༄༅།། རྩོམ་རིག་གི་ངོ་བོའི་སྐོར་གླེང་བ་རང་བློའི་རྩི་བཅུད།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-24


ལྷག་པ་ཆོས་འཕེལ།
དང་པོ།
        རྩོམ་རིག་གི་ངོ་བོ་ཇི་ཡིན་གྱི་གནད་དོན་འདི་ནི་ངོ་མ་འཆད་དཀའ་བའི་གནད་དོན་ཞིག་རེད། རིག་ཚན་འདི་ནི་ཅུང་ཟད་ཁེར་རྐྱང་དུ་གནས་པའི་རིག་ཚན་གཞན་དང་མི་འདྲ་བར་ཪྙོག་འཛིང་ཆེ་ཞིང་ཟུར་མང་བའི་བསླང་གཟུགས་ཤིག་དང་འདྲ་བས། རིག་ཚན་ཁག་གཞན་དང་ཐད་ཀར་དུ་འབྲེལ་བ་ཟབ་མོ་ཡོད་པས་ན། རྩོམ་རིག་གི་ངོ་བོ་དང་། ཆོས་ཉིད། གྲུབ་ཆ། གསར་རྩོམ། འཕེལ་རིམ་བཅས་སྐོར་གླེང་བའི་ཚེ། རིག་ཚན་གཞན་དང་འབྲེལ་བ་བྱས་ནས་ཞིབ་འཇུག་མ་བྱེད་ཀ་མེད་ཡིན། ལྷག་པར་དུ་རྩོམ་རིག་ཉིད་སྐད་ཡིག་དང་། མཛེས་རིག སེམས་ཁམས་རིག་པ། སྤྱི་ཚོགས་རིག་པ་བཅས་རིག་ཚན་རྣམས་དང་ཐད་ཀར་དུ་འབྲེལ་བ་ཡོད་པའི་ཆ་ནས་ཕྱོགས་མང་པོའི་སྒོས་དབྱེ་ཞིབ་བྱེད་དགོས་ཀྱི་ཡོད་པ་རེད། དེ་བཞིན་རྩོམ་རིག་གིས་ཡང་སྙིང་བརྗོད་འདོད་ཀྱི་དངོས་པོ་ཅི་འདྲ་ཞིག་ཇི་ལྟར་བྱས་ནས་མཚོན་མིན་ཐད་ད་ཕན་བྱུང་བའི་མཁས་པ་རྣམས་ཞལ་མི་འཆམ་པས། གནད་འགག་འདི་ཡང་རྩོམ་རིག་གི་ངོ་བོའི་སྐོར་གླེང་སྐབས་རྩ་བར་གྱུར་པའི་དཀའ་གནད་ཅིག་ཡིན།   
        རྩོམ་རིག་གི་ངོ་བོའི་སྐོར་སྔར་ནས་ད་བར་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་བགྲང་གིས་མི་ཆོད་པས་རང་རང་གི་ལྟ་ཚུལ་བཏོན་མྱོང་ནའང་། གཅིག་གྱུར་གྱི་ལྟ་ཚུལ་ཞིག་ད་དུང་བྱུང་མེད། དུས་རབས་གཅིག་གམ་མཁས་དབང་གཅིག་གིས་བཏོན་པའི་ལྟ་ཚུལ་དེ་དུས་ཡུན་གང་ཙམ་རིང་སྤྱི་ཚོགས་ཀྱི་ཁོར་ཡུག་ངེས་ཅན་ཞིག་ནང་སྐྱེ་བོ་མི་ཉུང་བ་ཞིག་གིས་དང་དུ་ལེན་ནས་བདེན་པ་ལྟ་བུར་གྱུར་པའམ། དངོས་པོའི་གནས་ལུགས་བཞིན་མཐུན་པ་ལྟར་སྣང་ནའང་། ཕྱིས་འབྱུང་གི་དུས་རབས་ནང་སླར་ཡང་ལྟ་བ་སྔ་མར་གནོད་བྱེད་ཀྱིས་བསུན་འབྱིན་ནས་ལྟ་ཚུལ་གསར་པ་རེ་བྱུང་སྲིད། དཔེར་ན། རྩོམ་རིག་ནི་དོན་དངོས་ཐོག་སྤྱི་ཚོགས་ཀྱི་འཚོ་བ་བསྐྱར་མཚོན་བྱེད་པ་ཞིག་ཡིན་ནམ། ཡང་ན་རང་སྣང་གི་ཡུལ་ཅན་མངོན་མཚོན་བྱེད་པ་ཞིག་ཡིན་པ་ལྟ་བུ་དང་། །  1989ལོའི་ཕན་དུ་རྒྱ་རིགས་ཀྱི་རྩོམ་རིག་ཁྲོད“རྩོམ་རིག་ནི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན”ཞེས་པའི་གནད་དོན་ལ་ལྟ་ཚུལ་མི་འདྲ་བ་བྱུང་ནས་རྩོད་པ་འཁྲུག་པོ་བྱས་པ་ལྟ་བུ་ཡིན། དེ་ལྟར་རྩོམ་རིག་གི་ངོ་བོའི་སྐོར་རང་རང་གི་ལྟ་ཚུལ་མང་ནའང་གཅིག་མཐུན་གྱི་བཞེད་པ་འབྱུང་དཀའ་བ་དང་། གནད་དོན་དེའི་སྐོར་རྩོད་པའི་བར་མི་ཆོད་པའི་རྒྱུ་རྐྱེན་གཙོ་བོ་རང་ངོས་ནས་བལྟས་ན། གཅིག་རྩོམ་རིག་ནི་ཟུར་མང་ལ་རིག་ཚན་གཞན་དང་འབྲེལ་བ་ཆེ་ལ་ཪྙོག་འཛིང་ཆེ་བའི་རིག་ཚན་ཞིག་ཡིན་པ་དེ་ཡང་རྩོམ་རིག་རང་ངོས་ཀྱིས་ཐག་བཅད་པ་དང་། གཉིས་ཞིབ་འཇུག་བགྱི་བ་པོ་རྣམས་ཀྱི་བསམ་བློའི་མཛུབ་ཁྲིད་དུ་གྱུར་པའི་མཚན་ཉིད་རིག་པའི་ལྟ་བ་མི་འདྲ་བ། གསུམ་ཞིབ་འཇུག་པ་རྣམས་ཀྱིས་ཟུར་རམ་ཕྱོགས་གང་ཞིག་གི་ཐོག་ནས་རྐང་པ་བཙུགས་ཏེ་རང་གི་འདོད་ཚུལ་གླེང་བ་མི་འདྲ་བ་བཅས་ཀྱི་གནད་དོན་དེ་དག་ལ་ཐུག་ཡོད་པར་སེམས། སྤྱིར་རྩོམ་རིག་ཅེས་པ་རྣ་བའི་ཡུལ་དུ་གྱུར་བའི་ཚེ། ཆོས་ཤིག་ངོས་འཛིན་ནུས་པ་ལྟ་བུས་དོན་སྤྱི་གསལ་ལ་མ་གསལ་ཞིག་བློ་ཡུལ་དུ་འཆར་ནའང་། དོན་དངོས་ངེས་པ་འདྲེན་ནུས་པའི་ངོས་འཛིན་གསལ་པོ་ཞིག་འཆད་རྒྱུ་དཀའ་ཞིང་། ཡང་སྙིང་རྩོམ་རིག་ཅེས་པ་གང་ལ་ཟེར་རམ་ཞེས་འདྲི་ན། མིག་སྦལ་པ་བཞིན་གཅེར་རེར་སྡོད་པ་ལས་རང་ཉིད་ཀྱི་ལྟ་ཚུལ་ཙམ་ཡང་ལན་འདེབས་ཀྱི་ཚུལ་དུ་བསྙད་དཀའ་བ་མཐོང་ཆོས་སུ་གྲུབ།   
        གཞན་ཡང་《སྙན་ངག་མེ་ལོང》ཙམ་ལས་རིགས་གཞན་གྱི་རྩོམ་རིག་གཞུང་ལུགས་རྒྱུས་མངའ་མེད་པ་རྣམས་ཀྱི་རྟོག་ངོར། རྩོམ་རིག་ཅེས་པ“རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་སྦྱོར”ཞིག་རེད་སྙམ་པ་ལས། བློ་བསྐྱེད་གསར་པ་འདྲ་བློ་ཡུལ་དུ་འཆར་དཀའ་བ་དང་། ཡང“ཚུར་སྣང་སྨྲ་བའི”རིག་པ་ཙམ་ལས་རྒྱུས་མངའ་མེད་པ་རྣམས་ཀྱི་རྟོག་ངོར།  རྩོམ་རིག་ཅེས་པ“སྐད་དང་ཡི་གེར་བརྟེན་ནས་སྤྱི་ཚོགས་ཀྱི་འཚོ་བ་གཟུགས་བརྙན་བཞིན་ཚུར་སྣང་བྱེད་པ་ཞིག་ལ་ཟེར”དགོངས་པ་ལས་རིགས་པ་གསར་པ་འདྲ་བློ་ཡུལ་དུ་འཆར་དཀའ་བ་ཡིན། ཐུའུ་བཀྭན་ཆོས་ཀྱི་ཉི་མས“གཞན་སྡེའི་འདོད་ཚུལ་ཕྱོགས་ཙམ་མི་ཤེས་པར།  རང་གི་བསྟན་དང་སྟོན་པ་སྐྱོན་མེད་དུ། ཇི་ལྟར་སྨྲས་ཀྱང་ནེ་ཙོའི་འདོན་པ་བཞིན།  ཚིག་དུ་ཟད་ཀྱི་ངེས་པར་འདྲེན་མི་ནུས”ཞེས་གསུངས་པ་ལྟར། བདག་ཅག་གི་བསྟན་དང་སྟོན་པ་སྐྱོན་མེད་ཚད་གྲུབ་ཡིན་མིན་བལྟ་བར་ཡང་། གཞན་སྡེའི་འདོད་ཚུལ་མཁྱེན་དགོས་པ་བཞིན། རྩོམ་རིག་གི་ངོས་ནས་སྨྲོས་ནའང་རང་ཙམ་མ་ཟད། འཛམ་གླིང་ཟླུམ་བུར་འཁྱིལ་བའི་སྟེང་གནས་བཞིན་པའི་མི་རིགས་གཞན་པའི་ལྟ་ཚུལ་ལམ་འདོད་ཚུལ་གཙོ་བོ་རྣམས་ཁོང་དུ་རགས་ཙམ་ཆུད་ཐུབ་པ་བྱས་ཏེ། རིགས་པ་མང་པོར་བརྟེན་ནས་རང་ཉིད་ལ་དོན་དངོས་དང་ཐག་ཉེ་བའམ་མཐུན་པའི་གོ་བ་གསར་པ་འདྲ་ཪྙེད་ཐུབ་པ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པར་མཐོང་།                 
གཉིས་པ།
        བོད་ཀྱི་སྲོལ་རྒྱུན་རིག་གནས་ནང་རྩོམ་རིག་ཅེས་པ་རིག་ཚན་རྐྱང་པ་ཞིག་ཏུ་བཀར་ཡོད་པ་ནི“སྙན་ངག”རིག་གནས་ཆུང་བ་ལྔའི་ཡ་གྱལ་ཞིག་ཏུ་བརྩིས་པ་ནས་མཐོང་ཐུབ། ཡིན་ནའང་རྩོམ་རིག་གི་སྒོ་ཀུན་ལ་ཆེད་མངགས་ཞིབ་འཇུག་བྱེད་པའི་སྲོལ་ནི་དེ་ཙམ་དར་པོ་མིན།  《སྙན་ངག་མེ་ལོང》བོད་ལ་མ་བསྒྱུར་གོང་། བོད་ལ་རྩོམ་རིག་ལག་ལེན་ཕྱོགས་བསྡོམས་མཛད་པའི་གཞུང་ལུགས་ཤིག་མེད་པས་ན། རྩོམ་རིག་གི་གནས་ལུགས་རིག་པའི་གཞུང་ལུགས་ཀྱི་མཐོ་ཚད་ནས་ཞིབ་འཇུག་བགྱི་བའི་ལས་དོན་ནི་ཉག་ཕྲ་བ་ཞིག་ཡིན་པ་གོར་མ་ཆག  སྐབས་དེའི་མི་རྣམས་ཀྱི་སྣང་ངོར་རྩོམ་རིག་ཐད་རང་རང་གི་ངེས་ཤེས་འདྲ་ཡོད་སྲིད་པ་ཐེ་ཚོམ་མེད་ནའང་། ཀུན་ལ་གྲགས་པ་ཞིག་ནི་ད་ཕན་འདྲེན་བྱེད་ཀྱི་ཡུལ་དུ་མ་གྱུར།   
