་བ་ནམ་མཁའ་བཟང་པོ་གཉིས་ཀྱིས་བསྒྱུར་བཅོས་ལེགས་པར་མཛད། སླར་འགོས་ལོ་ཙཱ་བ་བྷ་མ་དྷ་དྲས་རྩ་བ་ལས་སྒྱུར་བཅོས་མཛད་པ་རྣམས་ཕྱི་མ་དེ་ཉིད་ཡིན་པ་སྡེབ་སྦྱོར་རང་གི་གཞུང་དུ་གསུངས། སློབ་དཔོན་དབྱུག་པ་ཅན་གྱིས་འཇིག་རྟེན་ན་གྲགས་ཆེ་བའི་གཞུང་གསུམ་བརྩམས་ཞེས་བྱུང་བས་《སྙན་ངག་མེ་ལོང》《གཞོན་ནུ་བཅུའི་འཇུག་པ》《བྲི་ཚྩད་ཀྐི་ཞེས་བྱ་བ་ཟློས་གར་གྱི་བསྟན་བཅོས》དེ་གསུམ་ལས་བསྟན་བཅོས་གཞན་བརྩམས་པ་གཞུང་གཞན་དུ་མི་གསལ་ཞིང་མ་མཐོང་ན་མེད་པ་མ་ཡིན་ཀྱང་། མཁས་པའི་ངག་ལས་མ་ཐོས། དེའི་ཕྱིར་སློབ་དཔོན་དབྱུག་པ་ཅན་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་མཛད་པ་པོ་ཡིན་གསུངས་པ་རྒྱུ་མཚན་ལྟར་སྣང་ཙམ་དུ་ཟད། འོན་ཏེ་དེ་ལ་ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་གཏོང་དགོས་པ་ནི། དབྱུག་པ་ཅན་ཞེས་འབྲས་མིང་རྒྱུ་རུ་བཏགས་པ་ཞིག་ཡིན། དཔེར་ན་པཎྜི་ཏ་ཤམ་ཐབས་དཀར་པོ་ཞེས་པ་ལྟ་བུ་སློབ་དཔོན་དེའི་མཚན་དངོས་གཞན་ཞིག་ཡོད་པ་སྨོས་མེད་ཡིན། རཏྣ་ཀ་ར་ནཱ་མ་ཞེས་པ་བོད་དུ་རིན་ཆེན་འབྱུང་གནས་ཞེས་པ་ཡིན་པས་སློབ་དཔོན་དབྱུག་པ་ཅན་གྱི་མཚན་དངོས་ལ་དེ་ལྟར་བརྗོད་པ་མིན་ནམ་སྙམ་པའི་མགྲིན་པ་འཁྱོགས་ལ་འཕང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་མཛད་པ་པོ་དང་། སློབ་དཔོན་དེ་ཉིད་མཚན་འདྲ་བའི་རྒྱུ་མཚན་གྱིས་འདོད་སྐྱོན་དུའང་སོང་སྲིད། དེ་ལྟར་མིན་ན་སློབ་དཔོན་དབྱུག་པ་ཅན་གྱི་མཚན་དངོས་ཇི་ལྟར་བརྗོད་པ་ཡིན་ནམ་མཁས་པ་རྣམས་ཀྱིས་དཔྱད་པར་མཛད་པའི་གནད་ཡིན་པར་བསམས་ཏེ་ཕྲ་མོའི་སྣེ་སྐུད་ཙམ་འབུལ་བ་ཡིན་པས་སོ།
གཞན་ལུགས་གཉིས་པ་མི་འཐད་པ་བཤད་པའི་རྩོད་སྤོང་།
གོང་གསལ་ཕྱི་ནང་གཉིས་ལས་ནང་པ་ཡིན་པའི་འདོད་ཚུལ་མཐུན་ཡང་སློབ་དཔོན་དཔའ་བོ་དང་གཅིག་ཏུ་འདོད་པ་ནི་ཤིན་ཏུ་འཁྲུལ། སློབ་དཔོན་དཔའ་བོ་ཐོག་མའི་གྲུབ་མཐའ་ཕྱི་རོལ་པ་ཡིན་ཞིང་། སློབ་དཔོན་དེས་རྒྱ་གར་ལྷོ་ཕྱོགས་ནང་པའི་གྲུབ་མཐའ་མང་པོ་དང་རྩོད་ནས་སློབ་དཔོན་དེ་ཉིད་རྒྱལ་རྗེས་སུ་རྒྱ་གར་བྱང་ཕྱོགས་པེ་ཧར་ཞིང་ཆེན་པཱ་ཐེ་ནའི་ཉེ་འདབས་ན་དཔལ་ནཱ་ལེནྡྲར་ནང་པའི་མཁས་གྲུབ་དུ་མ་ཡོད་པ་ཤེས་ནས་མངོན་པའི་ང་རྒྱལ་གྱིས་གཞན་སྡེ་ཕམ་པར་བྱ་དགོས་སྙམ་སྟེ་བྱང་ཕྱོགས་སུ་གཤེགས་ནས་རྩོད་ཡིག་སྤྲིངས། དེ་ཚེ་མཁས་གྲུབ་རྣམས་བསྟན་པ་ཤོར་ལ་དོགས་ནས་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་པའི་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ལ་ཇི་བཞིན་གསོལ་བ་སློབ་དཔོན་ཨཱརྱ་དེ་ལྦ་མངགས་ཏེ་ནཱལནྡྲ་འབྱོར། སློབ་དཔོན་ཆེན་པོ་དེ་དང་རྩོད་མཐར་སློབ་དཔོན་དཔའ་བོ་ཕམ་སྟེ་དཔེ་མཛོད་དུ་བཅུག རྒྱལ་བས་ལུང་བསྟན་པ་ལྟར་ཕྱིས་ནང་པར་ཞུགས་ཏེ་སློབ་དཔོན་དཔའ་བོ་ཞེས་གྲགས་སྙན་སྲིད་རྩེར་གཡོ། སློབ་དཔོན་དེ་ཉིད་མཚན་གྱེ་རྣམ་གྲངས་ནི། རྟ་དབྱངས། མ་ཁོལ། ཕ་ཁོལ། ཐུབ་དཀའ་ནག་པོ། དཔའ་བོ་བཅས་སུ་གྲགས། དེ་ཡང་སློབ་དཔོན་དབྱུག་པ་ཅན་དང་དུས་མཉམ་པ་ཡིན་པ་ལས། སློབ་དཔོན་དབྱུག་པ་ཅན་དང་གཅིག་ཏུ་འདོད་མི་རུང་སྟེ། སློབ་དཔོན་དཔའ་བོ་ཤར་ཕྱོགས་པའི་མཁས་པ་དང་། སློབ་དཔོན་དབྱུག་པ་ཅན་ལྷོ་ཕྱོགས་པའི་མཁས་པ་ཡིན་པ་སོ་སོའི་མཚན་སྨོས་པ་སྙན་གཞུང་མང་པོར་གསལ་བ་ཡིན་པས་སོ།
གཞན་ལུགས་གསུམ་པ་མི་འཐད་པ་བཤད་པའི་རྩོད་སྤོང་།
དང་པོ། ཁ་ཅིག་གིས་སློབ་དཔོན་དེ་ཉིད་ཕྱི་རོལ་པ་ཡིན་པའི་སྒྲུབ་བྱེད་དུ“སེར་སྐྱས་གནས་ལ་ཡོད་པ་ཉིད། །རབ་ཏུ་སྐྱེ་བ་ཉེ་བར་བརྗོད”ཅེས་ཕྱི་རོལ་པའི་གྲུབ་མཐའ་སྟོན་པའི་ཚིག་མང་དུ་སྣང་བས་སློབ་དཔོན་དེ་ཉིད་ཕྱི་རོལ་པ་ཡིན་ཞེས་པའི་གཏན་ཚིགས་བཀོད། དེ་ལྟར་ན། གཞུང་དུ་“མ་བརྟག་སྤྱོད་པ་འཕགས་པ་ལ། །རྣམ་པ་ཀུན་ཏུ་ཡོད་མ་ཡིན། །”ཞེས་དང“བདེ་གཤེགས་འདུལ་བྱས་འཇིག་པ་ནི།”ཞེས་སོགས་འཕགས་ལམ་གྱི་གང་ཟག་བདེ་གཤེགས་བཅས་ནང་པའི་གྲུབ་མཐའ་སྟོན་པའི་ཚིག་མང་དུ་བྱུང་བས་ནང་པ་ཡང་ཡིན། ཕྱི་རོལ་པ་ཡང་ཡིན་ཞེས་བརྗོད་དགོས་སམ། ཁ་ཅིག་གིས་རྒྱུ་མཚན་བཀོད་ལུགས་བསམས་ན་དེ་ལྟར་བརྗོད་དགོས་པ་ཞིག་འདུག་ཀྱང་ཕྱི་ནང་གཉིས་ཀ་ཡིན་པའི་ཡིན་པར་སྲིད་པ་མེད་པས་སོ། འོན་ཀྱང་ཕྱི་ནང་གཉིས་ཀའི་གྲུབ་མཐའ་ལ་མཁས་པ་ཞིག་ཡིན་བཞེད་ན་དེ་ནི་ཁོ་བོས་ཀྱང་དེ་ལྟར་འདོད། ཡིན་ནའང་དེ་ཙམ་གྱིས་རིག་པའི་འཁྲུན་ཐག་ཆོད་དཀའ། རྩ་བའི་དོན་གྱི་སྙིང་པོ་སློབ་དཔོན་དེ་ཉིད་རྩ་བའི་གྲུབ་མཐའ་ཕྱི་ནང་གང་གི་ཐད་ལ་ལུང་ཚད་མར་འཛིན་འོས་པ་དང་། རིག་པའི་ཕུག་བཀལ་གྱི་མཐའ་དཔྱོད་པ་ཞིག་དགོས་པ་ལས་རྒྱུ་མཚན་ལྟར་སྣང་ཙམ་བརྗོད་ན་གནོད་བྱེད་ཀྱི་རིག་པས་ཚུགས་ཐབས་བྲལ།
གནོད་བྱེད་ཀྱི་རིག་པ་གཉིས་པ། ཕྱི་རོལ་རིགས་གཅིག་པའི་གྲུབ་མཐའ་སྨྲ་བ་ཙམ་གྱིས་ཕྱི་རོལ་པ་ཡིན་པའི་སྒྲུབ་བྱེད་དུ་བཀོད་ན། ནང་པའི་གྲུབ་མཐའ་སྨྲ་བ་ཙམ་གྱིས་དེ་ནང་པ་ཡིན་པ་འདོད་དགོས་པས་དེ་འདྲ་ཅི་ལ་ཡིན། ཐུན་མོང་མ་ཡིན་པའི་བསྟན་བཅོས་མང་པོར་རིག་བྱེད་ཀྱི་སྟོན་པ་དྲང་སྲོང་ཆེན་པོ་གྲོག་མཁར་བ་སོགས་ལ་མཆོད་པར་བྱེད་པ་ཡོད་དོ།“ལྷ་ཡི་མཆོག་དང་ཀླུ་དབང་གྲུབ་པ་རིག་འཛིན་གཙོ། དྲང་སྲོང་རྒྱས་པ་གྲོག་མཁར་པ་དང་རྐང་མིག་སོགས....”ཞེས་སོགས་ཀྱིས་འཇིག་རྟེན་པས་བསྟོད་ཅིང་བཀུར་བའི་ཚངས་པ་དང་། བརྒྱ་བྱིན། དགའ་བོ་དང་། ཉེ་དགའ། ནོར་རྒྱས་སོགས་ཀླུ་དབང་དང་། རིག་བྱེད་ཀྱི་དྲང་སྲོང་རྒྱས་པ་དང་། དཀའ་ཐུབ་གྲུབ་པ་ཐུབ་ཆེན་པོ་གྲོག་མཁར་བ། དབང་ཕྱུག རྐང་མིག་སོགས་ལ་མཆོད་པར་བརྗོད་པ་དེ་དགོས་དབང་དུ་མ་ཡིན་པར། ཕྱི་རོལ་ཀུན་ཏུ་རྒྱུ་དུ་མར་མཆོད་ཅིང་བཀུར་བས་རིག་བྱེད་སྨྲ་བའི་གཏམ་ཡིན་ཟེར་རྒྱུ་ཡིན་ནམ། གཞན་དུ་ལྔ་པ་ཆེན་པོ་སོགས་མཁས་གྲུབ་མང་པོས་རིག་བྱེད་ཀྱི་གཏམ་རྒྱུད་འཆད་པ་མང་དུ་སྣང་བས་དེ་དག་ཀྱང་ནང་པ་མ་ཡིན་པར་ཐལ་བའི་སྐྱོན་དུ་གྱུར་ཞིང་། ལྔ་པས། བརྟུན་པ་བསྐྱེད་དེ་མེ་སྐྱེས་ཡོང་བསྒྲུབས་པས། ལེགས་པར་སྦྱར་བའི་གཙུག་ལག་རྟོགས་ཤིང་གཞོན་ནུ་བེད་སྤྱོད་རེ་བ་སྐོང་བྱེད་པའི། དབང་ཕྱུག་གོ་ཆ་བློ་གསལ་དགའ་བ་སྐྱེད། ཅེས་བྲམ་ཟེ་དབང་ཕྱུག་གོ་ཆས་བེད་སྤྱོད་ཀྱི་བཀའ་དང་ལེན་ནམ་རེ་བ་བཟང་ཕྱིར། མེ་སྐྱེས་ལྷ་དབང་གི་བུ་སྨིན་དྲུག་བསྒྲུབས་ནས་སྨིན་དྲུག་དངོས་སུ་ཞལ་གཟིགས་ནས་སྒྲ་བསླབས་བར་བརྟེན་དབང་ཕྱུག་གོ་ཆ་དགའ་བ་བསྐྱེད་པའི་རིག་བྱེད་ཀྱི་གཏམ་རྒྱུད་ལ་སྦྱར་ནས་གསུངས་པ་དེ་འདྲ་མང་དུ་མཆིས། གཞན་ཡང་སློབ་དཔོན་དཔའ་བོ་ནང་པའི་བསྟན་པ་ལ་མ་ཞུགས་པའི་སྔོན་དུ་མུ་སྟེགས་བྱེད་རྟ་དབྱངས་ཞེས་མཚན་གསོལ་ཞིང་། རྟ་དབྱངས་ལ་རྩོད་ལན་འདེབས་པའི་སྟ་གོན