༄༅།། འགག་ལ་དགོན་དགའ་ལྡན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས།

འཇམ་དབྱངས་ཡོན་ཏན། རྩོམ་སྒྲིག་པ།ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 10-15



          ལོ་རྒྱུས་ཡིག་རྙིང་དུ་ འགག་ལྷ་དང་ཅོག་གེ་ལུང་པའི་ནང་དུ་ཡོད་པས་ཅོག་གེ་དགོན་ཡང་ཞུ་ཞིང་གྲུབ་མཐའ་དགེ་ལུགས་ཡིན། ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་ས་ངོས་བར་ཐག་སྤྱི་ལེ་༡༥དང་ལམ་ཐག་སྤྱི་ལེ་༤༤ སའི་གོ་ལའི་ཤར་གྱི་གཞུང་ཚད་༩༧°༩'༦.༡༧"དང་། བྱང་གི་འཕྲེད་ཚད་༣༣°༢'༥༣.༩༣" ས་མགོ་མཐོ་ཚད་ལ་སྨི་༣༨༡༧ཡོད།
          ཕྱག་འདེབས་མཁན་འབྲི་གུང་ཀརྨ་མགོན་པོ་རྡོ་རྗེས་རྟེན་འབྲེལ་བརྟགས་ཤིང་ཆོས་དུང་ནོར་བུ་མེ་འབར་ཕྱག་ཏུ་བསྣམས་ནས་ཕེབས་དུས་གནས་འདི་ནས་དུང་གི་རང་སྒྲ་གྲགས་པས་ད་ལྟའི་དགོན་འདི་ཕྱག་བཏབ། ཟེར་སྲོལ་གཞན་ཞིག་ལ་བོན་དགོན་སོགས་འདི་རུ་འདུས་ཡང་ཟེར་ཞིང་ང་བརྒྱད་ཡར་སྔོན་དུ་རྩེ་ལྷ་ཁང་གི་གྱང་ངོས་སུ་བཀའ་བརྒྱུད་ཀྱི་གྱང་ལྷ་འཇལ་དུ་ཡོད་སྐད།
          རྒྱབ་རི་བཀྲ་ཤིས་ལྷ་རྩེའི་མདུན་དུ་ཡོད་པའི་འགག་ལ་སྡེ་པ་རུ་བཀའ་བརྒྱུད་སྐོར་ལུ་ཟེར་བའི་ཁང་མལ་དང་། ཉིན་གྱི་བྲག་ངོས་སུ་ཀརྨ་མགོན་པོའི་མཚམས་ཁང་ཡོད། ཕྱིས་སུ་རྗེ་རིན་པོ་ཆེའི་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་དྲུག་གི་ཡ་གྱལ་འདན་མ་མཁན་ཆེན་ཡོན་ཏན་དཔལ་གྱིས་ཕྱི་ལོ་༡༤༡༩ཙམ་ནས་ལབ་འབྲོམ་འགག་གསུམ་དགེ་ལུགས་པའི་གྲུབ་མཐའ་རུ་བསྒྱུར་བ་ནས་བཟུང་འགག་ལ་དགའ་ལྡན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་ཞེས་འབོད་པ་འདྲ་ལ་སྒ་ཁོག་དགོན་ཁག་དྲུག་ཏུ་གཏོགས།
          དགོན་འདིའི་གྲྭ་ས་དང་ཡིག་ཆ་གཙོ་བོ་འབྲས་སྤུངས་བློ་གླིང་དང་སྔགས་ཕྱོགས་ཀྱི་འདོན་ཆོག་རྒྱུད་སྨད་པའི་ཕྱག་བཞེས་བཞིན་མཛད། ཁྲི་པ་སྐྱེས་མཆོག་གྲུབ་ཆེན་རཱ་ཧུ་ལའི་རྣམ་སྤྲུལ་འགག་ལའི་ཁྲི་པ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་དང་། དང་པོའི་སྒྲུབ་ཕུག་ཡེ་གོང་དུ་ཡོད། རིན་ཆེན་སྤུངས་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་བཞི་ཡིན། རྒྱལ་དབང་ལྔ་པའི་སྐབས་དགོན་འདིར་གྲྭ་པ་སུམ་བརྒྱ་ཙམ་ཡོད།