        《སྙན་ངག་མེ་ལོང》བོད་དུ་བསྒྱུར་བ་དེས་བོད་ཀྱི་རྩོམ་རིག་ལག་ལེན་ལ་མཛུབ་ཁྲིད་བྱེད་པའི་རིག་པའི་གཞུང་ལུགས་ཤིག་བྱུང་བ་དང་གཞུང་དེའི་མཛུབ་ཁྲིད་འོག  སྤུས་ལྡན་གྱི་བརྩམས་ཆོས་བགྲང་གིས་མི་ཆོད་པ་བྱུང་ཡོད། ང་ཚོས《སྙན་ངག་མེ་ལོང》གིས་རྩོམ་རིག་གསར་རྩོམ་ལ་ཐོན་པའི་ནུས་པར་གདེང་འཇོག་བྱེད་སྐབས། གཞུང་དེའི་རིན་ཐང་ཐད་ཚོད་དཔག་དམའ་པོ་ཞིག་ལ་བཞག་ཐོག དེ་ཐལ་བ་དང་མཉམ་དུ་བསྲེས་ཀྱང་གི་སྦྱོར་བ་ཐབས་སྡུག་ལ་མ་གཞོལ་བར། ད་ལྟའང་གཞུང་ཆ་ཚང་ཁྲིད་རྒྱུན་མ་ཉམས་པར་དེང་གི་རྩོམ་རིག་ལག་ལེན་དང་མཐུན་པའི་དགེ་མཚན་མ་ལུས་རྒྱུན་འཛིན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་རེད་སྙམ། རྩོམ་འབྲིའི་ནུས་པ་ཞེས་པའང་མཐར་གཏུགས་ནས་བཤད་ན་སྐད་དང་ཡི་གེར་བརྟེན་ནས་རང་གི་བརྗོད་པར་འདོད་པའི་དོན་གང་ཡིན་པ་དེ་ཇི་ལྟར་མཚོན་ཐུབ་མིན་ལ་རག་ལུས་པས། ཚིག་གི་འཕོངས་ཤིང་རྒྱན་ཇི་ལྟར་སྦྱོར་ཚུལ་མི་ཤེས་པའི་སྤྲང་པོ་ལག་རིལ་ཞིག་རྩོམ་གྱི་ལས་ལ་ནམ་ཡང་འཇུག་ཐབས་མེད། ཡིན་ནའང་བསམ་དགོས་པ་ཞིག་ལ། དེང་དུས་ཁག་ཅིག་གིས《སྙན་ངག་མེ་ལོང》ནི་མ་ལག་ཆ་ཚང་ཞིང་སྐྱོན་བྲལ་ཡང་དག་གི་རྩོམ་རིག་གཞུང་ལུགས་ཤིག་ཏུ་ངོས་འཛིན་ནས་དེ་ལས་ལྷག་པའི་གཞུང་ཞིག་དགོས་པ་མེད་པར་མཐོང་བ་ལས། དེར་སྐྱོན་འཛུགས་དང་ཆ་མ་ཚང་བའི་ཕྱོགས་ཁ་སྐོང་བྱེད་དགོས་པའི་འདོད་ཚུལ་གསར་པ་རེ་བཏོན་ཚེ་ཁྱོད་ཀྱིས་སྙན་ངག་མཐིལ་ཕྱིན་པ་མི་ཤེས་ཞེས་དང་། ད་དུང་དེ་རྣམས་བོད་ཀྱི་རིག་གནས་ལ་རྒྱུས་མངའ་དེ་ཙམ་མེད་པའི་གསར་བུ་བར་བསྙད་བཏགས་ནས་གཞི་ལྕི་བའི་གཏམ་རེ་གཉིས་ལ་བརྟེན་ཏེ་མགོ་བོ་གཡུག་ཅིག་དང་། མཆིལ་ཞགས་འཕེན་ཅིག་བགྱིས་བཞིན་ཡོད། མཚམས་འདིར་སླར་ཡང་གསལ་བཤད་ཞུ་དགོས་པ་ཞིག་ལ། 《བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག》ཅེས་པའི་དཔེ་ཆ་དོན་རྗེས་བར་སྐབས་ཤིག་རིང་།  སྙན་ངག་ཅེས་པ་ཡང་སྙིང་དོན་གྱི་དངོས་པོ་ཅི་འདྲ་ཞིག་ལ་ངོ་འཛིན་བྱེད་མིན་ཐད་རྩོད་གླེང་བྱུང་བ་དང་། ལ་ལས་སྙན་ངག་ཅེས་པ་རྩོམ་རིག་གི་བརྩམས་ཆོས་གང་ཞིག ཚིགས་བཅད་ཀྱི་རྩོམ་ཚུལ་ཁོ་ནར་འདོད་པར། ཁ་ཅིག་གིས་བཅད་ལྷུག་སྤེལ་མ་ཚང་མ་སྙན་ངག་ཡིན་པའི་རྒྱུ་མཚན་གྱིས་སུན་འབྱིན་ནན་པོ་བྱས་པ་རེད། ཁོ་བོ་ལྟར་ན། སྙན་ངག་ནི་མཐའ་གཅིག་ཏུ་ཡུལ་འདི་འདྲ་ཞིག་ལ་ངོས་འཛིན་དགོས་པ་དང་། ཐ་སྙད་འདིའི་གདགས་གཞི་འདི་ཡིན་ཞེས། ཨུ་ཚུགས་མཐར་སྐྱེལ་བྱེད་པར་དགོས་པ་དེ་ཙམ་ཆེན་པོ་མ་མཐོང་། ད་ལྟའི་ཆར་ཐ་སྙད་དེར་བསྟན་དོན་གཉིས་ཡོད་ཅིང་། གོ་རྒྱ་ཆེ་བའི་དབང་དུ་བཏང་ན། རྩོམ་རིག་སྤྱི་དང་དོན་གཅིག་ཡིན་པ་དང་། ཆུང་བའི་དབང་དུ་བཏང་ན་རྩོམ་རིག་གི་བརྩམས་ཆོས་མི་འདྲ་བའི་ཁྲོད་རྩོམ་ལུས་ཀྱི་རྣམ་པ་གཅིག་སྟེ་ལུས་ཚིགས་བཅད་ནས་གྲུབ་པའི་རྩོམ་རིག་གི་བརྩམས་ཆོས་ཡིན། ཐ་སྙད་ཀྱི་བསྟན་དོན་མང་པོ་ཞིག“ལུགས་གོམས་པའི་རྗེས་སུ་འགྲོ”ཞེས་པའི་དཔེ་ལྟར་གོམས་འདྲིས་ཀྱི་རྗེས་སུ་འགྲོ་བས་མང་ཚོགས་ཐུན་མོང་གི་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་གཅིག་གྱུར་གྱིས་དོན་ག་གེ་མོ་ཞིག་མཚོན་བྱེད་དུ་སྤྱད་ན་དེ་དབང་བཙན་པ་ལས་མི་རེ་གཉིས་ཀྱི་ཨུ་ཚུགས་བཙན་པ་མིན། སྐད་དང་ཡི་གེ་འཕེལ་རྒྱས་འགྲོ་བ་དང་དུས་རབས་མི་འདྲ་བར་བརྟེན་ནས་ཐ་སྙད་ཀྱི་བསྟན་དོན་ལའང་དུས་སྐབས་དང་འཚམ་པའི་འགྱུར་བ་འགྲོ་བ་ནི་མི་རིགས་ཚང་མའི་སྐད་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཡིན་ན། ང་ཚོས་སྙན་ངག་གི་ཐ་སྙད་འདི་ད་ལྟ་གོ་དོན་རྒྱ་ཆེ་ཆུང་གི་དོན་གང་ལའང་བེད་སྤྱད་ཆོག་ནའང་། མཐར་གོམས་འདྲིས་ཆེ་ཆུང་ལ་གཞིགས་ཏེ་དོན་གཅིག་མཚོན་པའི་ཐ་སྙད་དུ་གཅིག་གྱུར་ཡོང་ངེས་རེད།   
        ད་ནི་བརྗོད་བྱ་དངོས་ལ་འཇུག་པར་བྱ་སྟེ། དེ་ཡང་བོད་ལ་འདས་ཟིན་པའི་ལོ་ཟླའི་ནང་རྩོམ་རིག་ཅེས་པ་གང་ལ་ཟེར་མིན་ཐད་འདོད་ཚུལ་གཙོ་བོ་ཁག་གཉིས་ཡོད། འདོད་ཚུལ་དང་པོ་ནི། 《སྙན་ངག་མེ་ལོང》བོད་དུ་དར་རྗེས་དེའི་གཞུང་གི་རྗེས་སུ་འབྲངས་ནས་སྙན་ངག་ནི“རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་སྦྱོར”ཞིག་ལ་འདོད་པ་དེ་ཡིན་པ་དང་།  དེ་ལས་ཅུང་ཟད་ཐ་དད་པ་ནི་འཇུ་མི་ཕམ་པས“ངག་གི་རྒྱུན་གང་ཞིག་སྒྲ་དང་དོན་གྱི་རྣམ་པ་བརྗོད་ཚུལ་མཛེས་ཤིང་ཡིད་དུ་འོང་བའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པ་ལ་སྙན་ངག་ཅེས་མངོན་པར་བརྗོད་དོ”ཞེས་པ་དེ་ཡིན། འདོད་ཚུལ་གཉིས་པ་ནི། “སྙན་ངག་ཅེས་པ་ནི་སྡེབ་ལེགས་སྙན་པའི་ཚིག་གི་སྦྱོར་བ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འཚོ་བའི་གནས་ཚུལ་སྒྱུ་རྩལ་གྱི་ཉམས་འགྱུར་རྨད་དུ་བྱུང་བ་དང་ལྡན་པའི་སྒོ་ནས་མངོན་པར་མཚོན་པའི་སྒྱུ་རྩལ་རྩོམ་རིག་ཏུ་འདོད”①ཅེས་པའམ། “སྙན་ངག་ཅེས་པ་ནི་བསམ་པའི་བཀོད་པ་ཕུན་སུམ་ཚོགས་པའི་རྨང་གཞིའི་ཐོག་སྣང་བརྙན་གཟུགས་སུ་འགོད་པའི་ཐབས་ཤེས་ལ་བརྟེན་ནས་སྤྱི་ཚོགས་འཚོ་བའི་ནང་དོན་དེ་གཅིག་སྡུད་ཀྱིས་མཚོན་པ་ཞིག་རེད”② ཅེས་པ་དེ་ཡིན། འདིར་དྲངས་པའི་དཔེ་མཚོན་གཉིས་རྗོད་བྱེད་ཚིག་གི་སྦྱོར་བ་མི་འདྲ་བ་ཙམ་མ་གཏོགས་རྩ་བའི་བསྟན་དོན་གཅིག་མཚུངས་ཡིན་པ་དང་། འདོད་ཚུལ་འདི་ནི“ཚུར་སྣང་སྨྲ་བའི”རིགས་པར་བརྟེན་ནས་བྱུང་བའི་རྒྱ་ཡིག་གི་རྩོམ་རིག་གཞུང་ལུགས་ཀྱི་བག་ཆགས་ལས་རང་གི་འདོད་ཚུལ་སྨྲས་པ་ཞིག་ཡིན། དེ་ཡང་ཚུར་སྣང་སྨྲ་བའི་རིགས་པ་ལས་བྱུང་བའི་རྩོམ་རིག་གཞུང་ལུགས་སུ་རྩོམ་རིག་ནི“སྐད་དང་ཡི་གེར་བརྟེན་ནས་སྤྱི་ཚོགས་ཀྱི་འཚོ་བ་གཟུགས་བརྙན་བཞིན་ཚུར་སྣང་བྱེད་པ”ཞེས་པ་དང་མཐུན་པས་སོ། འདོད་ཚུལ་དང་པོ་དེ་ནི་ལོ་ངོ་བདུན་བརྒྱ་ལྷག་ཙམ་ནང་ཧ་ལམ་འགྱུར་བ་སོང་མེད་པའི་གཅིག་གྱུར་ལྟ་ཚུལ་ཞིག་ཡིན་ལ། འཁྲུལ་མེད་ཡང་དག་ཏུ་འཛིན་མཁན་མང་། འདོད་ཚུལ་དེ་ཉིད་དུས་རབས་མང་པོའི་རིང་འཚེ་མེད་རི་དྭགས་རྒྱལ་པོ་བཞིན་གནས་ཐུབ་པའི་རྒྱུ་མཚན་ནི། གཅིག་གོ་དོན་རང་ངོས་ལ་རྩོམ་རིག་གི་གནས་ལུགས་དང་མཐུན་པའི་ཆ་ངེས་ཅན་ཞིག་ཡོད་པ་དང་། གཉིས་བོད་རིགས་ཀྱིས་རྒྱ་གཞུང་ཞིག་ཡིན་ན་དེས་གང་འཆད་ཁུངས་བཙན་པར་འཛིན་པ་དང་བློ་གྲོས་དང་ལྡན་པའི་མཁས་པ་སྔ་མས་གསུངས་པ་ཞིག་ཡིན་ན། དེ་ལས་འདའ་བར་མི་ནུས་པའི་སྣང་ཚུལ་ཏེ་གཞན་བརྩིའི་བསམ་བློ་དང་། བག་ཁུམ་གྱི་བསམ་བློ་ཤུགས་ཆེ་བས་བྱས་པ་མིན་ནམ་སྙམ། གང་ལྟར་ཡང་གོ་དོན་དེར་དོགས་སློང་དང་ལྟ་ཚུལ་མི་འདྲ་བ་བརྗོད་མཁན་ནི་དེང་གི་དུས་སུ་མ་གཏོགས་དཀོན་པར་སྣང་། འོ་ན་དེར་གནོད་བྱེད་འདྲ་ཡོད་དམ་མེད་ཅེ་ན། སྙན་ངག་དང་རྩོམ་རིག་དོན་གཅིག་པར་བརྩི་ན་གནོད་བྱེད་མེད་པ་ག་ལ་སྲིད། དེ་ཡང“རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་སྦྱོར”ཞིག་ཡིན་ན་རྩོམ་རིག་ཡིན་པས་ཁྱབ་བམ་མ་ཁྱབ། ཁྱབ་ན། ཚིག་གི་སྦྱོར་བ་ལེགས་ཤིང་རྒྱན་གྱི་སྤྲོས་པ་རྨད་དུ་བྱུང་བའི་ལོ་རྒྱུས་ཀྱི་རྩོམ་ཆོས་ཅན། རྩོམ་རིག་ཡིན་པར་ཐལ།  