་དུ་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ཨཱ་རྱ་དེ་ལྦ་རྩོད་པའི་ཚེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཕྱི་རོལ་པའི་གྲུབ་མཐའ་ཇི་བཞིན་བཟུང་བ་དབུ་མ་རིན་ཆེན་ཕྲེང་བར་གསུངས་པ་དེ་ཡང་ཁྱེད་ལྟར་ན་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་ཡིན་པས་ནང་པ་མ་ཡིན་པར་ཕྱི་རོལ་པ་ཡིན་ཞེས་བརྗོད་དགོས་པ་མ་ཡིན་ནམ། ཡང་ཤཱཀྱ་ཐུབ་པས་སོར་མོའི་ཕྲེང་བར་ཕ་དང་མ་ནི་གསང་བ་ཡིན་ཞེས་ངེས་དོན་གྱི་སྒོ་ནས་གསུངས་པ་ཡིན་པས་དེ་དག་དོན་དུ་གསང་བ་ཡིན་དགོས་སམ། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་ཐམས་ཅད་མེད་ཅེས་གསུངས་པ་ལ་ཤཱཀྱ་ཐུབ་པ་ཆོས་ཐམས་ཅད་མེད་པར་སྨྲ་བའི་ལྟ་བ་ཡིན་ཟེར་རྒྱུ་ཡིན་ནམ། རྗེ་བཙུན་འཇམ་དབྱངས་ཀྱིས་ཕྱི་རོལ་པ་སྟོང་ཕྲག་ཏུ་སྤྲུལ་ནས་ནང་པར་ཚོད་བགམ་གྱིས་རྩོད་པ་མཛད་པ་དེ་དག་ཚང་མ་ཕྱི་རོལ་པ་ཡིན་ཟེར་རྒྱུ་ཡིན་ནམ།
གཞན་ལུགས་བཞི་པ་མི་འཐད་པ་བཤད་པའི་རྩོད་སྤོང་།
ཁ་ཅིག་གིས་ཀུན་ཏུ་རྒྱུ་དཎྚི་ཟེར་བའི་སྡེ་ཚན་ཞིག་ཡོད་པ་ཡིན་ཏེ་ཞེས་དང་། སློབ་དཔོན་འདི་ནི། ཨ་ཤྲ་མ་ལ་བཞིན་དབྱེ་བའི་ཕྱི་མ་པ་ཏི་བྲ་ཛ་ཀ་སྟེ་ཀུན་ཏུ་རྒྱུ་ཡིན་ཅིང་། གོས་ངུར་སྨྲིག་ཅན་དབྱུག་པ་ཐོགས་པ། བྲམ་ཟེ་ལ་ཁྱིམ་པ་ཕལ་པ་དང་། ཚངས་པར་སྤྱོད་པ། ཁྱིམ་ན་གནས་པ། གཞོན་ནུའི་བརྟུལ་ཞུགས། ཀུན་ཏུ་རྒྱུ་བཅས་རིམ་པར་ཡོད་པ་བཤད་པ་ལས། དང་པོ་བྲམ་ཟེའི་རིག་རྩལ་གྱི་ཁྱིམ་པ་ཕལ་པ་དང་། གཉིས་པ། རང་ལོ་བཅུ་དྲུག་ལོན་ཕྱིན་བྲམ་ཟེར་བསྒྲུབས་ན་ཚངས་པར་སྤྱོད་པ་གནས་པ། གསུམ་པ། དེ་ནས་ལོ་བཞི་བཅུ་ལྷག་ཙམ་ནས་ཁྱིམ་ན་གནས་ཏེ་བག་མ་ལེན་ཞིང་རིགས་སྐྱེད་པར་བྱེད་པ། བཞི་པ། གཞོན་ནུའི་བརྟུལ་ཞུགས་ཏེ་གཙུག་ཕུད་བཞག སྐྲ་བྲེགས་ཏེ་ནགས་ན་གནས་འཁྲིག་སྦྱོར་བདུན་སྤངས། ལྔ་པ། དེ་ནས་བུ་སྨད་སྤངས། པ་ཏི་བྲ་ཛ་ཀ་སྟེ་རབ་ཏུ་བྱུང་བ་ཀུན་ཏུ་རྒྱུ་བྱེད་དོ། སློབ་དཔོན་དཎྜི་ནི་སྐབས་ནས་བཤད་པའི་གོས་ངུར་སྨྲིག་ཅན་དབྱུག་གུ་ཐོགས་པ་ཀུན་ཏུ་རྒྱུའི་ཆ་བྱད་འདྲ་ཡང་ཀུན་ཏུ་རྒྱུ་མ་ཡིན་ཏེ། ཀུན་ཏུ་རྒྱུའི་ཆ་བྱད་དང་ནང་པའི་རབ་ཏུ་བྱུང་བའི་ཆ་བྱད་མི་འདྲ་བ་ཡོད་པ་ཤེས་ནུས། རྒྱུ་མཚན་དེ་ཡི་ཕྱིར་དེའི་ཆ་ལུགས་འདྲ་ན་དེ་ཡིན་མི་དགོས་པ་དང་། ཀུན་ཏུ་རྒྱུའི་ཆ་ལུགས་འདྲ་བ་ཀུན་ཏུ་རྒྱུ་ཡིན་མི་དགོས་པ། སློབ་དཔོན་དེ་ཕྱི་ཚུལ་ཀུན་ཏུ་རྒྱུའི་ཆ་བྱད་འདྲ་ཡང་ཀུན་ཏུ་རྒྱུ་མ་ཡིན་པར། ནང་པའི་པཎྜི་ཏ་ཡིན་པར་འདོད། རྒྱུ་མཚན་དང་པོ་ཡོད་དེ། སྙན་ངག་གཞུང་དུ། “བསྟན་བཅོས་བྱེད་པའི་དམ་པ་ཡིས། །སྟོན་པ་ལ་ནི་མཆོད་བརྗོད་བྱ། །བསྟན་པ་སྤེལ་ཕྱིར་དག་པའི་ཚིག །འདི་ལ་འཐད་པ་བཟང་པོ་མཐོང་། །” ཞེས་བྱུང་བ་ནི་བསྟན་བཅོས་འཆད་པའི་དང་པོ། སྟོན་པ་ཚད་མའི་སྐྱེས་བུར་མཆོད་པར་བྱ། དེ་ནི་བསྟན་པ་མི་ཉམས་པར་སྤེལ་བའི་སླད་དུ་དག་པའི་ཚིག་སྙན་ཞིང་།འཇེབས་པའི་བསྟོད་བཀུར་བྱེད་པ་འོས་ཤིང་རིགས་པའོ། དེའི་ཕྱིར་སློབ་དཔོན་དེ་ཕྱི་ནང་གཉིས་ཀའི་གྲུབ་མཐའ་ལ་མཁས་པའི་ནང་པའི་པཎྜི་ཏ་ཡིན་པ་གསལ་པོར་མངོན་ཐུབ་པ་མ་ཟད། གྲུབ་མཐའ་ནང་པར་ཡིན་པ་རྟོགས་ཐུབ་པ་ཡིན་ནོ།
བར་སྐབས་ཀྱི་ཚིགས་སུ་བཅད་པ་དང་པོ།
སྨྲས་པ། སྙན་ངག་སྨྲ་བའི་སློབ་དཔོན་དཎྜི་དང་། ། གངས་ཅན་ཡིག་སྲོལ་བྱེད་པོ་ཐོན་མི་གཉིས། །རྒྱ་བོད་ཙམ་གྱི་ཐ་དད་དབྱེ་བ་ལས། །གཞན་པའི་ཁྱད་པར་འབྱེད་ཆོས་གང་ན་མཆིས། །གཟུགས་ཅན་སྣང་བ་འབྱེད་པའི་མཐུ་དཔལ་མཆོག །བདག་ལ་མཆིས་ཞེས་འོད་སྟོང་ལྡན་པ་ཁྱོད། །ཁེངས་དྲེགས་མཐོན་པོའི་རྩེ་ལ་ཅི་ཡིས་འགྱིངས། །སྙན་གཞུང་འདིས་ཀྱང་མུན་གསལ་སྣང་བ་བཀྱེས། །སྟོན་དང་བསྟན་པར་ཡང་དག་མཆོད་པ་དང་། །ཡང་ན་ཚངས་དང་ཕུར་བུར་མཆོད་ཀྱང་རུང་། །སློབ་དཔོན་དཎྜི་རྟ་དབྱངས་མཁྱེན་བརྩེ་དང་། །མཚུངས་པར་བརྗོད་འདོད་ཁོ་བོ་གྲུབ་མཐའ་བརྟན། ། ཟབ་རྒྱས་ཆུ་གཏེར་བཞིན་དུ་སྙན་ངག་གཞུང་། །ངང་པའི་མགྲིན་སྒྲ་བཞིན་དུ་རྗོད་བྱེད་སྙན། །ནོར་བུའི་ཕྲེང་བ་བཞིན་དུ་པད་མཚོ་ལ། །ཡང་དུ་འཇུག་པའི་བྱ་བ་འདི་ན་སྤྲོ། །ཞེས་མཚམས་བཅད།
གསུམ་པ། རང་ལུགས་དང་པོ་བཞག་པ།
སྔོན་རྒྱ་གར་ན། རཱ་མ་ཤརྨ་དང་། བྷ་ར་ཏ་ལ་སོགས་པའི་སྙན་ངག་ཇི་ལྟར་སྦྱོར་བའི་ཚུལ་ལ་གསུངས་པ་མང་པོ་ཞིག་བྱུང་ཡོད་ཀྱང་། ཆེས་གྲགས་ཆེ་བ་《དབྱངས་ཅན་མགུལ་རྒྱན》དང《མེ་ལོང་མ》གཉིས་ལས་རྒྱ་བོད་གཉིས་ཀར་ཉི་ཟླ་ལྟར་གྲགས་པ་དེ་ནི་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་གི་བསྟན་བཅོས《མེ་ལོང་མ》འདི་ཉིད་ཡིན་ལ། དེ་ནི་སིངྒ་ལའི་ཡུལ་དུ་སྐུ་འཁྲུངས་པའི་ནང་པའི་པཎྜི་ཏར་རཏྣ་དང་། ནང་པའི་པན་ཆེན་ངག་དབང་གྲགས་པ་གཉིས་ཀྱིས་འབྲེལ་བ་མཛད་པར་བརྟེན་ཕྱི་ནང་ཐུན་མོང་གི་མཁས་པ་རྣམས་ཀྱིས་སྦྱང་བའི་གནད་དུ་གྱུར་པ་རེད།
སྙན་གཞུང་འདི་བོད་དུ་མ་བསྒྱུར་གོང་ས་པན་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་གནང་མཛད་པའི《མཁས་པ་འཇུག་པའི་སྒོ》ཞེས་པའི་ནང་གཞུང་གི་རྒྱན་འགའ་ཞིག་གི་སྐོར་བཀྲལ་བར་མཛད། དེ་རྗེས་དཎྜིལ་ཀི་ཀ་ར་དང་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གཉིས་ཀྱི་བཀའ་དྲིན་ལས་སྙན་ངག་མེ་ལོང་མ་ས་སྐྱའི་གཙུག་ལག་ཁང་དུ་བོད་བསྒྱུར་མཛད། ད་བར་མི་ལོ་བདུན་བརྒྱ་ལྷག་ཙམ་སོང་ཞིང་། དེས་ན་རྒྱ་གར་སྐད་དུ་ཞེས་པ་སྙན་གཞུང་གི་ཐོག་མར་བྱུང་ཞིང་། དེ་ནི་གང་ལས་བྱུང་བའི་ཁུངས་སྟོན་པ་ཡིན་ཞིང་། རྩ་བ་དེ་ལས་བྱུང་བ་ཡིན་ན་དེ་ཡིན་དགོས་པ་མ་ངེས། སྙན་ངག་མེ་ལོང་འདི་ཐོག་མར་ལེགས་སྦྱར་གྱི་ཡི་གེར་འཁོད་པའི་གནས་སྐབས་སུ་རྒྱ་གར་གྱི་སྙན་ངག་ཡིན་པ་དང་། དེ་རྗེས་བོད་དུ་བསྒྱུར་བ་དང་རྩ་བ་དེ་ལ་བོད་འགྲེལ་མཛད་པ་རྒྱ་གར་བའི་སྙན་ངག་དེ་བོད་ཀྱི་སྙན་ངག་ཏུ་འཕོ་བ་ཡིན་པས་བོད་རང་གི་སྙན་ངག་ཡིན་དགོས། དཔེར་ན་དགེ་རྒན་གྱིས་སློབ་ཁང་དུ་སློབ་ཁྲིད་དངོས་སུ་མ་བྱས་སྔོན་འཆད་རྒྱུའི་ཤེས་བྱ་རྣམས་དགེ་རྒན་ཁོ་ནའི་རང་རྒྱུད་ལ་ལྡན་པས་དགེ་རྒན་གྱི་ཤེས་བྱ་ཡིན་དགོས་པ་དང་། སློབ་ཁང་དུ་ཤེས་བྱ་རྣམས་ཁྲིད་ཟིན་རྗེས་སྔར་དགེ་རྒན་གྱི་ཤེས་བྱ་རྣམས་འཕོ་འགྱུར་ཟིན་པས་སློབ་ཕྲུག་གི་ཤེས་བྱ་ཡིན། འོན་ཏེ་རྩ་བའི་འབྱུང་ཁུངས་དགེ་རྒན་ཡིན་ཀྱང་། ད་ལྟ་སློབ་ཕྲུག་གི་རྒྱུད་ལ་ལྡན་པས་སློབ་ཕྲུག་གི་ཤེས་བྱ་ཡིན་པར་གྱུར་བ་བཞིན་དང་། ཡང་ཁོ་བོས་སྔོན་ནས་ཞུས་པ་ལྟར། ཕྱི་རྒྱལ་ཇར་མན་ལ་དཔེ་ལྟས་ནས་རླངས་འཁོར་དག་རང་རྒྱལ་གྱིས་གསར་བཟོ་བྱས་པ་ཞིག་ཡིན་ན་དེ་ལ་རང་རྒྱལ་ནས་བཟོས་པའི་རླངས་འཁོར“ཤར་རླུང”ཟེར་བ་ལས། དེ་ལ“འཇར་མན”གྱི་རླངས་འཁོར་ཞེས་ཅི་ནས་བརྗོད་མི་རུང་བ་བཞིན་དང་། ཡང་སྤྱིར་འཛམ་གླིང་ཐོག་གི་རིག་གནས་གང་དང་གང་ཞིག་ཡིན་རུང་གཅིག་གིས་གཅིག་ལ་སྐུལ་འདེད་དང་། བག་ཆགས། གཞན་དང་དེའི་འབྲེལ་བ་ཡོད་པ་སྨོས་མི་དགོས། རིག་གནས་ཞེས་པ་དེ་ཐོག་མ་ཉིད་ནས་ཆ་ཚང་བ་དང་། སྐྱོན་མེད། ཁེར་རྐྱང་དུ་གྲུབ་པའི་འཛམ་གླིང་གི་རིག་གནས་ཞིག་འཇོག་ཏུ་མེད། དཔེར་ན། བོད་སྐད་དུ། སེང་གེ་དང་། ཀུ་མུད་ད། ཀུ་ཤ། པདྨ་ཞེས་པ་སོགས་དང་། བོད་སྐད་དུ་གློག་དཔར་ཞེས་པར་རྒྱ་སྐདདུ“X‘ RAY”དང་། གཏན་ཚིགས་ཞེས་པར་རྒྱ་སྐད་དུ“逻辑” LOCIG ཞེས་པ་སོགས་དང་དེ་བཞིན་རྒྱའི་སྐད་ཡིག་གི་འགྲོ་ལུགས་དེ་དབྱིན་ཇིའི་སྐད་ཡིག་འགྲོ་ལུགས་དཔྱད་གཞིར་བཟུང་ཐོག་རང་གི་སྐད་ལུགས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སྙིགས་དོར་བཅུད་ལེན་བྱེད་པ་ཡིན་ཞེས་པ་འདྲ་ཆེ་རྒྱུ་མཚན་གང་ཞེ་ན། དབྱིན་ཡིག་དང་རྒྱ་ཡིག་གཉིས་ཀར་བྱེད་པོ་བྱ་ཡུལ་བྱ་བ་སོགས་ཀྱི་གནས་འཇོག་ཡུལ་འདྲ་བར་འདུག རྒྱ་གར་གྱི་ལེགས་སྦྱར་ཡི་གེ་དང་བོད་ཡིག་གཉིས་ཀྱང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པ་བྱེད་པོ་བྱ་ཡུལ་སོགས་ཀྱི་གནས་འཇོག་ཚུལ་འདྲ་ཆེ་བ་ཡིན། རྒྱུ་མཚན་དེའི་ཕྱིར་རྒྱའི་སྐད་ཡིག་གི་འགྲོ་ལུགས་དེ་དབྱིན་ཇིའི་སྐད་ཡིག་གི་འགྲོ་ལུགས་རེད་ཅེས་གང་ནས་བརྗོད་རུང་། དེ་བཞིན་བོད་ཀྱི་སྙན་ངག་གི་གཞུང་འདི་རྒྱ་གར་བའི་སྙན་གཞུང་རེད་ཅེས་ཅི་ནས་ཀྱང་བརྗོད་མི་ནུས། རྩ་བ་མེ་ལོང་མ་རྒྱ་གར་གྱི་ཡིན་ཀྱང་། གཞུང་གི་དགོངས་པ་འགྲེལ་བ་ནི་བོད་འགྲེལ་ཡིན་པས་བོད་ཀྱི་སྙན་གཞུང་ཡིན་ཞེས་བརྗོད་པར་བསྙོན་འཛུགས་རྒྱུ་ཅི་ཞིག་ཡོད།
དེ་ཡང་རྒྱ་གར་གྱི་མེ་ལོང་མ་བོད་དུ་བསྒྱུར་མཛད་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་འགྱུར་ཕྱག་གི་ཚུལ་དུ“འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ”ཞེས་པ་དང་། མདོ་སྡེའི་མགོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་བཀོད་པ། མངོན་སྡེར“འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ”ཞེས་བཀོད་པ་རྣམས་རེ་རེ་བཞིན་དུ། བསླབ་པ་ཚུལ་ཁྲིམས་དང་། ཏིང་འཛིན། ཤེས་རབ་བཅས་ཀྱི་བསླབ་པ་གསུམ་བརྗོད་བྱ་གཙོ་བོ་གང་སྟོན་པའི་ཆ་ནས་དེ་ལྟར་གཏན་ལ་ཕབ་པ་མཛད། འོན་ཏེ་བསྟན་པ་ཕྱི་དར་གྱི་གནས་སྐབས་མཐའ་གཅིག་ཏུ་མ་ངེས་ཀྱང་ཤོང་ལོས་བསྒྱུར་བ་མཛད་པའི་སྙན་ངག་མེ་ལོང་མའི་དབུར་འཕགས་པ་འཇམ་དཔལ་ལ་མཆོད་པ་བརྗོད་པ་དེས་སྡེ་སྣོད་གསུམ་ལས་མངོན་སྡེར་གཏོགས་པ་མ་བརྗོད་ཀྱང་ཤེས་ཐུབ། སྤྱིར་སྡེ་སྣོད་ཅེས་པའི་ཐ་སྙད་ཀྱི་གོ་དོན་ནི་གསུང་རབ་བསྟན་བཅོས་ཀྱི་ཚིག་དོན་ཐམས་ཅད་ཚོགས་སམ་རིགས་ཐམས་ཅད་ལ་སྡེ་དང་། སྣོད་ཀྱི་ཟད་དོད་པི་ཊཀ་ཞེས་པ་བྲེ་ཆེན་པོའི་མིང་ཡིན་ཞིང་། བྲེ་ཆེན་པོའི་སྣོད་དུ་འབྲུ་མང་པོ་ཤོང་ཞིང་འདུ་བར་བྱེད་པ་བཞིན་དུ་གསུང་རབ་བསྟན་བཅོས་ཀྱི་ཚིག་དོན་ཐམས་ཅད་སྡེ་སྣོད་གསུམ་དུ་མ་འདུས་པའི་ལུང་གི་ཆོས་མེད་པ་དང་། སྡེ་སྣོད་གསུམ་གྱི་བརྗོད་བྱའི་གཙོ་བོ་བསླབ་པ་གསུམ་དུ་འདུས་པ་ཡིན། དེ་གསུམ་དུ་མ་འདུས་པའི་ལུང་རྟོགས་ཀྱི་ཆོས་མེད། དེའི་ཕྱིར་སྡེ་སྣོད་གསུམ་དང་། བསླབ་པ་གསུམ་པོ་གཅིག་ཏུ་བསྡུས་ན་ལུང་རྟོགས་གཉིས་སུ་འདུ་བ་ཡིན་ཏེ། སྡེ་སྣོད་ལ་ཐོས་བསམ་བགྱིས་ཏེ་ཐེག་པ་གོང་འོག་བསླབ་པ་གསུམ་གཏན་ལ་ཕབ། འདུ་མདོ་གཉིས་ལ་ཐོས་བསམ་བགྱིས་ཏེ་ཚུལ་ཁྲིམས་དང་། ཏིང་འཛིན་གཉིས་བསྒྲུབ། མངོན་སྡེར་ཐོས་བསམ་བགྱིས་ཏེ་ཆོས་རྣམས་རིག་པས་རྣམ་པར་འབྱེད་པའི་ཤེས་རབ་སྐྱེད་པར་བྱེད་པ་ཡིན་ཞིང་། མཛོད་རྩ་བར“ཆོས་མངོན་ཤེས་རབ་དྲི་མེད་རྗེས་དྲངས་བཅས། །དེ་ཐོབ་བྱ་ཕྱིར་མངའ་དང་བསྟན་བཅོས་གང་། །དེ་དེ་དོན་དུ་ཡང་དག་ཚུད་ཕྱིར་རམ། དེ་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད། །”ཅེས་དྲི་མ་མེད་པའི་ཤེས་རབ་རྗེས་དྲངས་དང་བཅས་པ་བསྟན་བའི་གཙོ་བོར་བསྟན་པའི་བསྟན་བཙོས་ལ་མངོན་པའི་བསྟན་བཅོས་ཞེས་བདག་མེད་ཕྲ་མོ་དང་། སྟོང་པ་ཉིད་ཀྱི་བརྗོད་བྱའི་དོན་གཙོ་བོར་བསྟན་པ་ཤེས་རབ་རྗེས་དྲངས་ཞེས་དགོངས་པ་ནི་དེ་ལ་དོན་དམ་པའི་ཆོས་མངོན་དང་། བཟླས་བཏགས་པའི་ཆོས་མངོན་གཉིས་སུ་འདོད་པས་དང་པོ་ནི། བདག་མེད་རྟོགས་པའི་ཤེས་རབ་ཀྱི་རྗེས་དྲངས་བཅས་པ་དང་། གཉིས་པ་ནི་ཆོས་རྣམ་འབྱེད་ཀྱི་ཤེས་རབ་གྱི་རྗེས་དྲངས་ཆོས་མངོན་ཡིན་པས། སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་གི་བསྟན་བཅོས་དེ་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་གནས་ལུགས་ཀྱི་དོན་ལ་ཞུགས་པའི་རིག་ཤེས་ཁྱད་པར་ཅན་གཙོ་བོ་སྟོན་པའི་གཞུང་ལུགས་རྣམ་དག་ཡིན་གཤིས། དེ་ལ་ཐོས་བསམ་བྱས་ན་ཆོས་རྣམ་འབྱེད་ཀྱི་ཤེས་རབ་སྐྱེད་ནུས་ཡིན། བཞི་བརྒྱ་པ་ལས། ཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་དེ་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་ལྟར། ཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་ཚང་བ་ནང་པ་སངས་རྒྱས་པའི་བསྟན་བཅོས་ལ། གཞན་སྡེ་ཕྱི་རོལ་པའི་བསྟན་བཅོས་ལ་ཡོན་ཏན་གཉིས་པོ་དེ་དག་མེད་པས་རྒྱུ་མཚན་དེ་དག་གི་ཕྱིར། སྙན་གཞུང་དེ་མངོན་སྡེར་གཏོགས། བསླབ་པ་གསུམ་ལས་ཤེས་རབ་ཀྱི་བསླབ་པར་འདུ་བའི་འབྲས་རྟགས་ལ་བརྟེན་ནས་བསྟན་བཅོས་རྩོམ་པ་པོ་དེ་ཉིད་ཕྱི་ནང་གཉིས་ཀའི་གྲུབ་མཐའ་ལ་མཁས་པའི་ནང་པའི་པཎྜི་ཏ་ཡིན་པས་ཚད་མས་གྲུབ། སློབ་དཔོན་དེ་ཉིད་ཀྱིས“ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ”ཞེས་གསུངས་པ་ནི་བསྟན་བཅོས་ལ་སྒོ་ལྟ་བུ་ཤིས་བརྗོད་དང་། ཕྱག་བྱ་དངོས་པོ་ངེས་བསྟན་གསུམ་གང་རུང་བྱས་ནས་བཤད་པ་ལས། འདིར་ཕྱག་འཚལ་བ་གཙོ་བོར་མཛད། བསྟན་བཅོས་ཀྱི་ལུས་དང་མཐུན་པར་རང་གི་སྟོན་པའི་ཁྱད་པར་དང་། བསྟན་པ་དང་གཞི་ལམ་འབྲས་གསུམ་ཀུན་ཚང་བར་བསྟན་པའི་སྒོ་ནས་བསྟོད་ཅིང་། ཤུགས་ལ་འགྲོ་བ་ཀུན་ལའང་ཁྱོད་ལྟ་བུའི་དངོས་པོ་དེ་སྩོལ་ཅིག་ཅེས་འདོད་འདུན་ཞུ་ཞིང་དེ་ཤིས་བརྗོད་དུ་སོང་བས་སོ། ལྷ་ལས་ཕུལ་བྱུང་གི་བསྟོད་པར། སྙིང་ནས་དད་དམ་ཇི་ལྟར་དགའ་བ་དང་། །ཐེ་ཚོམ་གྱིས་སམ་གཞན་གྱི་ངོར་ཡང་རུང་། །གང་ཞིག་ཐུབ་པ་ལ་ནི་ཕྱག་བྱེད་པ། །དེས་ནི་ལྷ་ཡི་བདེ་སོགས་ཕུལ་བྱུང་ཐོབ། ། ཅེས་གསུངས་པ་ལྟར། སློབ་དཔོན་གྱིས་ཕྱག་འཚལ་བ་གཙོ་བོར་མཛད་པ་ལ་རྒྱུ་མཚན་ཡོད་དེ། མདོ་ལས“སྐྱབས་གསུམ་བསོད་ནམས་གཟུགས་ཡོད་ན། །སྟོང་གསུམ་རི་ཡང་སྣོད་དུ་ཆུང་། །”ཞེས་གསུངས་པ་ལྟར། བསོད་ནམས་རྒྱ་ཆེ་བསག་པའི་ཆེད་དུ་ཡིན། རྒྱ་ཆེ་རོལ་པ་ལས་བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། ཅེས་གསུངས་པ་ལྟར། བསྟན་བཅོས་གང་བརྩམ་པ་མཐར་ཕྱིན་ཡོང་བར་བསོད་ནམས་བསག་དགོས་པ་ཡིན་པར་དགོངས། གོང་གསལ་རྒྱུ་མཚན་རྣམས་ཀྱིས་སློབ་དཔོན་དེ་ཉིད་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་ཞིང་། འཇིག་རྟེན་པའི་ལྷ་ལ་སྐྱབས་གནས་ཡང་དག་ཁས་མི་ལེན་པའི་གང་ཟག་ཡིན་པ་མངོན་གསལ་རེད། མཉམ་མེད་ཇོ་བོ་རྗེ་དང་ཀུན་མཁྱེན་ཤིནྟ་པས་ཀྱང་། ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་འབྱེད་ཅེས་གསུངས་པ་ལྟར་སློབ་དཔོན་དེ་ཉིད་གྲུབ་མཐའ་ཡིན་པ་མངོན་གསལ་རེད། དཔལ་ཆོས་ཀྱི་གྲགས་པས། མ་བརྗོད་ན་ཡང་འདོད་པས་ཁྱབ། །ཅེས་གསུངས། སློབ་དཔོན་དེ་ཉིད་ཀྱིས་རྒྱབ་བསྟེན་ལུང་དང་། གཏན་ཚིགས་ཀྱི་མཚོན་ཆར་བརྟེན་ནས་སྐྱབས་ཡུལ་མཆོག་གསུམ་ཡིན་པ་དཔྱད་ཅིང་གྲུབ་པ་དམ་བཅའ་བའི་དོན་དེ་ཉིད་རང་གི་བློར་ཆུད་པ་དེ་འདོར་དུ་མེད་པ་ཞིག་ཏུ་འཛིན་པ་ཡིན།
རང་གཞན་ནམ་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་འབྱེད་ཆོས་ལ་མཁས་པའི་དགོངས་པ་ཐ་དད་པ་མང་དུ་སྣང་ཡང་། ལྟ་སྒོམ་སྤྱོད་འབྲས་བཞི་ལས་ལྟ་བ་བཀར་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་གང་ཟག་ཡིན་པ་དང་། སྒོམ་པ་སྲིད་རྩེའི་གཉེན་པོར་འགྲོ་བ་ཁས་ལེན་པ། དེ་བཞིན་སྤྱོད་པ་མཐའ་དང་འདོད་པ་བསོད་སྙོམས་ཀྱི་མཐའ་སྤོང་བ། འབྲས་བུ་ཐར་པ་སྤང་བ་དང་བྲལ་བ་དང་། འགོག་བདེན་འདོད་པ་བཅས་ཀྱི་སྒོ་ནས་ཁྱད་པར་ཕྱེ་སྟེ་བརྗོད་ན་དང་པོ། ལྟ་བ་བཀར་བཏགས་ཀྱི་ཕྱག་བརྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པའོ། ཟག་པ་དང་བཅས་པ་ནི་སྡུག་བསྔལ་བའོ། ཆོས་ཐམས་ཅད་བདག་མེད་པའོ། མྱ་ངན་ལས་འདས་པ་ནི་ཞིའོ། ཞེས་གསུངས་པས། སློབ་དཔོན་དེ་ཉིད་ཀྱིས་གཞུང་དུ“བདེ་གཤེགས་འདུས་བྱས་མི་རྟག་པ། གསུངས་པ་བདེན”ཞེས་ལྟ་བ་སྐྱོན་མེད་ཡིན་ཏེ་འདུས་བྱས་ཐམས་ཅད་མི་རྟག་པ་བཞེད་པས་མུ་སྟེགས་བྱེད་དང་ཁྱད་པར་ཆེ་བས་སོ།
སྒོམ་པ་སྲིད་རྩེའི་གཉེན་པོར་འགྲོ་བ་བདག་མེད་བདེན་པའི་རྣམ་པ་ཅན་ལས་རྒྱབ་ཀྱི་མི་ཕྱོགས་པ་ཡིན་ཏེ། སྟོན་པ་སངས་རྒྱས་ཚད་མར་འཛིན་པ་དང་། དེའི་གསུང་ཚད་མར་འཛིན་ཏེ་གུས་པ་དང་དད་པ་མི་འགལ་བ་བྱེད་པ་ལས་མི་གུས་དང་མི་དད་པ་གསུང་དང་འགལ་བ་མི་བྱེད་པ་ཞེས་ངག་དབང་གྲགས་པའི་རྒྱ་གཞུང་དུ་གསུངས་པ་བཞིན་མུ་སྟེགས་རྗེ་དང་ཁྱད་པར་ཆེ་བས་སོ།
སྤྱོད་པ་དག་པ་ཡིན་ཏེ་གཞུང་ལས་ཇི་ལྟར་ནུས་བཞིན་བདག་གིས་ནི། །ཞེས་སོགས་ཀྱིས་གང་ནུས་བཞིན་བདག་གིས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བསྟན་བཅོས་བརྩམ་པར་བྱ་ཞེས་པ་དང་། འདི་སྣང་གི་རྙེད་བཀུར་དང་། མཁས་པ་རྒྱལ་ཐབས། གཏམ་གྲགས་ཁེངས་དྲེགས་སོགས་གང་ལ་ཡང་མི་ལྟོས་པར་ཁྲིམས་གཙང་བ་བཅས་སྤྱོད་པ་རྣམ་དག་ཡིན་པས་མུ་སྟེགས་བྱེད་དང་ཁྱད་པར་ཆེ་བས་སོ།
སྒོམ་པ་ནི། སྒོམ་པ་སྲིད་རྩེའི་གཉེན་པོ་འགྲོ་བ་བདག་མེད་བདེན་པའི་རྣམ་པ་ཅན་ལས་རྒྱབ་ཀྱིས་ཕྱོགས་པ་ཡིན་ཏེ། སློབ་དཔོན་ངག་དབང་གྲགས་པས་མེད་པ་སྟེ་ཆད་པར་ལྟ་བས་སྟོན་པ་སངས་རྒྱས་ལ་མི་གུས་པ་དང་། མི་དད་པ། མི་འགལ་བ་ཡིན་ནོ་ཞེས་ཆད་པར་ལྟ་བ་མ་ཡིན་པར་སྟོན་པ་བཙོམ་ལྡན་ལ་ཡིད་ཆེས་དད་པས་དེའི་གསུང་ཚད་མར་འཛིན་པ་སྟེ་གང་ཟག་གི་བདག་དང་ཆོས་བདག་གཉིས་ཀ་བདེན་པར་མ་སྒྲུབ་པ། ཐར་པ་དང་ཐམས་ཅད་མཁྱེན་པ་ལམ་ཡང་དག་པ་བསྟན་པ་ལ་དགའ་བས་འཇུག་པ་སོགས་མཛད་པ་གཞན་གྱི་དེ་ལྟར་མི་ནུས་པ་མུ་སྟེགས་བྱེད་ཁྱད་པར་ཆེ་བའོ།
འབྲས་བུའི་ཐར་པ་སྤང་བྱ་ཟད་པའམ་བྲལ་བའི་ཁྱད་པར་ཅན་འགོག་བདེན་དུ་འདོད་པ་ཡིན་ཏེ། གཞུང་དུ“གལ་ཏེ་སྒྲས་བརྗོད་སྣང་བ་ཡིས། །འཁོར་བ་གསལ་བ་མ་བྱས་ན། །འཇིག་རྟེན་གསུམ་པོ་མཐའ་དག་འདི། །སྨག་རུམ་མུན་པ་ཉིད་དུ་གྱུར། །”གལ་ཏེ་ཞེས་པ་བརྟག་པ་མཐའ་བཟུང་སྟེ་ཆོས་ནོར་ཐར་འདོད་སྡེ་བཞིའི་བླང་འདོར་གྱི་བརྗོད་བྱའི་སྣང་བས་འཁོར་བ་སེམས་ཅན་གྱི་འཇིག་རྟེན་འདི་གསལ་བར་མ་བྱས་ན། ལྷ་དང་མི་ལྷ་མིན་གསུམ་པོ་སྡེ་བཞིའི་བླང་དོར་ལ་རྨོངས་པས་སྨག་རུམ་མུན་པ་བར་མེད་དུ་ཁེབས་པ་དེ་བསེལ་བའི་ཕྱིར་ཞེས་པས་བསྟན་བཅོས་ཀྱི་དགོས་པ་བསྟན་པ་ཡིན་ཏེ་མདོ་སྡེ་རྒྱན་ལས། “དེ་ནི་བག་ཆགས་རྟོགས་དང་ཞི་བ་དང་། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །ཅེས་གསུངས་པ་ལྟར་དང་པོ་གང་ལའང་ཐོས་པའི་སྒོ་ནས་མཐར་པའི་བག་ཆགས་འཇོག་པ། བར་དུ་བསམ་པའི་དོན་རྟོགས་ནས་ཉོན་མོངས་ཕལ་ཆེར་གཞིལ་བར་བྱེད་པ། མཐར་བསྒོམ་པས་ཉོན་མོངས་སོགས་ལས་རིམ་གྱིས་གྲོལ་བར་བྱེད་པ་བཅས་བདག་མེད་གྲོལ་ལམ་དུ་འདོད་པའི་སྒོ་ནས་ཕྱི་ནང་གི་ཁྱད་པར་འབྱེད་པ་ཡིན་ཏེ་སློབ་དཔོན་དཔའ་བོས། ལུང་གི་དོན་ནི་བསམ་པ་དང་། །སྒོམ་དང་གུས་པར་མཉན་པ་ཡིས། །དུས་གསུམ་ཆ་དབྱེ་ཉིད་ཀྱི་ནི། །བསྟན་ལས་གཞན་མ་མཆིས་པ་ལགས། །”ཞེས་གསུངས་པ་བཞིན་གཞན་སྡེ་ཕྱི་རོལ་པ་རྣམས་ཀྱིས་དེ་ལྟར་མི་འདོད། ཕྱི་རོལ་པ་རྣམས་ཐར་པ་ལ་རྨོངས་པ་ཡིན་པས་དེ་འཐོབ་བྱེད་ཀྱི་ལམ་ལའང་རྨོངས་པ་ཡིན་ཏེ《བཤེས་སྤྲིངས》ལས“ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛད”ཅེས་གསུངས་པ་ལྟར་རྒྱང་འཕེན་པ་སོགས་ཀྱིས་ཐར་པ་དང་འབྱུང་བཞི་གཉིས་ཀྱི་གཞི་མཐུན་དུ་འདོད་པ་ཡིན་ཏེ། འཕགས་བསྟོད་ལས། “ནེ་ཙོས་ཉི་མ་བརྟོལ་ནས་ནི། །ཐར་པ་མཆིས་པ་བཤད་ཅེས་གྲགས། །”ཞེས་སོགས་ཉི་ཟླ་ཐར་པར་འདོད་པ་ཡིན། གཅེར་བུ་བས་ནམ་མཁའི་དབྱིངས་ན་གདུགས་བཀན་པ་ལྟར་གྱི་ཐོབ་བའི་ཐར་པ་ཞིག་ཡོད་པར་འདོད་པ་ཡིན། དེ་ལ་སློབ་དཔོན་དཔའ་བོས“ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་གཏི་མུག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །སྡུག་བསྔལ་ཡང་བྱུང་སྲིད་པ་བསྒྲུབ། །ཁྱོད་ཀྱི་བསྟན་པའི་རྗེས་འགྲོ་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིས་རས་བཅའ་བཞིན་དུ། །སྲེད་པ་དག་ནི་ལྡོག་པར་བྱེད”ཅེས་གསུངས་པས་སློབ་དཔོན་དང་མུ་སྟེགས་བྱེད་ཀྱི་ཁྱད་པར་འབྱེད་པས་སོ།
