དེ་རིང་སྐོར་བྲོ་ཡི་ཕ་ས་སྨུག་པོ་ནས་གླུ་དང་གར་གྱི་མཛེས་པ་ངོམས།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 09-30


                དེ་རིང་སྔ་དྲོར། སྟོན་ཆར་ཟམ་ཟིམ་དུ་བབས་ཀྱང་། སྐོར་བྲོ་ཡི་ཕ་ས་སྨུག་པོ་འབར་ཁམས་གྲོང་ཁྱེར་ནས་སྐོར་བྲོ་ཡི་སྟངས་སྟབས་ལ་རོལ་བའི་འདུན་པ་དྲག་པོ་འགོག་ཐབས་མེད་པར། འབར་ཁམས་ཀྱི་གྲོང་རྡལ་དང་ཡུལ་ཚོ་སོ་སོའི་གནའ་ཉམས་ཀྱིས་ཡོངས་སུ་ཕྱུག་པའི་སྐོར་བྲོ་རུ་ཁག14དང་ཁུལ་དང་འབར་ཁམས་གྲོང་ཁྱེར་གྱི་སྐོར་བྲོ་མཐུན་ཚོགས2། བྱིས་པའི་སྐོར་བྲོ་རུ་ཁག1བཅས་རྒན་དར་གཞོན་གསུམ་གྱི་འཁྲབ་སྟོན་པ700ལྷག་གིས་གྲུབ་པའི་སྐོར་བྲོ་རུ་ཁག་17གྱིས་གྲལ་འགྲིག་པའི་རུ་དཔུང་བསྒྲིགས་ཤིང་། ལུས་ལ་གོས་ཀྱིས་བརྒྱན་ཅིང་གདོང་ལ་འཛུམ་མདངས་རྒྱས་ནས། ཡིད་ཆེས་དང་རེ་བས་བརྟས་ཏེ་བཀྲ་ཤིས་པའི་གླུ་དབྱངས་ལེན་ཞོར་དང་དོན་འགྲུབ་པའི་ཞབས་བྲོ་འཁྲབ་ནས་ཚོགས་ར་རུ་ཕེབས་བྱུང་། དེ་ནི2018ལོའི་རྒྱལ་རོང་གི་སྐོར་བྲོའི་རིག་གནས་ལྗོངས་སྐོར་དུས་ཆེན་སྐབས་བདུན་པ་རྔ་བ་ཁུལ་མི་རིགས་རིག་གནས་ཕོ་བྲང་ཐང་ཆེན་དུ་སྤེལ་བའི་ཡུལ་དངོས་རེད།
                ཐོག་མར་ཀྲུང་གུང་རྔ་བ་ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱང་ཞིང་གིས་2018ལོའི་རྒྱལ་རོང་གི་སྐོར་བྲོའི་རིག་གནས་ལྗོངས་སྐོར་དུས་ཆེན་སྐབས་བདུན་པ་དངོས་སུ་མགོ་བརྩམས་པ་བསྒྲགས་བྱུང་། 
                མགོ་ནག་བོད་མི་རྟེན་འབྲེལ་གྱི་རང་བཞིན་ལྟར། ཐོག་མར་འབར་ཁམས་གྲོང་ཁྱེར་གྱི་རྒན་པའི་མཐུན་ཚོགས་ཀྱི་རྒན་རབས་པ་རྣམས་ཀྱིས་བསང་འབུད་པ་དང་རླུང་རྟ་མཆོད་པ། ཀི་འབོད་དང་ཆང་མཆོད་འབུལ་བ་སོགས་བཀྲ་ཤིས་པའི་སྨོན་ཚིག་དང་ཁ་ལས་རླུང་རྟ་དར་བའི་རྟེན་འབྲེལ་བསྒྲིགས་ནས་རྒྱལ་རོང་གི་སྐོར་བྲོའི་རིག་གནས་ལྗོངས་སྐོར་དུས་ཆེན་སྐབས་བདུན་པའི་དབུ་ཁྱུད་བྲིས་བྱུང་།