མཚན་ཉིད་དེ་ཡིན་ཕྱིར། ཞེས་པ་ཙམ་གྱིས་མཚན་ཉིད་དེ་མཚན་གཞི་དེ་གཅིག་པུའི་སྟེང་དུ་མ་ངེས་པའི་སྐྱོན་འཕྲལ་དུ་རྟོགས་ནུས། གལ་སྲིད་ཁྱོད་ཀྱིས“བརྩི་ན”ཞེས་བརྟག་པ་མཐའ་ཟུང་གི་ཚིག་དེས་སྙན་ངག་དང་རྩོམ་རིག་དོན་གཅིག་མིན་པའང་སྲིད་ཅིང་། ཁྱེད་ཀྱི་གོ་བ་ལ་སྙན་ངག་ནི་རྩོམ་རིག་ལས་ཁྱབ་ཆེ་བ་ཡོད་ཟེར་ན། འོ་ན་ཁྱབ་ཆེ་བའི་རིག་ཚན་དེ་ཡང་སྙིང་ཅི་འདྲ་ཞིག་ཡིན་པ་སྨོས་པར་རིགས། རྒྱ་གར་གྱི་རྩོམ་རིག་ལོ་རྒྱུས་སུའང《སྙན་ངག་མེ་ལོང》ལ་སོགས་པའི་སྙན་གཞུང་རྣམས་རྩོམ་རིག་གི་གཞུང་ཡིན་པ་གསལ་པོར་གསུངས་ཤིང་། མེ་ལོང་འདྲ་བའི་སྙན་གཞུང་མང་པོ་རྒྱ་གར་རྩོམ་རིག་ལོ་རྒྱུས་ཐོག་བྱུང་བར་བརྟེན་ནས། ལུགས་འདི་རིགས་འཛིན་པ་པོ་རྣམས་ལ“ཚིག་རྒྱན་གྱི་ལུགས”ཞེས་དངོས་སུ་བྱུང་བ་དང་། མ་གཞི་ནས་སྙན་གཞུང་གི་ཞིབ་འཇུག་བྱ་ཡུལ་ནི་རྩོམ་རིག་ཡིན་པ་མ་ཟད། སྙན་གཞུང་གིས་རྩོམ་རིག་དང་སྐད་ཡིག་བར་གྱི་འབྲེལ་བ་གཙོ་ཆེར་འཛིན་པའི་རྩོམ་རིག་གི་གནས་ལུགས་མང་པོ་རིག་པའི་གཞུང་ལུགས་ཐོག་ནས་ཕྱོགས་བསྡོམས་མཛད་པ་ནི་གཞུང་དངོས་མཇལ་བ་ཙམ་གྱིས་རྟོགས་ནུས།   
        དེས་ན་ཁོ་བོའི་ལྟ་ཚུལ་འཛེམ་མེད་དུ་འཆད་ན། “རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་སྦྱོར”ཞེས་པའི་གོ་དོན་དེར་སྐྱོན་གཙོ་བོ་ཁག་གཉིས་ཡོད།   
        ༡. མཚན་ཉིད་མཚན་གཞི་དེ་གཅིག་པུའི་སྟེང་དུ་མ་ངེས་པའི་སྐྱོན།   
        ༢. རྩོམ་རིག་དང་སྐད་ཡིག་གི་འབྲེལ་བ་གཅིག་པུའི་ཐོག་ནས་མཚན་ཉིད་དམ་གོ་དོན་བཞག་པའི་སྐྱོན།   སྐྱོན་དང་པོ་གོང་དུ་རགས་ཙམ་བསྟན་ཟིན་ལ་ད་དུང་གསལ་ཙམ་ཞུས་ན། མཚན་ཉིད་མཚན་གཞི་དེ་གཅིག་པུའི་སྟེང་དུ་མ་ངེས་པར་ཁྱབ་ཆེ་བའི་སྐྱོན་ཡོད་པས་རྩོམ་རིག་གཅིག་པུ་ངོས་འཛིན་མ་ནུས་པར། སྤྱི་མ་སྤོམ་ལྟ་བུའི་གོ་དོན་དེའི་ཁོངས་སུ་རིག་ཚན་གཞན་ཡང་ཚུད་འགྲོ་བས། རྩོམ་རིག་དང་རྩོམ་རིག་ཡིན་པ་ལས་ལོག་པའི་དབར་གྱི་ཁྱད་པར་དེ་བས་འབྱེད་ཐབས་མེད། དཔེར་ན་ཚིག་སྦྱོར་རྨད་དུ་བྱུང་བའི་མཚན་ཉིད་རིག་པའི་བརྩམས་ཆོས་དང་། ལོ་རྒྱུས་དང་དཔལ་འབྱོར་སྐོར་གྱི་བརྩམས་ཆོས་སོགས་མཚན་ཉིད་འདི་ལྟར་ན་རྩོམ་རིག་ཏུ་ཐལ་བའི་སྐྱོན་ཡོད་ཅིང་དེ་ལྟར་ན་རྩོམ་རིག་དང་རྩོམ་རིག་ཡིན་པ་ལས་ལོག་པའི་ཁྱད་པར་འབྱེད་ཐབས་མེད་པས་དམིགས་སུ་བཀར་ནས་རྩོམ་རིག་ཅེས་མཚན་གཞི་ཞིག་ངོས་བཟུང་ནས་དེར་མཚན་ཉིད་འཇོག་པའི་དགོས་པ་ཆུང་བར་གྱུར། རྩོམ་རིག་དང་རྩོམ་རིག་ཡིན་པ་ལས་ལོག་པའི་དབར་གྱི་ཁྱད་པར་འབྱེད་ཆོས་ཀྱི་ཚད་གཞི་ནི། རྩོམ་རིག་རང་ལ་ཐུན་མོང་མ་ཡིན་པའི་མཚན་ཉིད་ཅིག་ཚང་དགོས་པ་དེ་ཡིན། དེས་ན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་《ཤེས་བ་ཀུན་ཁྱབ་》ཏུ་མཚན་ཉིད་ཀྱི་སྐྱོན་ལ་དབྱེ་ན། ༡. མ་ཁྱབ་པའི་མཚན་ཉིད་ཀྱི་སྐྱོན། ༢.ཁྱབ་ཆེས་པའི་མཚན་ཉིད་ཀྱི་སྐྱོན། ༣. མཚན་གཞི་ལ་མི་གནས་པའི་མཚན་ཉིད་ཀྱི་སྐྱོན་ཞེས་གསུངས་པ་ལས་སྐྱོན་གཉིས་པ་ལྡན་པ་ནི་མངོན་སུམ་དུ་གྲུབ།   
        སྐྱོན་གཉིས་པ་ཡང་གྲུབ་སྟེ། རེབ་གོང་རྡོ་རྗེ་མཁར་གྱིས“སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་དེ་ཉིད་སྙན་ངག་གི་མཚན་ཉིད་དུ་བཞག་ན་ཅུང་ཟད་མི་འོས་པར་མངོན། དེ་ལས་སྙན་ཞེས་པ་ནི་སྒྲ་འཛིན་དབང་པོའི་ཡུལ་དུ་སྙན་པའི་དོན་ཡིན། ཡིད་འཕྲོག་པ་ཞེས་པ་ནི་ཡིད་དུ་འོང་བའམ་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པའི་དོན་ཡིན། ཚིག་ནི་སྡེབ་ལེགས་སྙན་པའི་ཚིག་སྦྱོར་ལ་གོ། དེ་ལས་སྙན་ཞིང་ཡིད་དབང་འཕྲོག་པ་ཞེས་པ་ནི་སྐབས་འདིར་ཚིག་ཅེས་པའི་བྱེད་ལས་མཚོན་བྱེད་ཙམ་མམ། ཡང་ན་ཚིག་དེ་ཉིད་མཛེས་བྱེད་ཀྱི་རྒྱན་ལྟ་བུར་གྱུར་ཡོད་ལ། ཚིག་ཅེས་པའང་སྐབས་འདིར་སྙན་ཞིང་ཡིད་དབང་འཕྲོག་པ་ཞེས་བྱ་བས་མཛེས་བྱེད་ཀྱི་གཞིའམ་ཡུལ་ཁོ་ན་ཉིད་དུ་གྱུར་བ་ལ་རེ་ཞིག་གཞིགས་ན། སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་ཅེས་པའང་དོན་ལ་ཡིད་དུ་འོང་བའི་ཚིག་སྦྱོར་སྙན་པོ་ལས་འདའ་མི་སྲིད་པས། ཡིད་དུ་འོང་བའི་ཚིག་སྦྱོར་སྙན་པོ་ཙམ་སྙན་ངག་གོ་བྱེད་ཀྱི་མཚན་ཉིད་དུ་འདོད་པ་ནི་དོན་ལ་གནས་པར་མི་སེམས”③ཞེས་གསུངས་པ་བཞིན། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ཀྱང“སྙན་ངག་ནི་སྒྲ་གཙོ་བོ་ཡིན་པས་ཐམས་ཅད་དུ་སྐྱོན་མེད་པར་བྱ་བར་བྱའོ”④ཞེས་དང་། བོད་མཁས་པས“སྤྱིར་སྙན་ངག་ཅེས་པ་རྣ་བར་སྙན་ཞིང་ཡིད་འཕྲོག་པའི་ཚིག  དེ་ལ་གང་གི་སྦྱོར་བས་མཛེས་པར་བྱ་བའི་ཡུལ་ལམ་གཞིའམ་ཆོས་ཅན་མ་ལུས་དང་། དེ་མཛེས་བྱེད་ཀྱི་ཆོས་ཚིག་གི་སྦྱོར་བ་རྣམས་ལ་རྒྱན་ཞེས་ཐ་སྙད་རྣམ་པར་བཞག”⑤ཅེས་མཁས་པ་སྔ་མ་རྣམས་ཀྱིས་ཀྱང་ཚིག་སྦྱོར་ཁོ་ནར་དགོངས་ནས་གསུངས་ཡོད། ཚིག་སྦྱོར་ཁོ་ནར་དགོངས་ནས་གསུངས་པའམ་གོ་དོན་བཞག་པ་དེས་སྐྱོན་གཉིས་པ་ཐོན་པ་ཡིན། རྩོམ་རིག་དང་སྐད་ཡིག་གི་འབྲེལ་བ་གཅིག་པུའི་ཐོག་ནས་གོ་དོན་བཞག་པ་དེ། མ་གཞི“རྩོམ་རིག་ནི་སྐད་ཡིག་གི་སྒྱུ་རྩལ་ཡིན”ཞེས་ཀུན་ལ་འབྲུག་ལྟར་གྲགས་ཤིང་མེ་ལྟར་ཁས་འཆེས་པའི་བསྟན་དོན་དང་མཚུངས་པས། རྩོམ་རིག་དང་སྐད་ཡིག་གཅིག་པུའི་འབྲེལ་བའི་ངོས་ནས་བཤད་ན་དོན་ལ་གནས་པའི་བདེན་དོན་ལྕགས་ཀྱི་རི་བོ་ལྟ་བུ་ཞིག་ཡིན་ནའང་། རྩོམ་རིག་ནི་ཚིག་གི་སྦྱོར་བ་འབའ་ཞིག་ལས་གྲུབ་པ་ཞིག་མ་ཡིན་པས། ཚིག་གི་སྦྱོར་བ་ཁོ་ནས་རྩོམ་རིག་ཡིན་པར་བསྒྲུབ་མི་ནུས་ལ། མ་ཡིན་པར་ཡང་བསྒྲུབ་མི་ནུས། བརྡ་སྤྲོད་རིག་པར“མིང་གི་ཁོངས་ནས་ཚིག་ཕྱུང་ཤིང་། ཚིག་གིས་དོན་རྣམས་སྟོན་པར་བྱེད”ཅེས་གསུངས་པ་ལྟར། ཚིག་ནི་དོན་སྟོན་པའི་དགོས་པར་གཞིགས་ནས་ཉམས་ཁྱད་པར་ཅན་གྱི་ཕྲེང་བར་སྤེལ་བ་ལས། དོན་མཚོན་པའི་དགོས་པ་མེད་ན། ཚིག་གི་སྦྱོར་བ་ལ་འབད་པའི་དགོས་པ་མེད། དེའི་ཕྱིར་གོ་དོན་དེས་མ་མཐར་ཡང་ཚིག་གིས་བསྟན་བྱའི་རྩོམ་རིག་གི་དོན་ལ་བསམ་གཞིགས་གནང་མེད།  