དཔོན་དེ་ཉིད་ཀྱིས་མཛད་པའི《མེ་ལོང་མའི》མཆོད་བརྗོད་དུ“གདོང་བཞི་གདོང་གི་པད་ཚལ་གྱི། །ངང་པའི་བུ་མོ་ཐམས་ཅད་དཀར། །དབྱངས་ཅན་མ་ཁྱོད་ཁོ་བོ་ཡི། །ཡིད་ལ་རིང་དུ་གནས་པར་མཛོད། །”ཅེས་གསུངས་པའི་གདོང་བཞི་ནི་ཚངས་པའི་གདོང་པད་མའི་གཟུགས་སུ་བཀོད། དེ་ལས་བྱུང་བའི་དབྱངས་ཅན་མ་ཞེས་ལྷག་པའི་ལྷ་དེ་ཉིད་རིག་བྱེད་ཀྱི་གཏམ་ལས་གྲགས་པ་བཞིན། ངང་པའི་བུ་མོ་ཞེས་པའི་སྐད་དོད་དུ་ཚངས་པའི་བུ་མོའམ་ཡང་ན། མཚོ་བྱུང་མ་ཞེས་པ་རྒྱ་དཔེར་ཧཾསཨཾགན་ཞེས་པ་ཚངས་པའམ། ངང་པའི་བུ་མོ་ཞེས་སྒྲ་སྦྱར་བ་ཡིན་པ་དང་དཔེ་ངང་པའི་བུ་མོ་དང་དཔེ་ཅན་ཚངས་པའི་བུ་མོ་དབྱངས་ཅན་མ་གཉིས་ཀྱང་སྒྲ་སྦྱར་བ་དང་། ཐམས་ཅད་དཀར་ཞེས་པ། ངང་པ་ལ་འཇུག་པའི་སྐབས་ལུས་མདོག་དཀར་བ་དང་། དབྱངས་ཅན་མ་ལ་འཇུག་པའི་སྐབས་ལྷ་མོའི་སྐུ་མདོག་ཤིན་ཏུ་དཀར་བ་ཡིན་པ་ཐམས་ཅད་དཀར་ཞེས་པ་དང་། གཞན་ཡང་། འཛམ་གླིང་ལྷོ་ཕྱོགས་ཀྱི་མཚོའམ། ཡིད་ཀྱི་མཚོ་ཞེས་ཡིད་མཚོའི་གཟུགས་སུ་བཀོད་པའི་མཚོ་ལ་དབྱངས་ཅན་མ་གནས་པར་གྲགས་པས། ཡིད་དང་། ལྷོ་ཕྱོགས་ཀྱི་མཚོ་གཉིས་ཀར་འཇུག་པས་སྒྲ་སྦྱར་བ། དེ་ཡང་ཁོ་བོ་དབྱུག་པ་ཅན་གྱི་ཡིད་ལ་དུས་ཐུང་མ་ཡིན་པར་ད་ནས་བཟུང་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གནས་པར་མཛོད་ཅིག་ཅེས་ལྷག་པའི་ལྷ་དབྱངས་ཅན་མ་ལ་ཕྱག་འཚལ་བ་ནི་གནས་སྐབས་ངག་གི་དངོས་གྲུབ་བསྟེར་བ་དང་། ཐར་བྱང་ཆུབ་འཐོབ་པའི་ཆེད་དུ་བརྗོད་པ་ཡིན། ཡང་རྒྱ་གར་གྱི་སློབ་དཔོན་ངག་དབང་དཔལ་གྱི་གྲགས་པས“གདོང་བཞི་གདོང་གི་པད་ཚལ་ནི”ཞེས་སོགས་ཀྱི་འགྲེལ་ཚུལ་གཞན་ཞིག་ཡོད་པ་ནི། འདིར་མཆོད་པ་བརྗོད་ཡུལ་སྟོན་པ་བཅོམ་ལྡན་འདས་ལ་སྦྱར་ནས་འགྲེལ་དགོས་པ་ཡིན་ཏེ“གདོང་བཞི་ཞེས་པ་བྱམས་པ་དང་། སྙིང་རྗེ། དགའ་བ། བཏང་སྙོམ་བཞི་ལ་སྦྱར་དགོས་པ་ཡིན་ཏེ། འཁོར་ལོ་དང་པོ། འཁོར་ལོ་བར་བ། འཁོར་ལོ་མཐའ་མ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བས་བདག་རྐྱེན་སྒོ་བཞི་ཐུན་མོང་བའི་ཐབས་བརྟེན་ནས་བྱུང་ཞིང་། སྒོ་བཞི་ཅན་ཞེས་པས་བཅོམ་ལྡན་འདས་སོ་བཞེད་པའི་རྒྱུ་མཚན་གྱིས་བཞེད། དེའི་ཞལ་པདྨའི་ཚལ་གྱི་གཟུགས་སུ་བཀོད། དཔེ་ངང་པའི་བུ་མོའི་ངོ་བོར་བཀོད་ནས་ཐམས་ཅད་དཀར་བ། སངས་རྒྱས་ཀྱི་ཐུགས་ནི་དོན་དང་དཔེ་དོན་མཚུངས་ཚུལ་ཇི་ལྟར་ཡིན་ནམ་སྙམ་ན། ཐུགས་རྗེ་ཆེན་པོའམ་སྙིང་རྗེ་ཆེན་པོ་ལས་བྱུང་བའི་ཐོག་མར་དགེ་ཞིང་རྣམ་པ་ཐམས་ཅད་དང་། སྒོ་ཀུན་ནས་དྲི་མས་སྦགས་པ་མ་ཡིན་པའི་རྒྱུ་མཚན་གྱིས་དཀེར་བའོ།”ཞེས་པ་ལ་སོགས་དང་། ཡང་འཕགས་པ་སྤྱན་རས་གཟིགས་ལ་འགྲེལ་ཚུལ་ཡང་ཡོད། དེ་ཡང་གྲུབ་མཐའ་ཐུན་མོང་བའི་སྐབས་འདིར་བརྗོད་པ་ཕུན་ཚོགས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་པས་ཡང་དག་པའི་གསུང་ཚིགས་སུ་བཅད་པ་དང་གཅིག ཆེད་དུ་བརྗོད་དང་གཉིས། གླེང་གཞི་དང་གསུམ་སོགས་གསུང་རབ་ཡན་ལག་དགུའི་བདག་ཉིད་ཅན་དེ་རྣམས་དབྱུག་པ་ཅན་ཁོ་བོའི་ཡིད་ལ་རིང་དུ་གནས་པར་མཛོད་ཅིག་ཅེས་པ་སོགས་འགྲེལ་ཚུལ་གསུམ་དུ་ཡོད་ཀྱང་། སྐབས་འདིར་སྦྱར་གཞི་དབྱངས་ཅན་མ་དང་། སྟོན་པ་བཅོམ་ལྡན་འདས། འཕགས་པ་སྤྱན་རས་གཟིགས་གང་ལ་སྦྱར་ནའང་། སྦྱོར་བའི་ཚུལ་མི་འདྲ་བ་ཙམ་ལས་སྦྱར་གཞི་སངས་རྒྱས་ཁོ་ན་ལས་མ་འདས་ཤིང་། དེ་ནི་ཆོས་མཐུན་གྱི་གནས་སྐབས་དང་མཐར་ཐུག་གི་བསམ་པ་གྲུབ་ཅིང་བར་ཆད་མི་འབྱུང་བའི་དགོས་པ་མང་ཞིང་ལྷག་སོར་ལྡན་པ་ཡིན་ཏེ། སངས་རྒྱས་ལ་མཆོད་པ་བརྗོད་ནས་ཤེས་བྱའི་གནས་ཀུན་མ་རྟོགས་པ་རྟོགས་པ་དང་། རྨོངས་མུན་རབ་རིབ་ཀྱི་བློ་ངན་ཞི་ནས་བློ་རིག་གསལ་ཞིང་དྭངས་བ། ཁྱད་པར་སྒྲ་དོན་གྱི་བསྟན་བཅོས་འདི་ལྟ་བུ་བརྩམས་པ་ལ་ལྷག་པའི་ལྷ་མཆོག་དང་སྟོན་པ་ཐུགས་རྗེ་ཅན། སྙིང་རྗེའི་རང་གཟུགས་སུ་གྲུབ་པ་རྣམས་ཀྱི་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་གནང་སྐབས་དང་། མཐར་ཐུག་གི་གོ་དོན་མ་ལུས་སྩོལ་ཅིག་ཅེས་རྒྱུ་ལ་སྨོས་ནས་འབྲས་བུ་རང་གཞན་ཀུན་ལ་ཡུན་དུ་ཕན་བདེ་ཐོབ་ཆེད་དུ་མཆོད་པར་བརྗོད་པ་ཡིན་ཞིང་། སློབ་དཔོན་དེས་ཞིང་མཆོག་དམ་པར་མཆོད་པ་བརྗོད་པ་ལ་ཞིང་མཆོག་དེ་ལ་ཡིད་ཆེས་ཀྱི་དད་པ་བཅོས་མ་མ་ཡིན་པ་ཞིག་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། ཁྱོད་རྒྱུ་ཡིན་པའི་ཕྱིར་རོ། “དད་པ་སྔོན་འགྲོ་མ་ལྟར་སྐྱེས་པ་དང”ཞེས་གསུངས། དཔེར་ན་མེས་འབུད་ཤིང་བསྲེག་ཅེས་པའི་ཚིག་དེ་བདེན་པར་ངེས་པ་ལ་མེས་འབུད་ཤིང་སྲེག་པའི་ནུས་པ་སྔོན་དུ་འགྲོ་དགོས་པ་བཞིན་ནོ། དེ་ཡང་བཻཌཱུརྱ་སྔོན་པོ་ལས་“ཆོས་ཀུན་རྩ་བ་དད་པ་ཡིན། དེ་ཡང་སངས་རྒྱས་དྲན་པ་ལ་རག་ལུས།”ཞེས་གསུངས། སློབ་དཔོན་དེ་ཉིད་ཀྱིས་སྟོན་པ་སངས་རྒྱས་ལ་མཆོད་ཅིང་བཀུར་བ་མཛད་པ་དེས་སྐྱབས་ཡུལ་ཁས་ལེན་པ་དང་དེའི་ཡོན་ཏན་དྲན་པར་བྱེད་པ་ཞིག་ཡིན་པས་དེའི་ཐུགས་བརྒྱུད་ལ་སྐྱབས་འགྲོ་ལྡན་པ་ཡིན་ཏེ། བསྟོད་པ་ལྔ་བཅུ་པ་ལས“སྐྱབས་འགྲོ་ཞེས་བྱ་བ་ནི་སྐྱབས་ཡུལ་ཁས་ལེན་པའི་ཕྱིར”ཞེས་གསུངས་པ་དང་། སློབ་དཔོན་ངག་དབང་གྲགས་པས་ཀྱང་། “སངས་རྒྱས་བཅོམ་ལྡན་འདས་ནི་ལྷ་དང་མིའི་བླ་མར་གྲགས་པའི་ཕྱིར་དང་། གཞུང་མཛད་པ་པོ་སློབ་དཔོན་དཎྜི་འདི་ཡང་མེད་པ་སྟེ་ཆད་པར་ལྟ་བས་སངས་རྒྱས་ལ་མི་གུས་པ་དང་། མི་དད་པ་མ་ཡིན་པའི་ཕྱིར། ...དེ་ནི་གདུལ་བ་རྣམས་ཀྱི་སྟོན་པ་ཡིན་པས་དེ་དྲན་པའི་སྒོ་ནས་འགྲོ་བའི་བླ་མར་ཕྱག་བྱས་རྗེས་སུ་དྲན་པ་མཛད་པས་དེའི་ཕྱིར”ཞེས་གསུངས། དེའི་ཕྱིར་ཞེས་པ་རྒྱུ་མཚན་ཡང་དག་གི་རྟགས་ལས་ཕྱི་རོལ་པ་མ་ཡིན་པར་ནང་པའི་སློབ་དཔོན་ཡིན་པར་བཞེད། སློབ་དཔོན་དེས་སྐྱབས་ཡུལ་གྱི་ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། གཞན་དུ་མི་སྨྲ་བ་བཅས་སྐྱབས་འགྲོའི་ཁྱད་པར་བཞི་པོ་ཁས་བླངས་པ་དང་། སྐྱབས་ཡུལ་དམ་པར་སྐྱབས་སུ་སོང་བ་ཡིན་པ་ལས། ཕྱི་རོལ་པའི་ལྷ་དབང་ཕྱུག་ཚངས་པ་སོགས་ལ་མི་དད་པའི་རྒྱུ་མཚན་གྱིས་སློབ་དཔོན་གྱི་གྲུབ་མཐའ་ནང་པར་ཡིན་པར་འདོད་པ་ཡིན། 《གསེར་འོད་དམ་པ》ལས་“བཅོམ་ལྡན་འདས་ལྷ་མོ་དབྱངས་ཅན་མ་ཆེན་མོ་བདག་གིས་ཀྱང་དགེ་སློང་ཆོས་སྨྲ་བ་དེའི་ཚིག་བརྒྱན་པའི་སླད་དུ་སྤོབས་པ་ཉེ་བར་བསྒྲུབ་པར་བགྱིས། གཟུགས་ཀྱང་བསྩལ་བར་བགྱི”ཞེས་པ་ནི་སྟོན་པ་སངས་རྒྱས་ཀྱིས་མ་འོངས་པ་ན་དགེ་སློང་ཆོས་སྨྲ་བ་དེ་འདྲ་ཞིག་འབྱུང་སྲིད་པ་དེས་ཚིག་རྒྱན་བསྟན་བཅོས《མེ་ལོང་མ》བརྩམས། དེ་ནི་འགྲོ་ལ་ཕན་ཆེ་བས་ལྷ་མོ་དབྱངས་ཅན་ཁྱེད་ཀྱིས་དེའི་དུས་ན་དེ་ལ་གཟུངས་སྤོབས་བསྩལ་བར་བགྱིས། ཞེས་མདོ་ཡི་ལུང་ལ་བརྟེན་ནས་ཕྱི་ནང་གང་གི་གྲུབ་མཐའ་གང་ཡིན་པའི་ཆ་ལ་གསལ་པོར་མཁྱེན་ངེས། ཅི་སྟེ་ཕྱི་རོལ་པ་ཡིན་ན་དགེ་སློང་ཞེས་གསུངས་པའི་སྐབས་མེད་ཅིང་། འཇུག་པའང་མི་སྲིད་པས་ཕྱི་ནང་གཉིས་ལས་ཁོ་བོས་ནང་པ་ཡིན་པར་འདོད། གཉིས་པ་གཞུང་གི་དམ་བཅའ་བ་ནི། བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང་། །སྦྱོང་བ་རྣམས་ཀྱང་ཉེ་བར་མཚོན། །ཇི་ལྟར་ནུས་བཞིན་བདག་གིས། །སྙན་ངག་དག་གི་མཚན་ཉིད་བྱ། །ཞེས་བསྟན་བཅོས་སྔ་མ་རཱམ་ཤརྨ་ལ་སོགས་སྔོན་བྱུང་བ་གཞུང་དོན་རྒྱ་ཆེ་