              རྒྱལ་རོང་སྐོར་བྲོ་དང་འབར་ཁམས་ཀྱི་དབྱར་ཁ། ལྷ་སར་འགྲོ་ཡ་སོགས་ངོ་མཚར་ཆེ་བའི་གླུ་དང་ཞབས་བྲོ་རེ་རེ་འཁྲབ་སྟོན་བྱས་ཏེ། ཐུན་མིན་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་མཚོན་པར་བྱས་ཤིང་། མི་རིགས་ཤིག་གི་མི་དམངས་ཕ་ཡུལ་ལ་དགའ་བ་དང་འཚོ་བར་དུང་བའི་བརྩེ་སེམས་ཀྱང་མཚོན་བྱུང་། འཁྲབ་སྟོན་པ་རྣམས་ཀྱི་བདེ་ལྕག་འཁྱུག་པའི་གོམ་སྟབས་དང་སྙན་ཞིང་འཇེབས་པའི་གླུ་ངག དགའ་ཞིང་སྤྲོ་བའི་འཛུམ་མདངས་སོགས་ནི་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་མཚོན་ན་མིག་གི་དགའ་སྟོན་དང་ཡིད་ཀྱི་གསོས་སྨན་གྱ་ནོམ་པ་ཞིག་རེད་ཨང་།  
                དེའི་རྗེས་སུ། སྐོར་བྲོ་རུ་ཁག17པོ་ཕྲེང་ཐག་གཅིག་ལ་བརྒྱུས་པའི་ཕྲེང་བ་ཇི་བཞིན། གཅིག་འཕྲོར་གཅིག་མཐུད་དེ་གྲལ་ཕྲེང་རིང་བོ་བསྒྲིགས་ཤིང་། སོ་མང་ཆུ་བོའི་འགྲམ་ངོགས་བརྒྱུད་དེ་ཁྲོམ་སྐྱོད་འཁྲབ་སྟོན་བྱས་པས། འབར་ཁམས་གྲོང་ཁྱེར་ནི་སྐད་ཅིག་ཙམ་དུ་སྐོར་བྲོ་ཡི་རྒྱ་མཚོ་ཞིག་ཏུ་གྱུར་སོང་།

               ཐེངས་འདིའི་སྐོར་བྲོ་དུས་ཆེན་གྱི་བརྗོད་སྙིང་ནི་རྒྱལ་རོང་གི་གོམས་སྲོལ། སྐོར་བྲོ་ཡི་ཕ་ས་ཞེས་པ་དེ་ཡིན་ལ། ཐེངས་འདིའི་སྐོར་བྲོ་དུས་ཆེན་ལ་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40ལོན་པར་རྗེས་དྲན་དང་གསར་བརྗེའི་རིག་གནས་ཀྱི་མུ་འབྲེལ་བྱེད་སྒོ། རྒྱལ་རོང་གི་སྐོར་བྲོའི་་རིག་གནས་ལྗོངས་སྐོར་དུས་ཆེན་སྐབས་བདུན་པའི་མགོ་ཚུགས་མཛད་སྒོ་དང་། གདོད་མའི་སྐོར་བྲོ་འགྲན་སྡུར། 2018ལོའི་ཤར་རྒྱལ་མོ་རོང་ཨ་ལ་ཆང་གསོལ་གསར་རྩོམ་རོལ་དབྱངས་དུས་སྟོན་སྐབས་དང་པོ་བཅས་ནང་དོན་རིགས་ཆེན་པོ་བཞི་ཡོད།
               རྒྱུས་ལོན་པ་ལྟར་ན། འབར་ཁམས་སྐོར་བྲོ་དུས་སྟོན་ནི་ཁུལ་མི་དམངས་སྲིད་གཞུང་གིས་བསྒྲགས་པའི་སྐོར་གཉིས་པའི་ཁུལ་དངོས་མིན་ཤུལ་བཞག་རིག་གནས་ཀྱི་དམངས་སྲོལ་རིགས་ཀྱི་རྣམ་གྲངས་ཤིག་ཡིན་ལ། ད་བར་དུ། འབར་ཁམས་གྲོང་ཁྱེར་གྱིས་གཞི་རྒྱ་ཆེ་བའི་རྒྱལ་རོང་གི་སྐོར་བྲོ་དུས་སྟོན་ཐེངས་དྲུག་བདེ་ལེགས་ངང་སྤེལ་ཡོད་། སྐོར་བྲོ་དུས་སྟོན་སྐབས་དང་པོས་ཅི་ཉི་སིའི་མི་ཁྲི་ཡི་སྐོར་བྲོའི་འཛམ་གླིང་གི་ཟིན་ཐོ་བཀོད་དེ་འབར་ཁམས་ཀྱི་ཡུལ་གྲུ་ཀུན་དུ་གྲགས་པ་རེད། འབར་ཁམས་ནི་རྒྱལ་རོང་སྐོར་བྲོའི་ཕ་ས་ཡིན་པས། ཞིང་ཆེན་རིག་གནས་ཐིང་གིས་སྐོར་དང་པོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་ཆོ་ལོ་གནང་ཡོད་ལ། འབར་ཁམས་རྒྱལ་རོང་གི་གནའ་བོའི་སྐོར་བྲོ་དང་ལྷ་སའི་སྒྲ་སྙན་རྡོག་བྲོ། འབའ་གཞས་ཞབས་བྲོ་བཅས་ནི་བོད་ཀྱི་ཞབས་བྲོ་རིགས་ཆེན་པོ་གསུམ་དུ་བདམས་ཡོད་པར་མ་ཟད། རྒྱལ་རོང་གི་སྐོར་བྲོ་ལ་ཀྲུང་གོའི་སྐོར་བྲོ་ཡི་འགྱུར་རྡོ་གསོན་པོ་ཞེས་པའི་མཚན་སྙན་ཡང་ཐོབ་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1