འོ་ན་ཚིག་དོན་གཉིས་ཚང་བ་ཙམ་གྱིས་གོ་དོན་གནད་ལ་འཁེལ་པ་ཞིག་འཇོག་པར་ནུས་སམ་ཞེ་ན། དེ་ཡང་མ་ཡིན། རྩོམ་རིག་གི་ཚིག་དོན་ནི་རིག་ཚན་གཞན་དང་མི་འདྲ་བར་རང་གི་ཁྱད་ཆོས་ལྡན་པའི་ཚིག་དོན་ཞིག་ཡིན། དེ་ཡང་ཚིག་གི་དབང་དུ་བྱས་ན། རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པ་གཞིར་བཅས། གཟུགས་བརྙན་གྱི་རང་བཞིན་ལྡན་པ་ཞིག་དང་། དོན་གྱི་དབང་དུ་བྱས་ན་རྩོམ་པ་པོས་སྤྱི་ཚོགས་ཀྱི་འཚོ་བར་མཛེས་དཔྱོད་ཀྱིས་དཔྱད་དེ་ཐོབ་པའི་མྱོང་བ་ཞིག་ཡིན་དགོས། རྩོམ་རིག་གི་གོ་དོན་ལ་རྩོམ་རིག་རང་གི་ཁྱད་ཆོས་དང་མཐུན་པར་ཚིག་དོན་གཉིས་ཀའི་སྒོ་ནས་བཞག་ན་དོན་ལ་གནས་པ་ལས་གཞན་གྱིས་མི་ནུས་པའི་རིགས་པ་འདིས་སྐྱོན་གཉིས་པ་གསལ་རྟོགས་ནུས་པ་དང་། འཇུ་མི་ཕམ་གྱི་དགོངས་པ་དེ་ཡང་ཁེགས་པར་ནུས། འདོད་ཚུལ་གཉིས་པ་ནི། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་བོད་ཀྱི་རྩོམ་རིག་ལག་ལེན་འཕེལ་རྒྱས་འགྲོ་བའི་དུས་མཚམས་གསར་པ་ཞིག་དབུ་ཚུགས་པ་དང་འབྲེལ། རིག་པའི་གཞུང་ལུགས་ཐོག་ནས་རྩོམ་རིག་གི་གནས་ལུགས་ཁག་ལའང་ཞིབ་འཇུག་བགྱི་འགོ་ཚུགས་པའི་དུས་སུ་བྱུང་ཞིང་། དེ་ནི“ཚུར་སྣང་སྨྲ་བའི་རིགས་པ”ལས་བྱུང་བའི་རྒྱ་ཡིག་གི་རྩོམ་རིག་གཞུང་ལུགས་ལ་སློབ་སྦྱོང་བྱས་ནས་བྱུང་བའི་འབྲས་བུ་ཞིག་ཡིན། “ཚུར་སྣང་སྨྲ་བའི་རིགས་པ”ཞེས་པ་ནི་དངོས་གཙོ་སྨྲ་བའི་ངོས་འཛིན་གྱི་རིགས་པ་ཞིག་ཡིན་པ་དང་། དེའི་འདོད་ཚུལ་ནི་དངོས་པོ་ཨང་དང་པོ་དང་སེམས་པ་ཨང་གཉིས་པར་འཇོག་པ་ཡིན་ཞིང་། རྩ་བའི་དམ་བཅའ་དེར་བརྟེན་ནས། མིའི་རིགས་ཀྱི་ངོས་འཛིན་ནི་ཕྱི་རོལ་ཡུལ་གྱི་བྱ་དངོས་ཀྱི་ཚུར་སྣང་ཡིན་པར་འདོད། མིའི་རིགས་ཀྱི་ངོས་འཛིན་ནི་ཕྱི་རོལ་ཡུལ་གྱི་བྱ་དངོས་ཚུར་སྣང་བྱེད་པ་ཞིག་ཡིན་པར་འདོད་པའི་མཚན་ཉིད་རིག་པའི་ལྟ་བ་འདི་རྩ་བའམ་རྨང་གཞིར་བཟུང་ནས་རྩོམ་རིག་གི་གནས་ལུགས་འགྲེལ་བ་རྣམས་ལ་ཚུར་སྣང་སྨྲ་བའི་ལུགས་ཞེས་བརྗོད། ཚུར་སྣང་སྨྲ་བའི་རྩོམ་རིག་གི་གཞུང་ནི་ཐོག་མར་དུས་རབས་འདིའི་ལོ་རབས་སུམ་ཅུ་པར་ཨུ་རུ་སུར་དར་བ་དང་། གཞུང་དེ་རྒྱ་ཡིག་ཏུ་བསྒྱུར་ཅིང་དེ་གཞིར་བཟུང་ནས་རྩོམ་སྒྲིག་བྱས་པས་རྒྱའི་རྩོམ་རིག་གི་གཞུང་རྣམས་བྱུང་བ་ཡིན། དེས་རྩོམ་རིག་ལ་བཞག་པའི་གོ་དོན་ནི་གང་གི་རྨང་གཞིར་གྱུར་པའི་མཚན་ཉིད་རིག་པ་དང་མཐུན་པར།“རྩོམ་རིག་ནི་སྐད་དང་ཡི་གེར་བརྟེན་ནས་སྤྱི་ཚོགས་ཀྱི་འཚོ་བ་གཟུགས་བརྙན་བཞིན་ཚུར་སྣང་བྱེད་པ”ཞིག་ལ་འདོད། དེ་སྐོར་དེ་སྔོན་རྒྱའི་རྩོམ་རིག་གཞུང་ལུགས་ནང་གྲགས་ཆེ་ཤོས།  ཡེ་ཇུན་གྱི《རྩོམ་རིག་གི་རྩ་བའི་གནས་ལུགས》⑥ཞེས་པ་དང་། ཚས་ཡིས་ཀྱི《རྩོམ་རིག་རགས་བཤད》ཅེས་པ་ཚང་མར་འདོད་ཚུལ་དེ་གཅིག་མཐུན་དུ་གསུངས་འདུག རང་རེ་བོད་པ་རྣམས་ཀྱིས་རྒྱ་རིགས་ཀྱི་རྩོམ་རིག་གཞུང་ལུགས་ལ་སློབ་སྦྱོང་བྱས་རྗེས། “རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་སྦྱོར”ཞེས་པའི་མཚན་ཉིད་དེ་ཚིག་གི་སྦྱོར་བ་ཙམ་ལས་དོན་གྱི་ཁྱད་ཆོས་བཟུང་མེད་པའི་སྐྱོན་ཅན་དུ་མཐོང་ནས། དོན་གྱི་ཁྱད་ཆོས་བཟུང་སྟེ་གོ་དོན་རེ་བཞག་ཡོད་པ་ནི་གོང་དུ་འདོད་ཚུལ་གཉིས་པའི་ངེས་དོན་བསྟན་སྐབས《སྙན་ངག་གི་དོགས་གཅོད་ཐེ་ཚོམ་གྱི་དྲྭ་བ་གཅོད་པའི་རལ་གྲི》དང་། 《སྙན་ངག་གི་རང་མདངས་གསར་པ》ཁག་སོ་སོས་སྙན་ངག་ལ་བཞག་པའི་གོ་དོན་ལུང་དྲངས་པ་ལས་མཚོན་ཐུབ།   
        འདོད་ཚུལ་གཉིས་པས་དོན་ལ་བསམ་གཞིགས་ཀྱིས་གོ་དོན་བཞག་པ་ན། སྲོལ་རྒྱུན་གྱི་ལྟ་བ་དང་བསྡུར་ན་རྩོམ་རིག་ལ་འཛིན་པའི་ངོས་འཛིན་ཆ་ཚང་ཞིང་ཡང་དག་ཏུ་སོང་ཡོད་ནའང་། སྤྱི་མ་སྤོམ་གྱིས་བརྗོད་བྱའི་དོན་དེ་སྤྱི་ཚོགས་ཀྱི“གནས་ཚུལ”དང“ནང་དོན”ཞེས་མདོར་ན་ཚུར་སྣང་སྨྲ་བའི་རིགས་པ་རགས་པའམ་གཞན་དབང་ཚུར་སྣང་སྨྲ་བས་བསྟན་པའི“སྤྱི་ཚོགས་ཀྱི་འཚོ་བ”ཡིན་པར་གསུངས་པས། རྩོམ་པ་པོའི་རང་སྣང་ཡུལ་ཅན་གྱི་རང་བཞིན་སྣང་ཆུང་ཤོར་བ་དང་། རྩོམ་རིག་གི་བརྗོད་བྱའི་དངོས་པོའམ་བསྟན་བྱའི་དོན་གྱི་ཁྱད་ཆོས་འཛིན་མ་ཐུབ་པའི་སྐྱོན་བྱུང་ཞིང་། མདོར་ན་དེ་ནི་རྩོམ་རིག་གི་དམིགས་བསལ་ཁྱད་ཆོས་གཙོ་བོ་བཟུང་མ་ཐུབ་པའི་སྐྱོན་ཡིན།   
        རླབས་ཆེན་གྱི་སྐྱེ་བོ་མའོ་ཙེ་ཏུང་གིས“རྩོམ་རིག་ནི་མིའི་རིགས་ཀྱི་འཚོ་བ་རྩོམ་པ་པོའི་ཀླད་ངོར་ཚུར་སྣང་བྱུང་བའི་ཐོན་དངོས་ཤིག་ཡིན”པར་གསུངས་ནས་རང་སྣང་ཡུལ་ཅན་ནི་གལ་པོ་ཆེ་ལ་ངེས་ངེས་གནང་བ་ལྟར། བརྩམས་ཆོས་ཀྱི་བསྟན་དོན་ནི་སྤྱི་ཆོགས་ཀྱི་འཚོ་བ་རྐྱང་པ་ཙམ་མ་ཡིན་པར་རྩོམ་པ་པོའི་རང་སྣང་ཡུལ་ཅན་ཡང་ཡིན། གལ་སྲིད་སྤྱི་ཚོགས་ཀྱི་འཚོ་བ་རྐྱང་པ་ཙམ་བརྗོད་དོན་དུ་ངོས་བཟུང་ནས་རྩོམ་པ་པོས་སྤྱི་ཚོགས་འཚོ་བར་མཛེས་དཔྱོད་ཀྱིས་དཔྱད་ནས་ཉམས་སུ་མྱོང་སྟེ་ཐོབ་པའི་མྱོང་བ་སྟེ་རང་སྣང་ཡུལ་ཅན་མཚོན་བའི་དོན་གཙོ་བོར་མ་བཟུང་ན། རྩོམ་པ་པོ་གཟུགས་བརྙན་དཔར་དུ་བསྐྲུན་མཁན་གཞན་དབང་པར་ཆས་ཀྱི་བྱེད་ནུས་དང་མཚུངས་པས། གསར་རྩོམ་གླེང་ཐབས་བྲལ་བ་དང་། རྩོམ་པ་པོ་ཞེས་མེད་པ་ཞིག་གསར་དུ་འཆོས་མཁན་གྱི་མིང་འདོགས་པའང་དགོས་པ་མེད་པར་གྱུར་ལ། དེ་ལྟར་ན་རྩོམ་རིག་གི་བརྩམས་ཆོས་བྱེད་པོ་སུས་བརྩམ་པ་ཡིན་ཞེ་ན་བརྗོད་དཀའ་བར་གྱུར། དེ་ལྟར་ན་རྩོམ་རིག་ནི་སྤྱི་ཚོགས་འཚོ་བའི་གདོད་མའི་རྣམ་པ་ཇི་བཞིན་འཁྲུལ་མེད་ཚད་གྲུབ་དང་། མངོན་སུམ་དུ་མཚོན་ནུས་པའི་རྣམ་པ་ཞིག་ཏུ་ཁས་ལེན་དགོས། འདོད་ཟེར་ན། རྩོམ་རིག་གིས་འདས་ཟིན་གྱི་འཚོ་བ་ཇི་བཞིན་མཚོན་ནུས་པ་གང་ཞིག འབྱུང་འགྱུར་གྱི་འཆོ་བའང་འཁྲུལ་མེད་ཡང་དག་མཚོན་པར་ཁས་ལེན་དགོས་ལ། ཡུལ་དུས་ཀྱིས་བར་ཆོད་པའི་འཚོ་བ་རྩོམ་རིག་གི་རྣམ་པ་ལ་བརྟེན་ན་ག་དུས་མཚོན་ནའང་བདེན་པ་ཡིན་པར་ཁས་ལེན་དགོས། དེ་ལྟར་ན་རྩོམ་རིག་གི་བརྩམས་ཆོས་ཀྱི་བརྗོད་བྱ་ཚང་མ་བདེན་པ་དང་ཚད་མ་ཡིན་དགོས། དོན་དངོས་ཐོག་རྩོམ་རིག་གི་བརྩམས་ཆོས་ཡོད་དོ་ཅོག་རང་སྣང་ཡུལ་ཅན་དང་ཕྱི་རོལ་ཡུལ་གཅིག་གྱུར་དང་། མངོན་མཚོན་དང་བསྐྱར་མཚོན་གཅིག་གྱུར་ལས་བྱུང་ཞིང་།  