དེ་ལས་ཚིག་ཉུང་དོན་གསལ་གོ་བདེ་ལེགས་ཚོགས་བསྡུས་པ་དང་། རབ་དྭངས་སོགས་ཡོན་ཏན་བཅུའི་སྦྱོར་བ་རྣམས་ཀྱང་མཚོན་པར་བྱས་ཏེ་ཇི་ལྟར་ནུས་པ་བཞིན་བདག་གིས་སྙན་ངག་གི་བསྟན་བཅོས་ཆེན་པོའི་རྒྱན་ཆ་ཚང་བའི་མཚན་ཉིད་ཀྱི་མེ་ལོང་ལ་སྙན་ངག་གི་གཟུགས་བཪྙན་ཇི་བཞིན་གསལ་བར་བྱེད་པའི་རྒྱན་གྱི་བསྟན་བཅོས་འདི་ལྟ་བུ་བརྩམས་པའི་བྱ་བར་ཞུགས་པས་ན། གདུལ་བྱ་ལ་ཕན་པའི་དོན་བཟང་དང་དོན་ཆེན་བསྒྲུབ་ཏུ་གཟིགས་ཏེ་བརྩམ་པར་ཕལ་ཆེ་བ་ཡིན་པ་དང“གཞུང་དུ་སེམས་ཅན་ཚེ་ཐུང་བརྩོན་འགྲུས་དང་ཤེས་རབ་ཞན་པས། བྷ་ར་ཏ་ལ་སོགས་པའི་སྔོན་གྱི་གཞུང་ཉན་མི་ནུས་པས་དེའི་ཕྱིར”ཞེས་སོགས་ཀྱིས་བསྟན་པ་བཞིན། ཕྱི་ནང་གི་གྲུབ་མཐའ་དང་། འཆད་རྩོད་རྩོམ་ལ་མི་མཁས་པ། ལྷག་པར་སེམས་པ་ཆེན་པོ་དེ་འདྲ་ཞིག་མེད་ན་མཁས་པ་ཚོགས་པའི་དབུས་སུ་དམ་བཅའ་བ་མི་ནུས། ཤེས་རབ་སྡོང་པོ་ལས། དམ་པས་མང་པོ་ཁས་འཆེ་མི་བྱེད་ཅིང་། །གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བཀོད་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་གསུངས་པ་བཞིན། ཀླུ་སྒྲུབ་རྗེས“ཡ་རབས་དམ་པ་རྣམས་ཀྱིས་སྲོག་ནི་གཏོང་གི་དམ་བཅའ་མིན”ཞེས་སོགས་གསུངས། སྙན་གཞུང་དུ“ནུས་པ་མེད་ཀྱང་འབད་བཞིན་དུ། །བསྟན་བཅོས་ལ་ཡང་འཇུག་པའི་ཚིག །བསྟན་བཅོས་དང་ནི་སྟོན་བྱེད་པ། །གཉིས་ཀ་དམ་པ་བསྟན་པའི་ཕྱིར། །འདིས་བསྟན་བཅོས་དམ་པ་ཡིན་པ་སྟོན་པ་དང་། ནུས་པ་མེད་ཀྱང་འབད་བཞིན་དུ་ཞེས་སོགས་ཀྱིས་སློབ་དཔོན་རང་ཉིད་ཁེངས་པ་བྲལ་བ། དེ་བརྩམ་པ་ལ་འབད་ན་རང་གཞན་དོན་གཉིས་འགྲུབ་ལ་ཕན་པའི་དོན་ཆེན་ཞིག་ཡིན་པ་གོ་བར་བྱེད་པ་དང་ལྡན་པ་བཅས་ཀྱི་རྟགས་ལས། རྩོམ་པ་པོ་སློབ་དཔོན་དབྱུག་པ་ཅན་དེ་ཉིད་གང་ཟག་དམ་པ་ཡིན་པ་རྟོགས་ནུས་པ་ཡིན་ཏེ། དཔེར་ན། དུ་བ་མེ་ཤེས་ཀྱི་རྟགས་སམ་མཚན་མ་ཡིན་པ་བཞིན། བློ་དང་ལྡན་པ་ནི་རིགས་སམ་རྟགས་མཚན་མ་དེ་ལས་ངེས་ཐུབ་པ་ཡིན་ཏེ། སློབ་དཔོན་དེས་བརྩམས་པའི་བསྟན་བཅོས་སྙན་ངག་གི་མེ་ལོང་འདིས་འཇིག་རྟེན་གསལ་བར་བྱེད་པའི་རྒྱུ་མཚན་གྱིས་བོད་མཁས་པས་གྲུབ་མཐའ་གང་ཡིན་གསལ་པོར་མ་གསུངས་ཀྱང་ནང་པའི་པཎ་ཆེན་ཡིན་པར་བཞེད་པ་ཡིན་ཏེ་དཎྜིའི་དགོངས་རྒྱན་དུ“སློབ་དཔོན་དབྱུག་པ་ཅན་ལ་ན་མོ”ཞེས་བཀོད་གནང་མཛད་འདུག་པ་དང་། མེ་ལོང་མའི་དབུ་ལྷར་དཎྜིའི་སྐུ་རབ་བྱུང་གི་ཆ་ལུགས་ཡོངས་སུ་གསལ་བ་དང་། འོག་ཏུ་སློབ་དཔོན“དབྱུག་པ་ཅན་ལ་ན་མོ”ཞེས་བཀོད་པ་མ་དག་གསུངས་པ་ནི་ལྟར་སྣང་ཙམ་དུ་ཟད་དོ།
གཞུང་དུ་སློབ་དཔོན་ཉིད་ཀྱིས། བདེ་གཤེགས་ལུས་བྱས་འཇིག་པ་ནི། གསུངས་པ་བདེན་ཞེས་དང་། ཡང“མ་བརྟག་སྤྱོད་པ་འཕགས་པ་ལ། །རྣམ་པ་ཀུན་ཏུ་ཡོད་མ་ཡིན”ཞེས་སོགས་གསུངས་པ་བདེ་གཤེགས་སངས་རྒྱས་བཅོམ་ལྡན་འདས་ཀྱི་འདུས་བྱས་ཆོས་རྣམས་མི་རྟག་གོ་ཞེས་འཇིག་པའི་ཆོས་ཅན་དུ་གསུངས་པ་བདེན་མེད་ཅེས་པ་སྟོན་པའི་གསུངས་ཚད་མར་འཛིན་པ་དང་། འཕགས་པ་ཞེས་པ་ཉན་རང་ཐེག་ཆེན་གྱིའཕགས་པ་རྣམས་ཀྱིས་མ་བརྟག་པར་བྱ་བ་སྤེལ་བ་མེད་པ། བརྟག་ནས་བསྒྲུབ། བསྒྲུབ་པ་མཐར་ཕྱིན་པ་ནི་སྐྱེས་བུ་དམ་པའི་ཆོས་ཉིད་ཡིན་ཞིང་ཞེས་པས་འཕགས་པའི་གང་ཟག་གི་ཡོན་ཏན་ཤེས་ནས་མི་བསླུ་བ་ཡིན་པ་རོགས་པ་ཡིན།
ཕྱི་རོལ་པའི་གྲུབ་མཐའ་གསུངས་པ་ཡང་མང་དུ་བྱུང་བ་ཞིག་སྟེ་གཞུང་དུ། “དཀའ་ཐུབ་ཕུང་པོ་ཁྱོད་འདྲ་ཡི། །ཞབས་ཀྱི་ཁུལ་ནི་གཙང་མ་རྣམས། །ཡང་དག་བཏབ་པ་གང་ཡིན་པ། །དེ་དག་ཁོ་ན་ངེས་པར་ཁྱིམ”ཞེས་དཀའ་ཐུབ་ལ་གནས་པའི་དྲང་སྲོང་ལ་ཁྱིམ་བདག་ཤིན་ཏུ་དད་ནས་དེའི་ཞབས་རྡུལ་གཙང་མ་དེ་རང་ཅག་གི་ཁྱིམ་དུ་རེག་པས་ཁྱིམ་བཀྲ་ཤིས་དང་ལྡན་ཞིང་བྱིན་རླབས་ཆེ་བར་གྱུར་ཅེས་དྲང་སྲོང་ལ་བསྟོད་པའི་ཚིག་བརྗོད་པ་དང་། གཞན་ཡང་གཞལ་བ་ཡིན་ཡང་གཞལ་བ་མིན། །ཆ་ལྡན་ཡིན་ཡང་ཆ་ལྡན་མིན། །གཅིག་ཉིད་ཡིན་ཡང་གཅིག་ཉིད་མིན། །སྣ་ཚོགས་གཟུགས་ཁྱོད་ལ་ཕྱག་འཚལ། །ཞེས་རྗེས་དཔག་ཚད་མའི་རྟོགས་ཡུལ་དུ་གྱུར་པའི་གཞལ་བ་ཡིན་ཀྱང་། མངོན་སུམ་གྱི་ཡུལ་མ་ཡིན་པ་དང་།གཟུགས་ཡིན་པའི་ཆ་ལྡན་ཡང་། བདག་ཉིད་ཆེན་པོའི་ངོ་བོའི་ཆ་དང་བྲལ་བ་ཞེས་སོགས་གཞི་གཅིག་གི་སྟེང་དུ་འགལ་བ་དུ་མ་ཚོགས་པ་བརྗོད་པ་རིག་པ་དང་། འགལ་ནའང་། ལྷ་དབང་ཕྱུག་ཆེན་པོའམ་ཚངས་པའི་ཡོན་ཏན་ཆེད་དུ་བརྗོད་པ་ལྟ་བུ་ཡིན་ཀྱང་སྐྱོན་དུ་མི་འགྱུར་ཏེ་དེ་འདྲ་བ་ཐུན་མོང་བའི་ལུགས་ཡིན་པ་དང་། དགོས་པ་ལྷག་པོ་ཡོད་པ་ཞིག་ཡིན་པར་སེམས།
གཞན་དུ་གཞུང་དངོས་ཀྱི་བརྗོད་བྱའི་དོན་རྗོད་བྱེད་ཚིགས་སུ་བཅད་པའི་ཕུང་པོའི་བདག་ཉིད་ཅན་གྱི་བསྟན་བཅོས་ཤིག་ཡིན་གཤིས། བསྟན་བཅོས་སྔོན་མར་ཤོ་ལོ་ཀ་འབུམ་ཕྲག་ནས་ད་ལྟ་ཁྱོན་བསྡོམས་ཤོ་ལོ་ཀ་དྲུག་བརྒྱ་དང་ལྔ་བཅུ་ང་དྲུག་ཙམ་ཡོད་པའི་ནང་ནས་མིའི་རྒྱལ་པོ་ཆེ་བ་བརྗོད་པ་ཤོ་ལོ་ཀ་77 བུད་མེད་གཞོན་ནུ་མའི་མཛེས་ཆོས་དང་། འདོད་གཏམ་བརྗོད་པ་ཤོ་ལོ་ཀ178ཡུལ་དང་ཡུལ་ལྗོངས་ཀྱི་མཛེས་ཉམས་བརྗོད་པ་ཤོ་ལོ་ཀ་47 ཡ་རབས་སྤྱོད་བཟང་དང་ལེགས་བཤད་ཀྱི་སྐྱེས་འབུལ་བརྗོད་པ་ཤོ་ལོ་ཀ26 ཕྱི་ནང་གི་གྲུབ་མཐའ་བརྗོད་པ་ཤོ་ལོ་ཀ་24 ཉམ་ཐག་འཁོར་འབངས་ཀྱི་ངང་ཚུལ་བརྗོད་པ་ཤོ་ལོ་ཀ3 མཇུག་ཏུ་དགེ་བ་བསྔོ་བ་ནི“ལང་ཚོ་ཅན་བཞིན་དགའ་དང་གྲགས་པ་ཐོབ་པར་འགྱུར”ཞེས་པ་ནི་གནས་སྐབས་བློ་རྩལ་གྱིས་ལེགས་བཤད་སྨྲ་བ་དང་རྩོད་པ། རྩོམ་པ་ལ་ཐོགས་མེད་ཀྱི་སྤོབས་པ་རྒྱས་ཏེ་གྲགས་སྙན་གྱི་བ་དན་ཕྱོགས་ཀུན་གཡོ་བ་དང་། ཡུན་དུ་སྐལ་བ་བཟང་པོའི་དགའ་སྟོན་ལ་མྱུར་དུ་རེག་པའམ་ཐོབ་པར་གྱུར་ཅིག་ཅེས་པའི་ཁྱད་པར་གྱི་ཆོས་དེ་ལྟ་བུ་ཕྱི་རོལ་པའི་བྱ་རོག་སོ་རྟོག་གི་བསྟན་བཅོས་སོགས་དང་མི་འདྲ་བའི་ཁྱད་པར་གྱི་འབྱེད་ཆོས་གཞན་ཞིག་ཡིན། དབུ་མ་རིན་ཆེན་ཕྲེང་བ་ལས། “ཐོག་མར་ཕྱག་མཛད་པ་དང་། མཇུག་ཏུ་དགེ་བ་བསྔོ་བ་རྣམས་ཅིའི་ཕྱིར་ཞེ་ན། ནང་པ་སངས་རྒྱས་པ་དང་། ཕྱི་རོལ་མུ་སྟེགས་པས་བྱས་པའི་བསྟན་བཅོས་རྣམས་ལ་ཚིག་སྦྱོར་ཚུལ་གྱི་ཁྱད་པར་ཡོད་པ་ཉིད་བདེ་བླག་ཏུ་རྟོགས་པའི་ཕྱིར་རོ”ཞེས་གསུངས་པ་བཞིན། སློབ་དཔོན་དབྱུག་པ་ཅན་གྱིས་ཐོག་མར་མཆོད་པ་དང་དམ་བཅའ་བ། བར་དུ་གཞུང་དངོས་བཤད་པ། མཐར་དགེ་བ་སེམས་ཅན་བསྔོ་བ་ཡིན་པས་མུ་སྟེགས་བྱེད་ཀྱིས་བསྟན་བཅོས་ལས་མ་བཤད་ཅིང་སློབ་དཔོན་གྱིས་བསྟན་པའི་བསྟན་བཅོས་དེ་རིག་བྱེད་ཀྱི་བསྟན་བཅོས་དང་མི་འདྲ་བའི་ཁྱད་པར་ཆེ་བ་ཡིན་ཏེ།
《འཕགས་བསྟོད》ལས་བསོད་ནམས་བྱས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བ། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་བཞིན་བསྟན་བཅོས་ལས་མ་བཤད། །ཅེས་གསུངས་པའི་ཕྱིར། བསྟན་བཅོས་ལས་མ་བཤད་པ་ཞེས་པའི་བསྟན་བཅོས་ཕྱི་རོལ་པའི་བྱ་རོག་སོ་རྟོག་གི་བསྟན་བཅོས་སོགས་ལས་མ་བཤད་ཅེས་གསུངས་པ་ཡིན།