          ཁམས་འགྱོགས་སྐལ་བཟང་འཕྲིན་ལས་ལྷུན་འགྲུབ་མཆོག་དགོན་འདི་ནས་ངོས་འཛིན་མཛད་པ་དང་། ལབ་མཁའ་ལྡིང་རིན་པོ་ཆེ་དགོན་འདི་ནས་རབ་ཏུ་བྱུང་ཞིང་འབྲི་ཆུའི་ཕ་རོལ་ཏུ་ཕུར་བས་ན་མཁའ་ལྡིང་ཞེས་མཚན་ཐོགས་པར་གྲགས། བཀྲ་ཤིས་ལྷ་ཕུག་དགོན་པའི་བླ་མ་རྣམ་གཉིས་དགོན་འདིར་ནས་བཙལ་གཅོད་གནང་། པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་མཆོག་སྐྱེ་དགུ་དགོན་ནས་རང་དགོན་དུ་གདན་ཞུས་བཞིན་ཕེབས་ནས་གཟིམས་ཆུང་ཕུལ་ཅིང་དགོན་འདིར་རྒྱལ་མཚན་གསུམ་འཛུགས་པ་སོགས་མཛད།
          གཞན་དབུས་ལམ་དགོན་འདི་ཡི་བརྒྱུད་ནས་ཕེབས་པ་མཁན་དཔལ་ལྡན་ཆོས་སྐྱོང་དང་རྟོགས་ལྡན་བྱང་ཆུབ་འཕགས་དབང་། བདག་ཆེན་རིན་པོ་ཆེ་སོགས་རིས་སུ་མ་ཆད་པའི་སྐྱེས་མཆོག་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས།
          ང་བརྒྱད་ལོའི་ཡར་སྔོན་དུ་དགོན་འདིར་བླ་མ་རྣམ་གཉིས་དང་གྲྭ་པ་༡༨༠ཙམ་བཞུགས། ལྷ་ཁང་ཆེ་བ་གཅིག་དང་ཆུང་བ་གཉིས་སྔགས་ཁང་གཅིག །བྱམས་ཁང་གཅིག །བླ་བྲང་གཉིས། མཚམས་ཁང་བཞི། གྲྭ་ཤག་རེ་ལྔ་ཙམ་བཅས་སོ། །
          ༡༩༨༨ལོའི་ཟླ་༣ཚེས་༨ལ་ཆོས་སྒོ་འབྱེད་པའི་ཆོག་མཆན་ཐོབ། རིན་ཆེན་སྤུངས་སྤྲུལ་རིན་པོ་ཆེ་བྱང་ཆུབ་བསྟན་རྒྱས་མཆོག་རྒྱར་གར་དུ་འཁྲུངས། ༡༩༨༤ལོར་ཁྲི་པ་རིན་པོ་ཆེ་རང་དགོན་དུ་ཕེབས་ནས་གྲྭ་པ་བརྒྱ་ཙམ་བསྒྲུབས་ནས་ཁོང་གི་ཐུགས་བཀོད་བཞིན་རྒན་ཤེས་རབ་ཐར་ཕྱིན་དང་རྒན་སྐལ་བཟང་རབ་འབྱོར། རུ་ཆེན་གྱི་མགོ་ཁྲིད་གཙོས་པའི་ལྷག་བསམ་ཅན་རྣམ་པས་འདུ་ཁང་ཆེ་ཆུང་དང་གྲྭ་ཤག་ཕྲེང་གཉིས་བཅས་བཞེངས།
          ཁྲི་པ་རིན་པོ་ཆེ་ཡར་ཕེབས་རྗེས་དགེ་ཚུལ་སློང་སོགས་ཆོས་ཕྱོགས་ཀྱི་ཐུགས་འགན་གཙོ་བོ་སྤུག་བླ་རྡོ་རྗེ་འཆང་གིས་གཟིགས། ཁྲི་པ་རིན་པོ་ཆེ་༡༩༩༡ལོ་དང་། ༢༠༠༤ལོ། ༢༠༠༦ལོ། ༢༠༡༡ལོ་བཅས་ལ་ཕེབས་ནས་དུས་གསུམ་སངས་རྒྱས་གཙོར་མཛད་པའི་རྟེན་རྣམས་བཞེངས་གནང་།