རྩོམ་པ་པོའི་རང་སྣང་ཡུལ་ཅན་གྱི་མྱོང་བ་མངོན་ཚོན་བྱེད་ཆེད། གཞི་ནས་རྩོམ་པ་པོས་རང་གི་ཕུན་སུམ་ཚོགས་པའི་བསམ་པའི་བཀོད་པ་ལ་གཞིགས་ཏེ་སྤྱི་ཚོགས་ཀྱི་འཚོ་བ་སླར་ཡང་མཐུན་སྦྱོར་གྱིས་རྩོམ་རིག་གི་བརྩམས་ཆོས་གྲུབ་པ་ཡིན། དེའི་ཕྱིར་རྩོམ་རིག་གི་བརྩམས་ཆོས་ནང་སྤྱི་ཚོགས་ཀྱི་འཚོ་བ་བཀོད་འབྲི་བྱེད་པ་ནི། ལུགས་བརྒྱབ་པ་བཞིན་སྟབས་བདེའི་འདྲ་བཤུ་ཞིག་མ་ཡིན་པར། མཛེས་དཔྱོད་ཀྱི་གསར་རྩོམ་ཞིག་ཡིན་པ་དང་། རྩོམ་པ་པོའི་རང་སྣང་ཡུལ་ཅན་གྱི་མྱོང་བ་མངོན་མཚོན་བྱེད་ཆེད་སྤྱི་ཚོགས་ཀྱི་འཚོ་བ་བཀོད་འབྲི་བྱས་པ་ཞིག་ཡིན། བརྩམས་ཆོས་ནང་བསྟན་པའི་སྤྱི་ཚོགས་ཀྱི་འཚོ་བ་ནི་ཆ་འདྲ་བའམ་དེའི་གྲིབ་གཟུགས།  ཡང་ན་འཚོ་བ་བཏགས་པ་བ་ཞིག་ཡིན་པ་ལས་ཚད་མ་ནི་མིན། དེས་ན་རྩོམ་རིག་གིས་ཀྱང་རྩོམ་པ་པོའི་རང་སྣང་ཡུལ་ཅན་གྱི་མྱོང་བ་མངོན་མཚོན་ནུས་པ་མ་ཟད། སྤྱི་ཚོགས་ཀྱི་འཚོ་བ་བཏགས་པ་བ་ཞིག་ཀྱང་ཚུར་སྣང་ནུས་པས་སྤྱི་ཚོགས་ཀྱི་འཚོ་བ་མངོན་མཚོན་ནུས་པར་བཤད་ཆོག་ཅིང་། དེས་མི་རྣམས་ལ་འཚོ་བར་འཛིན་པའི་ངོས་འཛིན་ལ་སོགས་གསལ་པོ་ཡོང་བར་ཕན་ཐོགས་ངེས་ཅན་ཞིག་ཡོད་པ་དང་། སློབ་གསོའི་ནུས་པ་གང་ལེགས་ཐོན་པར་གདོན་མི་ཟ།                       
གསུམ་པ།
        《ནུབ་ཕྱོགས་ཀྱི་རིག་རྩལ་གཞུང་ལུགས་བྱུང་བ》ལྟར་ན་ནུབ་ཕྱོགས་རིག་རྩལ་གཞུང་ལུགསཀྱི་འཕེལ་རིམ་ཁྲོད་རིག་རྩལ་གྱི་བསམ་བློའི་རླབས་རྒྱུན་ལུ་གུ་བརྒྱུད་དུ་བྱུང་བ་དང་། རིག་རྩལ་གྱི་གྲུབ་མཐའ་གཅིག་མིན་གཉིས་མིན་དུ་མ་བྱུང་བར་གཞིགས་ན། རྩོམ་རིག་གི་ལྟ་བ་ཡང་འདྲ་མིན་སྣ་ཚོགས་འབྱུང་བར་གོར་མ་ཆག དཔེར་ན། ལ་ལས་མཚན་ཉིད་རིག་པའི་ཐོག་ནས་རྩོམ་རིག་ནི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པར་འདོད་པ་དང་། འགའ་ཞིག་མཛེས་དཔྱོད་ཀྱི་སེམས་ཁམས་ཐོག་ནས་རྩོམ་རིག་གི་ངོ་བོ་ནི་མཛེས་དཔྱོད་དང་བརྩེ་སེམས་མངོན་མཚོན་བྱེད་པ་ཞིག་ཡིན་པར་འདོད། ཁག་གཅིག་རྩོམ་རིག་གི་རྣམ་པ་དང་རྩོམ་ལུས་ཀྱི་ཐོག་ནས་དབྱེ་ཞིབ་ཀྱིས། རྩོམ་རིག་ནི་རྩོམ་རིག་གི་བརྩམས་ཆོས་ལ་འདོད་ཅིང་།  རྩོམ་རིག་གི་ཞིབ་འཇུག་བྱ་ཡུལ་ནི་བརྩམས་ཆོས་ཁོ་ན་ལས། བརྩམས་ཆོས་ཀྱི་དུས་རབས་དང་། རྩོམ་པ་པོའི་མྱོང་བ། བསམ་བློ། ཀློག་པ་པོའི་རྣམ་འགྱུར་བཅས་དང་འབྲེལ་བ་མེད་པར་འདོད། ལ་ཤས་ཀྱིས་སྒྲ་རིག་པའི་ཐོག་ནས་རྩོམ་རིག་ནི་སྒྲ་རིག་པའི་བྱེ་བྲག་ཏུ་འདོད་པ་སོགས་མང་། ད་ལྟ་ཁ་ཅིག་གིས་ཕྱོགས་བསྡོམས་བྱས་པར་གཞིགས་ན་རྩོམ་རིག་གི་ངོ་བོའི་སྐོར་བཞེད་པ་མི་འདྲ་བ་གཙོ་ཆེ་བ་བཅུ་གྲངས་ཡོད་ཅིང་། ཆུང་བ་བརྩི་ན་དེ་བས་བགྲང་གིས་མི་ཆོད། ཡིན་ནའང་རྩ་བའི་ལྟ་བ་ནི་བསྐྱར་མཚོན་སྨྲ་བ། (再现说)དང་། མངོན་མཚོན་སྨྲ་བ(表现说)གཉིས་ཡིན་ཞིང་། ལྟ་བ་གཞན་རྣམས་ཕལ་ཆེ་བ་འདི་གཉིས་ཁོངས་སུ་འདུ་བར་ནུས། རྩ་བའི་ལྟ་བ་འདི་གཉིས་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། གཉིས་ཀས་ཡང་སྙིང་རྩོམ་རིག་གི་བརྗོད་བྱ་ཇི་ཡིན་ཞིབ་འཇུག་གིས་རྩོམ་རིག་གི་ངོ་བོའི་རང་བཞིན་ལ་འགྲེལ་པ་བྱེད་པ་དེ་ཡིན།   
        ༡.བསྐྱར་མཚོན་སྨྲ་བ།  
        བསྐྱར་མཚོན་སྨྲ་བ་ཞེས་པ་ནི། སྒྱུ་རྩལ་དེ་འཚོ་བ་ལས་འབྱུང་བ་གང་ཞིག འཚོ་བ་བསྐྱར་མཚོན་བྱེད་པར་འདོད་པའི་ལྟ་བ་ཞིག་ཡིན། “འདྲ་འབྲི”(摹仿)རྩ་བར་གྱུར་པའི་བསྐྱར་མཚོན་གཞུང་ལུགས(再现理论)ནི་ནུབ་ཕྱོགས་སུ་དུས་ཡུན་རིང་པོའི་ནང་དབང་སྒྱུར་གྱི་གོ་གནས་བཟུང་བའི་རྩོམ་རིག་གི་ལྟ་བ་ཞིག་ཡིན་པ་དང་། སྒྱུ་རྩལ་པ་དང་གཞུང་ལུགས་སྨྲ་བའི་དབང་པོ་ཇི་སྙེད་ལ་སྒྱུ་རྩལ་གྱི་རང་བཞིན་ནི་རང་བྱུང་འདྲ་འབྲི་དང་། བསྐྱར་མཚོན་བྱེད་པ་ཡིན་པར་མི་ཕྱེད་པའི་དད་པ་ཡོད།   
        ཆེས་སྔ་བ་གནའ་བོའི་ཀེ་རི་སེའི་དུས་ཧོ་ལ་ཁཱ་ལི་ཐཱ་ཡི་ཐོར་གྱར་དུ་སོང་བའི་གསུང་རྩོམ་ཁྲོད“སྒྱུ་རྩལ་ནི་རང་བྱུང་འདྲ་འབྲི”ཡིན་པའི་གླེང་ཐོག་མར་བྱུང་བ་དང་། དེ་རྗེས་སྒྱུ་རྩལ་ནི་རང་བྱུང་འདྲ་འབྲིའི་ལྟ་བ་དེ། མཚན་ཉིད་རིག་པ་དང་། མཛེས་རིག  རིག་རྩལ་གཞུང་ལུགས་བཅས་པའི་ཁྲོད་ཡང་སྐོར་བསྐྱར་སྐོར་གྱིས་ཐོན་པ་མ་ཟད། འདྲ་འབྲི་ནི་མིའི་རིགས་ཀྱི་རང་བཞིན་ལྷན་སྐྱེས་ཀྱི་མཐུ་ནུས་ཤིག་ཏུ་བརྩིས་ནས་སྒྱུ་རྩལ་གྱི་འབྱུང་ཁུངས་ཀྱང་འདྲ་འབྲི་ཡིན་པར་ངོས་འཛིན་བྱས། དཔེར་ན་ཡོ་རོབ་གླིང་དུ་གདོད་མར་བྱུང་བའི་མཛེས་རིག་གི་གསུང་རྩོམ《སྙན་ངག་རིག་པའི》(诗学)ནང་ཡཱ་ལི་སི་ཏོ་ཏཱས“འདྲ་འབྲི”ནི་རྩོམ་རིག་གི“རྩ་བའི་གནས་ལུགས”ཤིག་ཏུ་བརྩིས་ནས་གྲོས་ཞིབ་གནང་ཡོད་པ་དང་། ཁོང་ལྟར་ན། སྒྱུ་རྩལ་ཐམས་ཅད་དོན་དངོས་ཐོག་འདྲ་འབྲི་ཡིན་པ་དང་། དེ་དག་གི་དབྱེ་བ་ནི་འདྲ་འབྲི་བྱེད་བྱད་དང་། བྱ་ཡུལ། ཐབས་ལམ་མི་འདྲ་བའི་སྟེང་ནས་འབྱེད་དགོས་པར་གསུངས་ཤིང་། འདྲ་འབྲི་བྱ་ཡུལ་གྱི་དངོས་ཡོད་འཇིག་རྟེན(现实世界)ནི་བདེན་གྲུབ་ཏུ་འདོད། ལྟ་ཚུལ་དེ་རྣམས་ཀྱིས་ཕྱིས་འབྱུང་རིག་རྩལ་གཞུང་ལུགས་ལ་བག་ཆགས་གཏིང་ཟབ་བྱུང་ཡོད། གཞན་ཡང་གནའ་བོའི་ཀེ་རི་མེའི་མཚན་ཉིད་རིག་པ་མཁས་ཅན་སྦ་ལ་ཐུའུ་ཡིས་ཀྱང་སྒྱུ་རྩལ་རྩོམ་པ་པོ་མེ་ལོང་ལག་ཏུ་ཐོགས་མཁན་གྱི་བྱེད་པོ་ལྟ་བུར་དཔེ་བཞག་ནས་གསུངས་ཡོད་པ་དང་། དེ་རྗེས་རིག་རྩལ་བསྐྱར་དར་གྱི་དུས་སུའང་ཤི་སི་སྦི་རི་སོགས་མཁས་དབང་རྣམས་ཀྱིས་ཀྱང་རྩོམ་རིག་གི་བརྩམས་ཆོས་ནི་གཟུགས་བརྙན་ཇི་བཞིན་གསལ་ནུས་པའི་མེ་ལོང་ལྟ་བུར་བསྟན་ཡོད། དུས་རབས་བཅུ་དགུ་པར་དངོས་ཡོད་རིང་ལུགས་ཀྱི་རིག་རྩལ་བསྐྱར་དར་བྱུང་བ་ན། བསྐྱར་མཚོན་གྱི་གཞུང་ལུགས་དེ་སླར་ཡང་ཡང་སྐོར་བསྐྱར་སྐོར་གྱིས་དར་སྤེལ་བཏང་ཡོད་དེ། གསར་བརྗེའི་དམངས་གཙོ་རིང་ལུགས་པའི་གཞུང་ལུགས་སྨྲ་བའི་དབང་པོ་སྦལ་ལིན་སི་ཅིའི་ཡིས།         “སྒྱུ་རྩལ་ནི་དངོས་ཡོད་ཀྱི་བསྐྱར་མཚོན་ཡིན་པའི”ལྟ་བ་བཟུང་བ་དང་། ཁྲར་ཉི་ཞོ་ཧྥུ་སི་ཅིའི་ཡིས་ཀྱང་སྒྱུ་རྩལ་ནི“རང་བྱུང་དང་འཚོ་བ་བསྐྱར་མཚོན”ཡིན་པར་འདོད། བསྐྱར་མཚོན་སྨྲ་བའི་ལྟ་བ་དེ་དུས་རབས་བཅུ་དགུ་པའི་བར་འཕེལ་རྒྱས་བྱུང་རྗེས། གཞུང་དེའི་ཕྱོགས་རེ་བའི་སྒོ་ནས་ཤེས་བྱའི་གནས་ལུགས་རྩད་ཞིབ་བྱེད་པའི་སྐྱོན་ཆ་མངོན་གསལ་དོད་དུ་སོང་བས། རླབས་ཆེན་གྱི་མཚན་ཉིད་རིག་པ་མཁས་ཅན་མ་ཁེ་སི་ལ་སོགས་པས་སུན་འབྱིན་ནན་པོ་གནང་བ་རེད།   