འོ་ན། སློབ་དཔོན་དབྱུག་པ་ཅན་གྱི་རྒྱན་གྱི་བསྟན་བཅོས་དེ་སུའི་ཆེད་དུ་བརྩམས་པ་ཡིན་ནམ་ཞེ་ན། སྔ་དེང་གི་འགྲེལ་པ་དང་འབྱུང་བ་གསུངས་པའི་ནང་གཅིག་ཏུ་གྲགས་པ་ནི་རྒྱ་གར་གྱི་རྒྱལ་པོ་ཞིག་གི་བུ་དང་བུ་མོའི་ཆེད་དུ་བརྩམས་པ་ཡིན་ཞེས་ཀུན་གྱིས་གྲགས། དགེ་ཆོས་ལགས་ཀྱི་དཎྜིའི་ལོ་རྒྱུས་ཤོག་བྱང་དུ“ཆུང་ངུའི་དུས་ནས་ཡབ་ཡུམ་འདས། དེ་ནས་དྭ་ཕྲུག་ཏུ་འཁྱམས། ཡུལ་འདིའི་རྒྱལ་པོ་དང་འབངས་འཁོར་ཕུང་འཁྲུགས་བྱུང་རྐྱེན་བྲམ་ཟེ་གཞན་དང་འདྲ་བར་ནགས་ཁྲོད་སྟུག་པོར་ཡིབ་སྟེ་བཞུགས། བྲམ་ཟེ་སྙན་ངག་མཁན་བསྟེན་ཏེ་སྙན་ངག་གི་རིག་པ་ལ་ཚུལ་བཞིན་སྦྱངས་པ་མཁས་པར་གྱུར། དེ་ནས་སླར་ཡུལ་དུ་འཁོར་རྗེས་ཡུལ་དེའི་རྒྱལ་པོའི་བུ་དང་བུ་མོ་ཁོ་ནའི་ཆེད་དུ་སྙན་ངག་གི་བསྟན་བཅོས《མེ་ལོང་མ》འདི་བརྩམས་པ་ཡིན”ཞེས་གསུངས་འདུག སྙན་ངག་གི་བསྟན་བཅོས་ཆེན་པོ་བརྩམས་པའི་དགོས་པ་རྒྱལ་པོ་དང་བུ་བུ་མོའི་ཆེད་དུ་བརྩམས་པ་ཡིན་པར་བཞེད་ན་སློབ་དཔོན་འདིས་བསྟན་བཅོས་བརྩམས་པའི་དགོས་པ་ཧ་ཅང་ཁྱབ་ཆུང་། དེ་ལྟར་ན་བརྩམས་པའི་དགོས་དོན་ཆེན་པོ་མི་ལྡན་པ་ཞིག་ཏུ་གྱུར་བ་མ་ཟད། སློབ་དཔོན་དེ་ཉིད་ལའང་དོན་དངོས་དང་མི་མཐུན་པའི་བློ་ཡི་གདེང་ཚོད་ཧ་ཅང་དམའ་བའི་སྐྱོན་ཅན་དུ་མཐོང་བས་ཁོ་བོས་དེ་ལྟར་མི་འདོད། 《མེ་ལོང་མ》མཛད་པ་པོ་ནི་ཕྱི་ནང་ཀུན་ཏུ་གྲགས་ཆེ་བ། སྒོ་གསུམ་དྭངས་བ་འདྲེན་ནུས་ཀྱི་ནང་པའི་སློབ་དཔོན་ཆེན་པོ་ཞིག་ཡིན་པའི་རྒྱུ་མཚན་སྔོན་དུ་དྲངས་ཟིན་པས་དེ་ལ་ནོངས་པ་ཅི་ནས་ཀྱང་དགོས་པ་མ་མཆིས“བསྟན་བཅོས་ལ་ནི་གཉིས་སུ་ངེས”ཞེས་གསུངས། སྤྱིར་བསྟན་བཅོས་ལ། དོན་མེད་དང་། དོན་ལོག དོན་ལྡན། ངན་གཡོ། བརྩེ་བྲལ། སྡུག་སྤོང་། ཐོས་པ་ལྷུར་ལེན། རྩོད་པ་ལྷུར་ལེན། བསྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་སུ་དབྱེ་བ་དགུ་གསུངས་པ་ལས་ཕྱོགས་གཅིག་ཏུ་བསྡེབ་ན། བསྟན་བཅོས་རྣམ་དག་དང་། ལོག་སྨྲའི་བསྟན་བཅོས་གཉིས་སུ་བསྡུས་པ་ཡིན་ཞིང་། བསྟན་བཅོས་ཡིན་ན་ཡང་ན་རྣམ་དག་དང་ཡང་ན་ལོག་སྨྲའི་བསྟན་བཅོས་ཡིན་དགོས་པ་ལས་རྣམ་དག་དང་ལོག་སྨྲ་གང་ཡང་མ་ཡིན་པའི་ལུང་མ་བསྟན་གྱི་བསྟན་བཅོས་ཤིག་ཡོད་པ་མ་ཡིན། སློབ་དཔོན་དེ་ཉིད་ཀྱིས་དེ་ལྟར་འབད་པ་ནི་དོན་ཆེན་པོ་དང་ལྡན་པ་ཞིག་ཡིན་གསུངས་པས། སྙན་ངག་མེ་ལོང་མ་གསུངས་པ་ལ་གནས་སྐབས་དང་མཐར་ཐུག་དགོས་པ་ལྷག་པོར་ཡོད་པ་ཤེས་ཐུབ་ཅིང་། རྒྱལ་པོའི་བུ་དང་བུ་མོ་ཁོ་ནའི་ཆེད་དུ་བཞེད་ན་དོན་ཆེན་པོ་དང་ལྡན་ཞེས་པའི་གཞུང་གི་དོན་ཇི་ལྟར་འགྲེལ་ནུས་སམ། ས་པན་གྱི《མཁས་འཇུག》ལས། “ནུས་པ་མེད་ཀྱང་འགལ་བཞིན་དུ། །བསྟན་བཅོས་ལ་ཡང་འཇུག་པའི་ཚིག །བསྟན་བཅོས་དང་ནི་སྟོན་བྱེད་པ། །གཉིས་ཀ་དམ་པར་བསྟན་པའི་ཕྱིར། །”ཞེས་གསུངས་པ་ལྟར། བསྟན་བཅོས་དང་སྟོན་པ་པོ་གཉིས་ཀ་ཞིང་མཆོག་དམ་པ་ཡིན་པ་ལེགས་པར་བསམ་ན། བསྟན་བཅོས་དེའི་ཆེད་དུ་བྱ་བའི་གདུལ་བྱ་བུ་དང་བུ་མོ་ཁོ་ན་མ་ཡིན་པར། བརྩོན་འགྲུས་དང་། ཤེས་རབ་བཟང་བ། རྣམ་གཡེང་མེད་པ། གུས་པ་དང་ལྡན་པ། ལེ་ལོ་དང་བྲལ་བའི་ཤེས་འདོད་ཀྱི་སྐྱེ་རྒུ་རྣམས་བསྟན་བཅོས་དེའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་དགོས། རྒྱལ་བློན་གྱི་བུ་དང་བུ་མོ་རྣམས་གདུལ་བྱ་ཡིན་ཀྱང་། སྙན་ངག་གི་ཆེད་དུ་བྱ་བའི་གདུལ་བྱ་མ་ཡིན་ཏེ། བཞི་བརྒྱ་པ་ལས་གཟུར་གནས་བློ་ལྡན་དོན་གཉེར་བ། ། ཉན་པོ་སྣོད་ཅེས་བྱ་བར་འདོད། ། སྨྲ་བོ་ཡོན་ཏན་རྣམས་གཞན་དུ། །མི་འགྱུར་ཉན་པ་པོ་ལའང་ཡིན། །ཞེས་གསུངས་པ་ལྟར། སྙན་ངག་གི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། སྦྱང་འདོད་ཀྱི་དོན་གཉེར་ཆེན་པོའི་བློ་སོགས་ཡོད་དགོས་པ་ཡིན། སློབ་དཔོན་གྱིས་རྒྱལ་པོའི་བུ་དང་བུ་མོའི་ཆེད་དུ་སྙན་གཞུང་འདི་བརྩམས་པ་མ་ཡིན་པར་སྙན་ངག་གི་ཆེད་དུ་བྱ་བའི་གདུལ་བྱ་ལ་དམིགས་ནས་བརྩམས་པ་ཡིན་ཞིང་གཞན་དུ་སློབ་དཔོན་དེ་ཉིད་མཁས་པའི་རྒྱལ་ཐབས་གོང་དུ་འདེགས་པའི་ཆེད་རྒྱལ་བློན་གྱི་ངོར་ལྟ་བ་དང་ཐབས་ལམ་དམ་པ་སྨྱུ་གུའི་ཟློས་གར་འཁྲབ་པའི་འཚོ་ཐབས་ལ་བརྟེན་པ་ཞེས་སོགས་ནི་སྐྱེ་བོ་ཕལ་པ་རྣམས་ལ་ཡོད་པ་གནས་ཀྱང་། སྐྱེ་བོ་དམ་པ་རྣམས་ལ་དེ་ལྟ་བུའི་ཀུན་སློང་ངན་པ་ཡོད་མི་སྲིད། སློབ་དཔོན་དབྱུག་པ་ཅན་གྱིས་རྒྱལ་པོ་དང་། བློན་ཆེན་གྱི་བཀའ་ལས་འདའ་བར་མི་ནུས་པ་ཡིན་སྲིད་ཀྱང་། མཁས་པའི་རྒྱལ་ཐབས་གོང་དུ་འདེགས་པ་སོགས་ཀུན་སློང་ངན་པའི་ལྷད་བསྲེས་མི་ནུས་པ་ཡིན་ཏེ་གཞུང་དུ། འཁོར་བ་གསལ་བ་མ་བྱས་ན། །འཇིག་རྟེན་གསུམ་པོ་མཐའ་དག་གི། །སྨག་རུམ་མུན་པ་ཉིད་དུ་འགྱུར། །ཞེས་པ་ནི་སྡེ་བཞིའི་བླང་དོར་གྱི་བརྗོད་བྱའི་སྣང་བས་འཁོར་བའི་སེམས་ཅན་གྱི་འཇིག་རྟེན་གསལ་བར་སྟོན་བྱེད་སྒྲར་འབོད་པའི་བསྟན་བཅོས་འདི་མེད་ན། སྡེ་བཞིའི་དོན་གྱི་བླང་དོར་ལ། རྨོངས་པའི་མུན་པ་བར་མེད་དུ་འགྱུར་བ་ཡིན་པས། དེ་དག་བསེལ་བའི་ཕྱིར་བསྟན་བཅོས་འདི་བརྩམས་པ་ཡིན་ཞེས་པ་ལས་བུ་དང་བུ་མོའི་མུན་པ་བསེལ་བའི་ཕྱིར་དུ་བརྩམས་པ་མ་ཡིན། བུ་དང་བུ་མོའི་ཆེད་དུ་སྙན་གཞུང་གསུངས་ཀྱང་། བུ་དང་བུ་མོའི་ཆེད་དུ་སྙན་གཞུང་བརྩམས་པ་མ་ཡིན། གཞན་ཡང་སློབ་དཔོན་གྱིས་རང་ཉིད་མཁས་པའི་རྒྱལ་ཐབས་གོང་དུ་འདེགས་པའི་ཀུན་སློང་མེད་པ་དངོས་སྟོབས་ཀྱིས་རིག་པས་བསྒྲུབས། སློབ་དཔོན་དེ་ཉིད་སྲིད་པའི་བདེ་འབྱོར་དང་གྲགས་སྙན་ལ་ཡིད་སྨོན་སྐད་ཅིག་ཀྱང་སྐྱེ་བར་མི་སྲིད་དེ། ཁྱོད་བློ་དང་ལྡན་པ་ཡིན་པའི་ཕྱིར། དཔེར་ན། མེ་སྟོབས་ཆེན་པོ་ཉེ་བར་གནས་པའི་གྲང་འབྲས་སྤུ་ལོང་བྱེད་ཟད་པ་བཞིན་དང་། སྐྱུག་ནད་ཅན་གྱིས་སྐྱུག་བྲོ་བའི་དངོས་པོ་ལ་ཡིད་སྨོན་མི་བྱེད་པ་དང་། དོན་དུ་མི་གཉེར་བ་བཞིན། སྲིད་པའི་བདེ་འབྱོར་ལ་ཆགས་པའི་སེམས་པ་སྐྱེ་མི་སྲིད། འོན་ཏེ་རྒྱལ་བློན་གྱི་བུ་དང་བུ་མོར་སྙན་གཞུང་གསུངས་པའི་ཐབས་ནི་དེ་རྣམས་ན་ཚོད་དར་ལ་བབས་པ་དང་། ལོངས་སྤྱོད་ཀྱི་མི་ཕོངས་པ། འདོད་པའི་བདུད་རྩིའི་རོ་ལ་སྲེད་པའི་འཕེལ་བ་ཡར་ཟླ་བཞིན་རྒྱས་པ་བཅས་ཡུལ་གྱི་དངོས་ཡོད་དང་། ཁམས་དང་། མོས་ངོར་གཟིགས་ཤིང་། དེ་དང་མཐུན་པའི་སྒོ་ནས་གསུངས་པ་ཡིན་ཏེ། འདོད་བདེ་མངོན་པར་གཞོལ་བའི་སྦྲང་རྩིའི་རོ་མངར་ལྟ་བུའི་གཏམ་ལས་དྲངས་པའི་དཔེར་བརྗོད་འགའ་རེ་བཀོད་གནང་མཛད་འདུག་ཀྱང་། ཧ་ལས་ཧང་སངས་དང་། ཚོགས་པའི་དབུས་སུ་ལྕེ་དམར་སོ་ལ་འཁྲིལ་ནས་སྒྲ་ཐོན་དཀའ་བའི་གནས་དེ་འདྲ་ཡོད་པ་མ་མཐོང་། གལ་ཏེ་དེ་འདྲ་བ་ཡོད་ན་ཚོགས་པའི་དབུས་སུ་འཆད་དཀའ་བའི་གནས་སུ་འགྱུར་ངེས། དཔེར་ན་བོད་མཁས་པས“མེ་ཏོག་ལམ་དུ་བགྲོད་པ་མ་བྱས་ཤིང་། །གཞོན་ནུའི་བརླ་ཡི་འཁྲི་ཤིང་མ་བསྲུབས་ལ། །ཡལ་འདབ་ལྔ་པའང་ངལ་བར་མ་བྱས་པར། །དྲན་པའི་ཀ་ཆེན་འགྱེལ་འདིས་སྣང་བ་སྐྱོ། །”ཞེས་རྒྱུ་མཚན་བའི་དཔེར་བརྗོད་དུ་བཀོད་པ་དེ་ལྟ་བུའི་བརྗོད་བྱ་བྲེ་མོར་གནས་པ་ལ་དོན་རྩ་འདྲི་ལན་འདེབས་པར་ཚིག་དོན་བཀྲལ་རྒྱུར་དགོངས་པ་རང་ཞུ་ཡིན་འདུག