          ༢༠༡༤ལོའི་དགུན་ཁར་རང་ཡུལ་ལ་ཞབས་སོར་འཁོད་ནས་བསྟན་འགྲོའི་དོན་དུ་མཛད་ཕྲིན་སྐྱོང་བཞིན་པ་དང་། ༢༠༡༥ལོའི་ཟླ་༡༡ཚེས་༢༥ཉིན་འབྲས་བློ་གླིང་༧ལྡན་མ་འགག་ལ་ཁྲི་པ་རིན་པོ་ཆེའི་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྗེ་བཙུན་༧འཇམ་དཔལ་བསོད་ནམས་བློ་གྲོས་རྒྱ་མཚོ་དཔལ་བཟང་པོས་བཀའ་བཅའ་ཡིག་སོགས་ཞིབ་རྒྱས་སུ་མཛད།
          དུས་ཆེན་དང་སྒྲུབ་མཆོད་ཁག །ལོ་གསར་ལ་དཔལ་ལྡན་ལྷ་མོའི་ཚེས་གཏོར་འབུལ་བ། བླ་མ་མཆོད་པའི་ཚོགས་འབུལ། མཆོད་འཇལ་དང་ཐང་དར་བསྒྲེང་པ། དགེ་བསྐོས་སོགས་ཁྲི་འདོན། སྨོན་ལམ་ཆེན་མོ། སྡེ་རིམ། འཇིགས་བྱེད་བདག་འཇུག །བརྔན་ཆེན་བསང་། གསང་འདུས་བདག་འཇུག །ཉིན་འདུས་ཆུ་མགོའི་བསང་། གནས་ཆུང་རྡོ་རྗེ་གྲགས་ལྡན་གཙོས་པའི་ལྷའི་གར་འཆམ་དང་མཎི་བུམ་སྒྲུབ། ཀུན་རིག་བདག་འཇུག །དྲུག་པའི་ཚེས་བཞི་དང་བླ་མའི་དུས་བཟང་། ཚེས་༨ནས་རབ་བླ་དབུ་ཁྱིམ་བསང་། དབྱར་གནས། ལྷ་བབས་དུས་ཆེན། ལྔ་མཆོད། དགུ་ཆུང་། དགུ་ཆེན་དང་དྲུག་བཅུ་ལྕགས་མཁར། ལོ་གཅིག་གི་ནང་ཟླ་རེའི་གསོ་སྦྱོང་གཉིས་དང་སྐབས་བབ་ཀྱི་རི་བསྟོད་བཅས་སོ། །
          འདོན་ཆོག་བློ་འཛིན་དང་རྒྱུགས་ཁྲལ་གྱི་སྐོར་ལ་སྐྱབས་འགྲོ་སེམས་ནས་བཟུང་བསྐྱེད་ཚད་མེད་བཞི། ལེགས་བཤད་ལྗོན་དབང་། དཀའ་གནད་གསལ་བའི་མེ་ལོང་སོགས་དང་། དགའ་ལྡན་ལྷ་བརྒྱ། ལམ་གཙོ་རྣམ་གསུམ། ཡོན་ཏན་གཞི་གྱུར། སྨོན་ལམ་རྣམ་བརྒྱད། བླ་མ་མཆོད་པ། གསང་བདེ་འཇིགས་གསུམ། རབ་གནས། སྨན་བླའི་མདོ་ཆོག །ཀུན་རིག །མགོན་ཆོས་དམག་གསུམ། རྣམ་སྲས། རྡོ་རྗེ་གྲགས་ལྡན། ཆོས་སྤྱོད་རབ་གསལ། ལམ་རིམ་ཆེན་མོའི་ས་བཅད། དགོན་སྡེ་འདིའི་འདོན་ཆའི་སྐོར་སྒྲ་དག་པ་ཆད་ལྷག་མེད་པ་བློ་ལ་འཛིན་དགོས་པ་དང་། རྒྱུད་སྡེ་བཞིའི་ཐིག་རྡུལ་ཚོན། འདོན་རྟ་དབྱངས། འབུད་བརྡུང་དཀྲོལ་གསུམ་སོགས་སྔར་གྱི་ཕྱག་སྲོལ་མ་ཉམས་པ་ཞིག་སྦྱོང་དགོས། བར་གྱི་དུས་སྐབས་བྱུང་རིགས་ལ་མཚན་ཉིད་དང་ལམ་རིམ། སྦྱོར་ཆོས། སྤྱོད་འཇུག །བསྐྱེད་རྫོགས་བཅས་ཡིན་ལ་གནས་སྐབས་མདོར་བསྡུས་ཙམ་བཀོད་པའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1