        ལྟ་བ་འདི་གོང་དུ་ཚུར་སྣང་སྨྲ་བ་རགས་པའི་ལྟ་བ་དང་ཕལ་ཆེར་ཆ་འདྲ་བས་ངེད་རྣམས་ཀྱིས་ཀྱང་སྐྱོན་གྱི་ཆ་གང་ཡིན་རྟོགས་ཐུབ་ཚོད་འདུག དེ་ཡང་རྩོམ་པ་པོའི་རང་སྣང་ཡུལ་ཅན་དང་། གསར་རྩོམ་གྱི་རང་བཞིན་རྦད་དེ་སྣང་མེད་དུ་བཏང་ཡོད་པ་དང་། རྩོམ་རིག་གི་བརྗོད་བྱར་གྱུར་པའི་འཚོ་བ་དེ་དོན་དངོས་ཀྱི་འཚོ་བ་ཚད་མ་ཡིན་པར་ངོས་འཛིན་པས། རང་མགོ་ལག་པས་འགེབ་ཀྱང་ཁེགས་པར་མི་ནུས་པའི་སྐྱོན་གྱི་ཕུང་པོ་མང་དག་གིས་འཚེ་བར་ངེས།   
        གལ་སྲིད་རྩོམ་པ་པོར་མེ་ལོང་ལག་ཏུ་འཐོག་མཁན་གྱི་བྱེད་ནུས་ཙམ་ལས་མི་ལྡན་ན། མེ་ལོང་ནང་གསལ་བའི་གཟུགས་བརྙན་ནི་བསམ་ཞིང་དཔྱད་ནས་བྱུང་བའི་འཚོ་བ་ཞིག་མིན་པར་ཁས་ལེན་དགོས། དེ་འདྲའི་གང་དྲན་དྲན་ལྟ་བུའི་འཚོ་བ་འདྲ་འབྲི་ལས་གྲུབ་པའི་བརྩམས་ཆོས་ནི་སྒྱུ་རྩལ་གྱི་བརྩམས་ཆོས་སུ་གྱུར་ན། དེའི་ཚད་འཛིན་ས་མེད་ལ། སྒྱུ་རྩལ་གསར་རྩོམ་ནི་སུས་ཀྱང་ནུས་པའི་བགྱི་བ་སླ་ཞིང་། རྩོམ་པ་པོ་དང་སྒྱུ་རྩལ་གྱི་བརྩམས་ཆོས་ཞེས་གཙིགས་སུ་བཟུང་དགོས་དོན་མེད། འོ་ན་བསམ་ཞིང་དཔྱད་ནས་བྱུང་བའི་འཚོ་བ་ཞིག་ལས་གང་དྲན་དྲན་མ་ཡིན་ཞེ་ན། དཔྱད་ནས་འདེམས་པར་རྩོམ་པ་པོའི་བློ་རིག་བཀོལ་དགོས་སམ་མི་དགོས། དགོས་ན་སྒྱུ་རྩལ་གྱི་བརྩམས་ཆོས་གྲུབ་པར་མ་མཐར་ཡང་རྩོམ་པ་པོའི་བློ་རིག་གི་ནུས་པ་དང་གསར་རྩོམ་གྱི་རང་བཞིན་ལྡན་པ་མ་ཡིན་ནམ། རྩོམ་པ་པོ་དང་གང་གི་གསར་རྩོམ་མེད་ན་རྩོམ་རིག་གི་བརྩམས་ཆོས་ནམ་མཁའི་མེ་ཏོག་ལས་ཀྱང་དཀོན་པའི་དཔེ་ལས་མ་འདས། དོན་དངོས་ཀྱི་གནས་ལུགས་འདི་ནི་བློ་དང་ལྡན་པ་སུས་ཀྱང་ཁས་ལེན་བྱེད་པའི་བདེན་དོན་ཞིག་ཡིན་ན། རང་སྣང་ཡུལ་ཅན་དང་གསར་རྩོམ་གྱི་རང་བཞིན་སྣང་མེད་དུ་གཏོང་བ་ནི་སྤྱིར་བཏང་མ་ཡིན་པའི་སྐྱོན་ཞིག་ཡིན། 
        རྩོམ་རིག་གི་བརྗོད་བྱ་འཚོ་བ་འདྲ་འབྲི་ཡིན་པར་འདོད་ན། རྩོམ་རིག་གིས་སྤྱི་ཚོགས་འཚོ་བ་ཚད་མ་ཞིག་བསྐྱར་མཚོན་ནུས་པར་ཁས་ལེན་དགོས། འདོད་ན། རྩོམ་རིག་གི་བསྟན་དོན་མཐའ་དག་བདེན་དོན་ཡིན་པ་དང་། དེར་རྩོམ་པ་པོའི་རང་སྣང་ཡུལ་ཅན་ནམ་བློ་རིག་གི་བཀོད་པ་དང་ནུས་པ་འགྲོ་ས་མེད་པ་དང་། གསར་རྩོམ་གྱི་དྲི་ཙམ་ཡང་མི་རུང་བ་སོགས་སྐྱོན་མང་དག་རིམ་པ་བཞིན་དུ་བྱུང་བས། དོན་དངོས་རྩོམ་རིག་གི་གནས་ལུགས་དང་རྦད་དེ་འགལ་བ་ཡིན། མདོར་ན་བསྐྱར་མཚོན་སྨྲ་བའི་སྐྱོན་གཙོ་བོ་ནི། ཡུལ་དང་ཡུལ་ཅན་གཉིས་སུ་དབྱེ་བ་ལས། སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་གྲུབ་པར་བྱེད་པའི་ཡུལ་ཅན་གྱི་གསར་རྩོམ་ནུས་པ་རྩིས་མེད་དུ་བཏང་ཞིང་། རྩོམ་པ་པོའི་རང་སྣང་ཡུལ་ཅན་གྱི་མྱོང་བ་སྣང་མེད་ཀྱིས་སྒྱུ་རྩལ་ནི་སྤྱི་ཚོགས་ཀྱི་འཚོ་བ་རེ་འགའ་བ་དང་ངོ་བོ་མཚུངས་པའི་དངོས་པོ་ཞིག་ཏུ་འདོད་ནས་མཐའ་གཅིག་ཏུ་ལྷུང་བ་དེ་ཡིན།   
        ༢.  མངོན་མཚོན་སྨྲ་བ།   
        མངོན་མཚོན་སྨྲ་བ་ཞེས་པ་ནི། སྒྱུ་རྩལ་དེ་རྩོམ་པ་པོའི་ནང་བསམ་པའི་འགྱུར་བ་མངོན་མཚོན་བྱེད་པ་གང་ཞིག་གསར་རྩོམ་བྱེད་པར་གང་ཟག་རང་ཉིད་ཀྱི་རང་སྣང་ཡུལ་ཅན་འབའ་ཞིག་ལ་བརྟེན་དགོས་པར་འདོད་པའི་ལྟ་བ་ཞིག་ཡིན།   
        ནུབ་ཕྱོགས་སུ་གསར་རྩོམ་གྱི་རང་སྣང་ཡུལ་ཅན་གྱི་ཆ་ནས་རིག་རྩལ་གྱི་ངོ་བོ་དང་། ཁྱད་ཆོས། ཆོས་ཉིད་བཅས་ཀྱི་གཞུང་ལུགས་ཞིབ་འཇུག་བྱེད་པ་དར་སྔ་པོ་ཡིན། ཆེས་སྔ་བ་ནི་གནའ་བོའི་ཀེ་རི་སེའི་མཚན་ཉིད་རིག་པ་མཁས་ཅན་སྦ་ལ་ཐུ་ཡིན་པ་དང་ཁོང་གིས་རིག་རྩལ་ནི་རིག་པའི་ཀློང་བརྡོལ་བའི(灵感)མངོན་མཚོན་ཞིག་ཡིན་པར་ངོས་འཛིན་གནང་ཡོད། དེ་རྗེས་རོ་མའི་དུས་རབས་ཀྱི་ཀེ་རི་སེའི་རྩོམ་པ་པོ་དང་། དཔྱད་གཏམ་མཁས་ཅན། ཧྥེ་ལོ་སི་ཆུ་ལཱ་ཏཱ་སི་ཡིས་སྒྱུ་རྩལ་གྱི་ངོ་བོ་དང་ཁྱད་ཆོས་ནི་འཆར་སྒོར་འདུ་ནུས་པ་ཞིག་ཡིན་པར་ངོས་འཛིན་གནང་ཡོད།   
        དུས་རབས་བཅོ་བརྒྱད་པར་འཇར་མན་གྱི་མཚན་ཉིད་རིག་པ་མཁས་ཅན་ཁང་ཏེས་སྙན་ངག་ནི“འཆར་སྒོའི་མཐུ་ནུས་ལ་བརྟེན་པའི་རང་དབང་གི་རོལ་རྩེད”ཅིག་ཡིན་པ་དང་། སྒྱུ་རྩལ་ནི་སྐྱེས་ཐོབ་ཤེས་རབ་ཀྱི་ཐོན་དངོས་ཤིག་ཡིན་པར་ངོས་འཛིན་གནང་ཞིང། དུས་རབས་བཅུ་དགུ་པའི་དུས་འགོར་འཆར་ཡན་རིང་ལུགས་ཀྱི་ལས་འགུལ་སྤེལ་བ་དང་སྦྲགས།  འདྲ་འབྲི་སྨྲ་བ་དང་འགལ་ཟླར་སོང་བའི་མངོན་མཚོན་སྨྲ་བ་གཞི་གྲུབ་པའི་འགོ་ཚུགས། དཔེར་ན་དབྱིན་ཇིའི་སྙན་ངག་མཁས་ཅན་ཧཱ་ཙི་ཧཱ་སིས“སྙན་ངག་ནི་ཤུགས་ཆེའི་བརྩེ་སེམས་ཀྱི་རང་བཞིན་མངོན་ཚུལ་ཞིག་ཡིན་ལ། དེའི་འབྱུང་ཁུངས་ནི་ཞི་འཇགས་ཀྱི་ཁྲོད་དྲན་གསོ་བགྱིས་པ་ལས་བྱུང་བའི་བརྩེ་སེམས་ཡིན”⑧ པར་འདོད་པ་དང་། ཞེ་ལའེ་ཡིས“སྤྱིར་འཆད་ན་སྙན་ངག་ནི་འཆར་སྒོའི་མངོན་མཚོན་ཡིན་པར་འགྲེལ་ཆོག” ⑨ཅེས་གསུངས་པ་ལྟར་ལགས།   
        མངོན་མཚོན་སྨྲ་བར་ཆ་ཚང་བའི་སྒོ་ནས་འགྲེལ་པ་མཛད་པོ་ནི་གཞུང་ལུགས་མཁ་ས་པ་ཨོ་ཀས་ཉི. ཧྥུར་ལུང་ཡིན་པ་དང་། ཁོང་གིས་1878ལོར་པར་དུ་བསྐྲུན་པའི《མཛེས་རིག》ཅེས་པའི་གསུང་རྩོམ་ནང“གལ་སྲིད་སྒྱུ་སྩལ་ལ་སྤྱིར་བཏང་གི་མཚན་ཉིད་ཅིག་འཇོག་དགོས་ན། ང་ཚོས་འདི་ལྟར་སྨྲ་བར་འོས་ཏེ། སྒྱུ་རྩལ་ཅེས་པ་ནི་བརྩེ་སེམས་ཀྱི་མངོན་མཚོན་ཡིན་པ་དང་། མངོན་མཚོན་ཞེས་པ་བརྩེ་སེམས་ཕྱི་རོལ་ཡུལ་གྱི་བྱ་དངོས་ཁྲོད་འགྲེལ་པ་ཐོབ་པའི་དོན་དང་ལྡན་ཞིང་། སྐབས་རེ་མངོན་མཚོན་ནུས་པའི་ཐིག་རིས་ཀྱི་རྣམ་པ་དང་ཡང་ན་ཚོན་མདངས་ཀྱི་སྒྲིག་བཀོད་ལ་བརྟེན་པ་དང་།  མཚམས་རེ་ཚིགས་འགྲོས་དང་དབྱངས་རྟ་དམིགས་བསལ་ལྡན་པའི་རྣམ་པ་སྒྲ་དང་ཡང་ན་སྐད་དང་ཡི་གེར་བརྟེན་པ་ཡིན”“སྒྱུ་རྩལ་གྱི་བརྩམས་ཆོས་ཀྱི་རིན་ཐང་ནི་་་་་་མཐར་གཏུགས་མངོན་མཚོན་གྱི་མཐུ་ནུས་ལ་བརྟེན་ནས་འཇལ་དགོས་པ་དང་། ་་་་དེས་མངོན་མཚོན་བྱེད་པའི་བརྩེ་སེམས་ཀྱིས་གང་གི་རིན་ཐང་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ལྡན་ཡོད”⑩ ཅེས་བསྟན་ཡོད། མངོན་མཚོན་སྨྲ་བ་དེ་མཛེས་རིག་དང་རིག་རྩལ་གཞུང་ལུགས་ཁྲོད་འཕེལ་རྒྱས་བྱུང་བ་ནི་དུས་རབས་ཉི་ཤུ་པར་ཡིན་ཞིང་། ཨི་ཊ་ལིའི་གྲགས་ཅན་མཛེས་རིག་མཁས་དབང་ཁེ་ལའོ་ཅི་དང་། དབྱིན་ཇིའི་རིག་རྩལ་གཞུང་ལུགས་མཁས་དབང་ཁོ་ལིན་འུ་ཏཱ་ཡིས་རིགས་པ་དེའི་མ་ལག་ཆ་ཚང་དུ་བཏང་བས་མངོན་མཚོན་རིང་ལུགས་ཀྱི་གཞུང་ལུགས་གྲུབ་ཡོད།   