འོན་ཏེ་མེ་ལོང་མར་འདོད་པའི་གཏམ་ལས་དྲངས་པའི་བསྡུར་ཚད་ཅུང་ཟད་ཤས་ཆེ་ནའང་ངོ་ཚ་ཁྲེལ་ཡོད་ཀྱི་རྒྱན་གོས་རིང་དུ་དོར་ནས་སྨྲ་སྒོ་ནས་སྒྲ་ཐོན་དཀའ་བ་དང་། ངོ་སྐྱེངས་དགོས་པའི་གཏམ་གཅེར་བུ་བ་དེ་འདྲ་མེད་པ་ཡིན། རྒྱུ་མཚན་དེའི་ཕྱིར་སློབ་དཔོན་དེ་ཉིད་ཀྱི་མཁྱེན་རྩལ་ལས་ཐོན་པའི་ཉམས་འགྱུར་སྣ་ཚོགས་ཀྱིས་བརྒྱན་པའི་སྙན་ངག་གི་མེ་ལོང་མར་རྒྱ་གར་གྱི་ཕྱི་ནང་མཁས་པ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་བར་མེད་གཏོར་ཏེ་སྦྱང་བའི་གནད་དུ་ཟིན་པ་ཡིན། ཅི་སྟེ་བག་ཡོད་ཀྱི་རྒྱན་གོས་མི་བཀླུབས་ན་ཕལ་པའི་སྐྱེ་བོ་དགའ་བ་སྐྱེས་སྲིད་པ་ལས་ཚངས་སྤྱོད་བརྟུལ་ཞུགས་འཛིན་པའི་ནང་པའི་གྲུབ་མཐའ་སྨྲ་བ་དང་བྲམ་ཟེ་རྣམས་དགའ་བ་སྐྱེད་པའི་གནས་མ་ཡིན།
ཡིན་ནའང་སྤྱིར་སྙན་ངག་གི་དཔེར་བརྗོད་འགོད་སྐབས་སུ་འདོད་པའི་གཏམ་ཅུང་ཟད་ཀྱང་སྨྲ་མི་ཆོག་ཅེས་པ་ཅི་ནས་ཀྱང་མ་ཡིན། སྙན་ངག་གི་ཉམས་དང་ལྡན་པའི་སྒོ་ནས་སྐྱེས་པས་བུད་མེད་ཀྱི་ལང་ཚོ་ལ་བསྔགས་པའམ། བུད་མེད་ཀྱིས་སྐྱེས་པའི་ལང་ཚོ་ལ་བསྔགས་བརྗོད་བྱེད་པའི་བརྗོད་བྱ་དང་ཚིག་ཉམས་རོ་མངར་ལྡན་པ་དེ་འདྲ་ཡོད་ཆོག་པ་ཡིན། གནའ་རྩོམ་ལ་དེ་འདྲ་ཡོད་ལ། བར་རྩོམ་ལ་དེ་འདྲ་ཡོད། དེང་རྩོམ་ལ་དེ་བས་ཡོད་ཆོག གང་ཡིན་ཞེ་ན། མི་ནི་སྤྱི་ཚོགས་ཀྱི་བདག་པོ་ཡིན་པ་དང་། མིའི་ནུས་པ་དེ་ནི་བླ་ན་མེད་པ་ཞིག་ཡིན་པས་མི་ནི་རྩོམ་རིག་གི་བརྗོད་བྱ་གཙོ་བོར་འཇོག་དགོས་པ་སྨོས་མེད། འཚོ་བ་དངོས་མཚོན་པར་བྱེད་པ་དང་བརྗོད་བྱ་ཆ་ཚང་བ། གསོན་ཉམས་ལྡན་པ། དོན་སྙིང་ཆེ་བའི་རྩོམ་རིག་འདི་མིའི་ཀུན་སྤྱོད་རང་གཤིས་རྣམ་པ་ལྟ་བ་སོགས་དང་ཁ་བྲལ་ཐབས་མེད། དེའི་ཕྱིར་སྐྱེས་པ་དང་བུད་མེད་ཀྱི་དབྱེ་བ་མེད་པར་ཚིགས་བཅད་ཚིག་ལྷུག་སྤེལ་མ་སྙན་ངག་གི་རྒྱན་སྣ་ཚོགས་ཀྱི་རོ་དང་བརྗོད་བྱ་བསམ་དོན་ལ་མཐའ་མེད་པས་དེ་ལྟར་ཆོག འོན་ཏེ་རྩོམ་པ་པོས་ཆབ་སྲིད་ཐད་རྩ་དོན་བཞི་པོ་རྒྱུན་འཁྱོངས་བྱེད་དགོས་པ་ལས་ལྷོད་གཡེངས་སྣང་ཆུང་དུ་སོང་ན་རྩོམ་ཡིག་གི་རྩ་དོན་ཡང་བརླག་པ་ཡིན། ང་ཚོའི་རྩོམ་རིག་གི་ཁ་ཕྱོགས་གཉིས་ཏེ་དོན་གཅིག་ནི་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ། གཉིས་ནི་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་གཉིས་པོ་ཡང་བརླགས་མི་རུང་བ་ཡིན། རྩོམ་རྩལ་གྱི་ཐོག་ཐལ་ཆེ་བའི་འདོད་གཏམ་སྒྲིབ་གཡོག་མེད་པར་རྗེན་པར་ཕྱུར་ན་གུས་ཞབས་མེད་པ་ཡིན་པས་ང་ཚོས་དར་སྤེལ་བྱེད་བཞིན་པའི་ལྔ་སྤེལ་བཞི་མཛེས་ཀྱི་བྱེད་ཕྱོགས་དང་འགལ་ངེས་པས་དེ་ལ་ཡང་ཁྱད་བསད་བྱ་མི་རུང་བ་ཡིན་སྙམ། སྒྲིབ་བྱེད་ཀྱི་རྒྱན་གོས་ཅི་ཡང་མེད་པར་འདོད་གཏམ་ཐོན་པ་དང་ཕན་ཆུང་གནོད་ཆེ་ཡོད་རིགས་སོགས་རྩ་བཅོས་བྱེད་རྒྱུར་སོམ་ཉི་མི་དགོས་པ་ཞིག་ཡིན།
ད་ལྟའི་སྙན་གཞུང་མེ་ལོང་མ་ཤོང་ལོས་པཎ་ཆེན་ཁྲིམཀ་རའི་སྐུ་མདུན་ནས་བོད་བསྒྱུར་གནང་རྗེས་དཔང་ལོས་འཆད་ཉན་གནང་སྟེ་ཡུལ་བབས་གཤིས་ལུགས་ལ་གཞིགས་ཏེ་དག་བཅོས་ཅུང་ཟད་མཛད། ཡང་ཞ་ལུ་ཆོས་སྐྱོང་བཟང་པོས་རྒྱ་འགྲེལ་ལ་གཏུགས་ནས་བསྒྱུར་བཅོས་དང་མཆན་འགྲེལ་མཛད། དེའི་ཕྱིས་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་རྒྱ་འགྲེལ་གཉིས་ལ་བསྟུན་ནས་འགྱུར་བཅོས་མཛད། རིན་སྤུངས་དང་། མི་ཕམ། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་དང་བོད་མཁས་པ་སོགས་ཀྱིས་འགྲེལ་པ་མཛད། གཞན་ཡང་མང་ཐོས་ཀླུ་སྒྲུབ། ས་སྐྱ་ངག་དབང་ཆོས་གྲགས། ནམ་མཁའ་རྒྱལ་མཚན། ཆོས་རྗེ་གོ་ཏམ་པ་སོགས་མཁས་གྲུབ་ཉི་ཟླ་ལྟར་གྲགས་པ་མང་པོས་དཔེར་བརྗོད་གོ་སླ་གསལ་བ་རེ་མཛད་ཀྱང་བོད་མཁས་པ་དང་། ས་སྐྱ་བ་ངག་ཆོས། ཨ་ལགས་ཤ་སོགས་ཀྱིས་དོགས་གཅོད་ལན་འདེབས་མཛད་པ་སོགས་དུ་མ་ཞིག་ཡོད། ལྷག་པར་རྒྱལ་དབང་ལྔ་པ་ཆེན་པོ་དགུང་གྲངས་སོ་གཅིག་ལོར་སྙན་འགྲེལ་ཆེན་མོ《དབྱངས་ཅན་དགྱེས་གླུ》ལྗགས་རྩོམ་མཛད་པ་དེ་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བའི་བློ་རྩལ་ལ་དགོངས་ནས་ཚིག་འགྲེལ་གོ་སླ་དོན་གསལ་དཔེར་བརྗོད་རྒྱས་བསྡུས་འཚམ་པ་ལ་སོགས་པའི་ཁྱད་ཆོས་ཆེ་བས་སྙན་ངག་མཁས་པ་ཀུན་གྱིས་བསྔགས་བརྗོད་གཅིག་མཐུན་གནང་། ཁྱད་པར་སྔ་འགྲེལ་རྣམས་ལས་ལེ་དབར་བརྒྱ་སྟོང་གི་འཕུར་སྐྱོད་ཀྱིས་དག་བཅོས་སྣོན་འཕྲི་མཛད་པ་རྣམས་ལག་ལེན་དུ་འཁྱེར་བདེ་བས་བཀའ་དྲིན་བླ་མེད་ཆེ་ཞུ་དང་། སྔོན་བྱོན་སློབ་དཔོན་དཔའ་བོ་དང་། ཆོས་རྒྱལ་དགེ་དབང་ཡབ་སྲས། ཙོང་ཁ་པ་ཆེན་པོ། ཞང་ཞུང་ཆོས་དབང་གྲགས་པ། ཧོང་སྟོན་ནམ་མཁའི་སྙིང་པོ། རིན་སྤུངས། མི་ཕམ་པ། སི་ཏུ། ཁམས་སྤྲུལ། ལྔ་པ་ཆེན་པོ། བོད་མཁས་སོགས་མཁས་གྲུབ་དམ་པ་རྣམས་ཀྱི་མཁྱེན་རྒྱ་ན་ཀྲའི་གྲོང་ཁྱེར་དང་མཚུངས་པ་ཞིག་དང་། རང་གི་ཤེས་རྒྱ་བ་ཡི་ར་རྨིག་གི་ཆུ་ཕྲན་བཞིན་དུ་ཁྱད་ཆེ་ནའང་། རང་ཉིད་ལ་ཕན་པ་གོམས་འདྲིས་ཀྱི་ཆེད་དུ་ཚིག་དོན་འགའ་ལ་དཔྱད་ཁུལ་དུ་བྱས་པར་ནོངས་པ་ཅི་མཆིས་ཀྱང་རང་གི་ལྟ་བའམ་གྲུབ་མཐའ་ལྷུག་པོར་གསོལ་བ་ལགས།
འདིར་སྨྲས་པ།
སྙན་ངག་རིན་ཆེན་གན་མཛོད་ཆེ་མོ་ནས། །བླངས་པའི་རིག་པ་མུ་ཏིག་བརྒྱ་ཕྲག་འདི། །མཐའ་དཔྱོད་ལུང་རིག་སྲད་བུར་ལེགས་བསྐྱེད་དེ། །གཟུར་གནས་མཁས་པའི་མདུན་དུ་ངོམ་དེ་ནོངས། །བརྒྱ་སྟོང་ངལ་བའི་གདུགས་དཀར་ཕུབ་པའི་འོག །དཔྱད་རྩོམ་རིག་པ་ཕལ་པའི་ཟོང་བཀྲམ་པར། །རིག་པའི་རྒྱལ་པོས་སྤྱན་ཟུར་མི་གཡོ་ཡང་། །རང་མཉམ་སྐྱེ་བོའི་མིག་ལ་གཟིགས་མོར་སྤྲོ། །ཁྱད་པར་རྣམ་དཔྱོད་ཕུལ་ཕྱིན་མཁས་མང་གིས། །ལེགས་བཤད་སྨྲ་བའི་ལུང་རིག་རྫ་རྔ་བརྡུང་། །ཤེས་བྱ་ཕུན་ཚོགས་གར་ལ་རྩེན་པ་དང་། །རིག་པ་སྤེལ་བས་སྐྱེ་རྒུའི་བློ་ལ་སིམ། །དེ་ཕྱིར་དེ་ཡིས་གངས་ཅན་རིག་པའི་གནས། །དར་ཞིང་རྒྱས་ཏེ་དེང་རབས་ཅན་བཞི་ཡི། །བདེ་སྐྱིད་རྫོགས་ལྡན་གསར་པའི་དཔལ་ཡོན་དེ། །མངོན་འགྱུར་སྐྱེ་རྒུ་དགའ་བདེས་ཚིམ་གྱུར་ཅིག །
(དཔྱད་རྩོམ་འདི་ཉིད《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་》1987ལོའི་དུས་དེབ་དང་པོར་བཀོད། འདིར་མཚན་བྱང་ཅུང་ཟད་བསྡུས་པའོ།)
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1