        མངོན་མཚོན་སྨྲ་བས་རྩོམ་པ་པོའི་སེམས་ཁམས་ཀྱི་ཕྱོགས་ནས་རྐང་པ་བཙུགས་ཏེ་རྩོམ་རིག་གི་སྣང་ཚུལ་ཁག་ལ་འགྲེལ་པ་བྱས་ཡོད་ན། དེའི་དགེ་མཚན་ནི་དེ་སྔ་སྲོལ་རྒྱུན་གྱི་འདྲ་འབྲིའམ་བསྐྱར་མཚོན་སྨྲ་བས་སྣང་ཆུང་བཏང་བའི་རང་སྣང་ཡུལ་ཅན་གྱི་རང་བཞིན་དང་གསར་རྩོམ་རང་བཞིན་གཉིས་གཙིགས་སུ་བཟུང་བས། རྩོམ་རིག་གི་ངོ་བོ་དང་། ཁྱད་ཆོས། ཆོས་ཉིད་བཅས་ཀྱི་གནས་ལུགས་འགྲེལ་པ་བྱེད་པར་ནུས་པ་དཔོག་དཀའ་བ་ཐོན་ཡོད། ཡིན་ནའང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ནི་འགྲོ་བ་མིའི་བློས་བཏགས་པ་ཞིག་དང་། རྩོམ་རིག་ནི་རྩོམ་པ་པོའི་བློ་རིག་དང་འབྲེལ་བ་ལས། ཕྱི་རོལ་ཡུལ་གྱི་བྱ་དངོས་སམ་སྤྱི་ཚོགས་ཀྱི་འཚོ་བ་དང་འབྲེལ་མེད་རང་རྐྱང་ཡིན་པར་འདོད་པས། སླར་ཡང་མཐའ་གཅིག་ནས་གཅིག་ཏུ་ལྷུང་བ་རེད།   
        མིའི་རིགས་ཀྱི་བརྩེ་སེམས་དང་བརྩེ་སེམས་དེ་མངོན་མཚོན་བྱེད་པའི་སྒྱུ་རྩལ་ནི་ཕྱི་རོལ་ཡུལ་དང་འབྲེལ་བ་མེད་པར་རང་སྣང་ཡུལ་ཅན་འབའ་ཞིག་ཡིན་ཟེར་ན། བརྩེ་སེམས་ཏེ་རྩོམ་པ་པོའི་ནང་བསམ་པའི་འགྱུར་བ་ཅི་རིགས་པ་བརྩམས་ཆོས་ཀྱི་ནང་མངོན་མཚོན་བྱ་རྒྱུ་དེའི་རྒྱུ་ཡང་ཡུལ་ཅན་ཁོ་ན་ཉིད་ལས་མེད་པ་དང་། ཡང་ན་འགོ་མེད་ཆུ་བོ་དང་སྡོང་མེད་འབྲས་བུའི་དཔེ་རུ་གྱུར་པས། ལྟ་བ་ཡ་མཚན་ཅན་ཞིག་མ་ཡིན་ནམ། དོན་དངོས་ཐོག་ཡུལ་དང་ཡུལ་ཅན་འཕྲད་པ་ནས་རྣམ་འགྱུར་འབྱུང་ཞིང་། རྣམ་འགྱུར་དེ་ཡང་ལུས་ཁམས་ནས་མངོན་པ་ཡིན་ཏེ། ཁྲོས་ནས་ས་གཞི་དམར་པོར་གྱུར་པ་དང་། ཡང་དགའ་ནས་འཕག་མཆོང་ཤོར་བ་ལྟ་བུ་ཚང་མ་རྣམ་འགྱུར་གྱི་མངོན་ཚུལ་ཡིན་ན། ལུས་ཁམས་ཀྱི་མྱོང་བའམ་དབང་པོར་འཆར་བའི་མྱོང་བ་དེ་བརྩེ་སེམས་ཡིན་པ་ནི། སེམས་ཁམས་རིག་པའི་ལྟ་བ་འཁྲུལ་མེད་ཡིན། རྩོམ་རིག་གི་བརྩམས་ཆོས་ནང་མངོན་མཚོན་བྱ་རྒྱུའི་བརྩེ་སེམས་ཡིན་ནའང་འདྲ། འཆར་སྒོ་ཡིན་ནའང་འདྲ། རྩོམ་པ་པོས་འཚོ་བར་མཛེས་ཆོས་ཀྱིས་དཔྱད་ནས་ཐོབ་པའི་མྱོང་བ་ཡིན་ནའང་འདྲ། ཐམས་ཅད་ཡུལ་སྤྱི་ཚོགས་ཀྱི་འཚོ་བའམ་ཕྱི་རོལ་ཡུལ་གྱི་བྱ་དངོས་དེ་ཡུལ་ཅན་རྩོམ་པ་པོའི་རང་སྣང་ཡུལ་ཅན་ནམ་བློ་ངོར་འཆར་བའི་རྣམ་རྟོག་མི་འདྲ་བ་ཙམ་ཡིན་པས། དེ་དག་གི་རྒྱུ་ནི་སྤྱི་ཚོགས་ཀྱི་འཚོ་བ་ཡིན་པར་ཁས་ལེན་མ་བྱེད་ཀ་མེད་ཡིན། ནང་བསམ་པའི་འགྱུར་བ་རྣམས་སྤྱི་ཚོགས་ཀྱི་འཚོ་བར་བརྟེན་ན་མ་གཏོགས་མཚོན་ཐབས་མེད་པ་ནི་གོང་དུ་འཆད་ཟིན་པ་བཞིན་ཡིན། དེར་བརྟེན་བརྩམས་ཆོས་ཀྱི་རྩོམ་པ་པོའི་རང་སྣང་ཡུལ་ཅན་མངོན་མཚོན་ནུས་པ་ཙམ་མ་ཟད་སྤྱི་ཚོགས་ཀྱི་འཚོ་བ་བཏགས་པ་ཞིག་ཀྱང་མངོན་མཚོན་ནུས་པས།  རང་སྣང་ཡུལ་ཅན་ཙམ་མངོན་མཚོན་བྱེད་པ་ལས་དངོས་ཡོད་འཚོ་བ་དང་འབྲེལ་མེད་དུ་སྨྲ་བ་ནི་སླར་ཡང་མཐའ་གཅིག་ཏུ་ལྷུང་བའི་དཔེ་མངོན་སུམ་ཞིག་ཡིན། ང་ཚོས་བསྐྱར་མཚོན་སྨྲ་བ་དང་མངོན་མཚོན་སྨྲ་བའི་མཐའ་གཉིས་སུ་མ་ལྷུང་བར། རྩོམ་རིག་གི་ལུས་ཧྲིལ་པོར་དམིགས་ནས་རང་ངོས་ཀྱི་དོན་དངོས་པོའི་གནས་ལུགས་དང་མཐུན་པར་གོ་དོན་འཇོག་པའམ་ངོ་བོ་ངོས་འཛིན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན།                  
བཞི་པ།
        མཚམས་འདིར་རང་ཉིད་ཀྱི་མ་སྨིན་པའི་ལྟ་ཚུལ་ཞིག་མཇུག་སྡོམ་གྱི་ཚུལ་དུ་བརྗོད་པར་བྱ་སྟེ། དེ་ཡང་ཁོ་བོ་ལྟར་ན་རྩོམ་རིག་ནི་སྐད་དང་ཡི་གེར་བརྟེན་པ་གང་ཞིག རྩོམ་པ་པོས་སྤྱི་ཚོགས་ཀྱི་འཚོ་བར་མཛེས་དཔྱོད་ཀྱིས་དཔྱད་དེ་ཐོབ་པའི་མྱོང་བ་ཉིད་གཟུགས་བརྙན་གྱི་ལམ་ནས་མངོན་མཚོན་བྱེད་པ་ཞིག་ལ་འདོད། “སྐད་དང་ཡི་གེར་བརྟེན་པ”ཞེས་པའི་ཚིག་ཟུར་ལས། སྒྱུ་རྩལ་གྱི་རིགས་གཞན་རྩོམ་རིག་ཡིན་པར་འགོག་ནུས་པ་དང་། རྩོམ་རིག་གི་བརྩམས་ཆོས་ནི་ཅི་ནས་ཀྱང་སྐད་དང་ཡི་གེར་བརྟེན་དགོས་པ་མཚོན་ཐུབ། སྒྱུ་རྩལ་གྱི་བརྩམས་ཆོས་གཞན་རི་མོ་དང་རོལ་མོ་ལ་སོགས་པ་དང་རྩོམ་རིག་གི་ཁྱད་པར་འབྱེད་ཆོས་གཙོ་བོ་ནི་དེ་རྣམས་ཀྱིས་བརྗོད་དོན་མཚོན་བྱེད་ཀྱི་ཐབས་གང་བཀོལ་ལ་ལྟོས་ནས་ཚད་འཛིན་དགོས་ཤིང་། རྩོམ་རིག་གིས་སྐད་དང་ཡི་གེར་བརྟེན་པ་དང་། རི་མོས་ཚོན་མདངས། རོལ་མོས་སྒྲ་ལ་བཞིན། སྒྱུ་རྩལ་གྱི་རིགས་མི་འདྲ་བ་སོ་སོར་རང་རང་གི་ཁྱད་ཆོས་དང་མཐུན་པའི་ཐབས་རེ་བཀོལ་བཞིན་ཡོད་པས། དེ་ནི་སྒྱུ་རྩལ་ཕན་ཚུན་དབར་ཁྱད་པར་འབྱེད་ཆོས་གཙོ་བོ་ཡིན།   
        ཡང་ཁ་ཅིག་གིས་རྩོམ་རིག་ནི་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་སྦྱོར་ཡིན་ཞེས་དང་། ལ་ལས་དེ་སྒྲ་རིག་པའི་བྱེ་བྲག་ཅིག་ཡིན་ཞེས་པ། ཕལ་ཆེ་བས་སྐད་ཡིག་གི་སྒྱུ་རྩལ་ཡིན་ཞེས་གསུངས། དེ་དག་ནི་གཟུགས་མེད་གྲིབ་བཟོ་དང་གཞི་འཛིན་ས་མེད་པའི་བབ་ཅོལ་གྱི་གཏམ་ཞིག་གཏན་ནས་མ་ཡིན། “སྤྱི་ཚོགས་ཀྱི་འཚོ་བར་མཛེས་དཔྱོད་ཀྱིས་དཔྱད་དེ་ཐོབ་པའི་མྱོང་བ”ཞེས་པའི་ཚིག་ཟུར་ལས། རྩོམ་རིག་ཡིན་པ་ལས་ལོག་པ་མཚན་ཉིད་རིག་པ་དང་། ལོ་རྒྱུས་རིག་པ། བརྡ་སྤྲོད་རིག་པ་སོགས་རྩོམ་རིག་ཡིན་པར་འགོག་ནུས་པ་དང་།  རྩོམ་རིག་གི་བརྗོད་བྱ་རང་སྣང་ཡུལ་ཅན་འབའ་ཞིག་མིན་ལ་འཚོ་བ་ཚད་མ་བ་ཞིག་ཀྱང་མ་ཡིན་པར་རྩོམ་པ་པོས་མཛེས་ཆོས་ཀྱིས་དཔྱད་ནས་ཐོབ་པའི་མྱོང་བ་ཡིན་པར་བསྟན་ནུས་ཤིང་། མཐར་གཏུགས་ན་རྩོམ་རིག་གི་འབྱུང་ཁུངས་ནི་འཚོ་བ་ཡིན་པར་ཡང་བསྟན་ནུས། དེ་ལས་རྩོམ་རིག་ཡིན་པ་ལས་ལོག་པ་འགོག་ནུས་ཅེས་པ་དེ་ཡང་། མཚན་ཉིད་རིག་པ་ལ་སོགས་རིག་ཚན་གཞན་རྣམས་ནི། རིག་པའི་གཞུང་ལུགས་ཀྱི་རྣམ་པའི་ཐོག་ནས་ཤེས་བའི་གནས་ལུགས་ངོས་འཛིན་པ་དང་། རྩོམ་རིག་ནི་མཛེས་དཔྱོད་ཀྱི་རྣམ་པར་བརྟེན་ནས་ངོས་འཛིན་བྱེད་ཀྱི་ཡོད།   
        རང་སྣང་ཡུལ་ཅན་འབའ་ཞིག་མིན་པར་བསྟན་ནུས་ཏེ། འཚོ་བ་ནི་མཛེས་དཔྱོད་ཀྱི་དཔྱད་གཞི་ཡིན་ལ་མྱོང་བའི་རྒྱུ་ཡང་ཡིན། གལ་སྲིད་འཚོ་བ་མེད་ན་རྩོམ་རིག་གི་བརྗོད་བྱ་གྲུབ་ཐབས་མེད་ལ། འཚོ་བ་དེ་ཡང་ཚད་མ་བ་ཞིག་མ་ཡིན་པར་བསྟན་ནུས་ཏེ། རྩོམ་རིག་གི་བརྗོད་དོན་གཙོ་བོ་ནི་མཛེས་དཔྱོད་ཀྱི་མྱོང་བ་ཡིན་པས། དེ་འཚོ་བ་ལས་འབྱུང་ཞིང་། དེ་མངོན་མཚོན་བགྱིས་པར་འཚོ་བར་བརྟེན་དགོས་ནའང་། རྩོམ་རིག་ཏུ་འབྱུང་བའི་འཚོ་བ་ནི་གདོད་མའི་འཚོ་བའི་རྣམ་པ་ཇི་བཞིན་མི་ཡོང་བས། རྩོམ་པ་པོའི་རྟོག་བཟོའི་ལས་སྣོན་ནམ། གསར་རྩོམ་བརྒྱུད་མཐུན་སྦྱོར་མཛད་པ་ཞིག་ཡིན། རྩོམ་རིག་གིས་མངོན་མཚོན་བྱེད་པ་ནི།  རང་སྣང་ཡུལ་ཅན་འབའ་ཞིག་མིན་ལ། འཚོ་བ་ཚད་མ་བ་ཞིག་ཀྱང་མ་ཡིན་པར་རྩོམ་པ་པོས་སྤྱི་ཚོགས་ཀྱི་འཚོ་བར་མཛེས་དཔྱོད་ཀྱིས་དཔྱད་དེ་ཐོབ་པའི་མྱོང་བ་ཞིག་ཡིན་ཏེ། འཇར་པན་གྱི་དེང་རབས་རིག་རྩལ་གཞུང་ལུགས་སྨྲ་བའི་དབང་པོ་པང་ཐན་ཀྲང་ཤིའུ་ཡིས། “རྩོམ་རིག་ཅེས་པ་ནི། སྐད་དང་ཡི་གེར་བརྟེན་པ་གང་ཞིག འཆར་སྒོའི་ནུས་པར་བརྟེན་ནས་མི་རྣམས་ཀྱི་མྱོང་བ་ལས་འབྱུང་བའི་བསམ་བློ་དང་། བརྩེ་སེམས་མངོན་མཚོན་བྱེད་པའི་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ལ་ཟེར”⑾ཞེས་གསུངས་པ་བཞིན། རྩོམ་རིག་ནི་རྩོམ་པ་པོའི་མཛེས་དཔྱོད་ཀྱི་མྱོང་བ་མངོན་མཚོན་བྱེད་ཆེད་གཞི་ནས་འབྱུང་བ་དང་གྲུབ་པ་ཞིག་ཡིན། རྩོམ་རིག་གི་བརྩམས་ཆོས་གང་འདྲ་ཞིག་ཡིན་ནའང་དེ་གསར་རྩོམ་བྱེད་སྐབས་རྩོམ་པ་པོར་དམིགས་ཡུལ་རེ་ཡོད་དགོས། ཡང་ན་རང་གི་ལྟ་བ་ཞིག་མངོན་མཚོན་འདོད་པ་དང་། ཡང་ན་ངོས་འཛིན་ཞིག་མཚོན་འདོད་པ་ཡིན་ཞིང་། མངོན་མཚོན་བྱ་རྒྱུའི་ལྟ་བའམ་ངོས་འཛིན་དེ་དག་ནི་རྩོམ་པ་པོས་འཚོ་བར་མཛེས་དཔྱོད་ཀྱིས་ཐོབ་པའི་མྱོང་བ་ཡིན་པ་དང་། བརྩམས་ཆོས་ཤིག་གསར་རྩོམ་གྱི་སྐབས་ཐོག་མར་ངས་འདོད་དོན་འདི་འདྲ་ཞིག་མངོན་མཚོན་བགྱིས་སྙམ་པའི་བློ་འབྱུང་བ་དང་གཞི་ནས་འདོད་དོན་དེ་མངོན་མཚོན་གྱི་དགོས་པ་དང་མཐུན་པར་སྤྱི་ཚོགས་འཚོ་བ་མཐུན་སྦྱོར་གྱིས་མཛེས་དཔྱོད་ཀྱི་ཕུགས་བསམ་དང་བསྟུན་ནས་གསར་རྩོམ་གྱི་ལམ་ལ་འཇུག་གི་ཡོད། གལ་ཏེ་འདོད་དོན་འདི་འདྲ་ཞིག་མངོན་མཚོན་བགྱིས་པར་སྙམ་པའི་བློ་སྐྱེད་བྱེད་མཛེས་དཔྱོད་ཀྱི་མྱོང་བ་མེད་ན། རྩོམ་འབྲི་ལྟ་ཞོག འབྲི་བར་སྙམ་པའི་ཀུན་སློང་ཡང་འབྱུང་བ་མི་སྲིད། ལར་བརྩམས་ཆོས་གང་འདྲ་ཞིག་ཡིན་ནའང་དེར་བརྗོད་དོན་སྙིང་པོ་ཞིག་ཡོད་པ་དང་། དེ་བརྗོད་བྱ་དུ་མ་ལ་བརྟེན་ནས་མངོན་མཚོན་བྱེད་ཀྱི་ཡོད་པས། དེ་ནི་རྩོམ་པ་པོས་སྤྱི་ཚོགས་ཀྱི་འཚོ་བར་མཛེས་དཔྱོད་ཀྱིས་དཔྱད་ནས་ཐོབ་པའི་མྱོང་བ་གཙོ་བོ་ཞིག་ཡིན།   
        གཞན་ཡང་རྩོམ་པ་པོའི་མཛེས་དཔྱོད་ཀྱི་ལྟ་བ་མི་འདྲ་བར་བརྟེན་ནས། དཔྱོད་ཡུལ་གཅིག་ལས་ཐོབ་པའི་མྱོང་བ་མི་འདྲ་བ་ནི་མངོན་སུམ་དུ་གྲུབ། དཔེར་ན། རྩོམ་གཞི་གཅིག་ལ་བརྟེན་པའི་རྩོམ་པ་པོ་གཉིས་ཀྱི་བརྩམས་ཆོས་ལ་བརྗོད་དོན་མི་འདྲ་བ་རེ་རེ་འབྱུང་བ་རྩོམ་རིག་གི་ཆོས་ཉིད་གཅིག་ཏུ་ངེས་པས། དེའི་ཐོག་ནས་ཀྱང་རྩོམ་པ་པོའི་མཛེས་དཔྱོད་ཀྱི་མྱོང་བ་མངོན་མཚོན་བྱ་རྒྱུའི་དགོས་པར་བརྟེན་ནས་འཚོ་བ་འབྲི་བ་མཚོན་ཐུབ།   
        རྩོམ་རིག་གི་བརྩམས་ཆོས་གྲུབ་རྗེས། ཀློག་པ་པོར་རོ་མྱོང་གི་བརྒྱུད་རིམ་ནང་སྤྲོ་སྣང་འཕེལ་ཏེ་མཛེས་དཔྱོད་ཀྱི་ལོངས་སྤྱོད་ཟད་མི་ཤེས་པ་སྟེར་ཐུབ་པའང་། མཛེས་དཔྱོད་ཀྱི་མྱོང་བའི་ནུས་མཐུ་ལ་བརྟེན་ནས་འབྱུང་བ་ཡིན།  
        རྩོམ་རིག་རང་ངོས་ལ་ཞིབ་ཏུ་དཔྱད་ནའང་དེ་ལྟར་ཡིན་ཏེ། དཔེར་ན། ཉེ་རབས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་བྱུང་བའི་རྟོགས་བརྗོད་ཀྱི་རྩོམ་རིག་དང་། འཁྲབ་གཞུང་།  བརྩམས་སྒྲུང། སྙན་རྩོམ་ཕལ་ཆེ་བ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་བ་དྲིལ་བསྒྲགས་བྱེད་ཆེད། སྐབས་སོ་སོའི་ལྟ་བ་མངོན་མཚོན་བྱེད་པའི་དགོས་པར་གཞིགས་ནས་སྤྱི་ཚོགས་ཀྱི་འཚོ་བ་མཐུན་སྦྱོར་གྱིས་བཀོད་པ་ལས། འཚོ་བ་མངོན་མཚོན་བྱ་རྒྱུའི་ཆེད་དུ་འཚོ་བ་བཀོད་འབྲི་བྱས་པ་ཞིག་མ་ཡིན་པ་དོན་དངོས་ཡིན།   
        རྒྱུ་མཚན་དེ་དག་གི་ཕྱིར་ཁོ་བོ་ནི་རྩོམ་རིག་ཅེས་པ་རྩོམ་པ་པོས་སྤྱི་ཚོགས་ཀྱི་འཚོ་བར་མཛེས་དཔྱོད་ཀྱིས་དཔྱད་དེ་ཐོབ་པའི་མྱོང་བ་མངོན་མཚོན་བྱེད་པ་ཞིག་ཏུ་འདོད་པ་དང་། མྱོང་བ་དེ་འཚོ་བ་ལས་འབྱུང་ཞིང་མངོན་མཚོན་བྱེད་པར་འཚོ་བར་བརྟེན་དགོས་ན། རྩོམ་རིག་གིས་འཚོ་བ་བཏགས་པ་བ་ཞིག་མངོན་མཚོན་ནུས་པ་མ་ཟད། རྒྱུན་ལྡན་བརྗོད་བདེའི་དབང་གིས་སྤྱི་ཚོགས་ཀྱི་འཚོ་བ་མངོན་མཚོན་བྱེད་པར་ཡང་བཤད་ཆོག་ཅིང་།  མཐར་གཏུགས་ན་རྩོམ་རིག་གི་འབྱུང་ཁུངས་ནི་འཚོ་བ་ཡིན་པར་འདོད་པ་ཡིན།   
        “གཟུགས་བརྙན་བཞིན”ཞེས་པའི་ཚིག་འདིས་རྩོམ་རིག་ནི་སྐད་ཡིག་གི་སྒྱུ་རྩལ་ཡིན་པར་བསྟན་ནུས་ཏེ། སྐད་ཡིག་ལ་བརྟེན་ནས་རྩོམ་པ་པོའི་བརྗོད་འདོད་ཀྱི་དོན་རྣམས་གཟུགས་བརྙན་བཞིན་བསྟན་པའི་ཕྱིར་རྩོམ་རིག་ནི་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པ་དང་། དེས་བརྗོད་དོན་རྣམས་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པ། ཚིག་སྦྱོར་རྨད་དུ་བྱུང་བ། གཟུགས་བརྙན་གྱི་རང་བཞིན་སྒོ་ནས་མངོན་མཚོན་བྱེད་པ་ན། སྒྲ་རིག་པའི་ནང་དུའང“རྩོམ་རིག་གི་སྐད་ཡིག”ཅེས་ཟུར་དུ་བཀར་ནས་རིག་ཚན་གཞན་ལ་བཀོལ་བའི་སྐད་ཡིག་དང་མི་འདྲ་བའི་ཆ་ནས་ཞིབ་འཇུག་བྱེད་པ་དང་། དོན་དུའང་རྩོམ་རིག་ནི་སྐད་ཡིག་གི་སྒྱུ་རྩལ་ཞིག་རང་ཡིན།   
        ལྟ་ཚུལ་འདི་རྩོམ་རིག་གི་ཕྱོགས་ཡོངས་ལ་བསམ་གཞིགས་ཀྱིས་གླེང་ཁུལ་ཡིན་ཀྱང་། དོན་དངོས་གནས་ལུགས་དང་མ་མཐུན་པའི་སྐྱོན་ཆ་མི་ཉུང་བ་ཡོད་ངེས་པས་གཟུར་གནས་མཁྱེན་ལྡན་རྣམས་ཀྱིས་ཡོ་བསྲང་གི་བཀའ་སློབ་གནང་འདུན་ཞུ་རྒྱུ་ཡིན། །   
མཆན་འགྲེལ།   
        ① 《སྙན་ངག་གི་དོགས་གཅོད་ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲི》( རྩོམ་པ་པོ་རེབ་གོང་རྡོ་རྗེ་མཁར) 《ཀྲུང་གོའི་བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས》P.70 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།   
        ②《སྙན་ངག་གི་རང་མདངས་གསར་པ》P.8 (རྩོམ་པ་པོ་གཉའ་བློ་གྲོས་རྒྱལ་མཚན) ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།   
        ③ མཆན་དང་པོ་དང་མཚུངས།    P.68   
        ④ 《མཁས་འཇུག》P.42 (རྩོམ་པ་པོ་ས་པཎ) མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།   
        ⑤ 《སྙན་ངག་རྩ་འགྲེལ》P.126 (རྩོམ་པ་པོ་བོད་མཁས་པ) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།   
        ⑥《རྩོམ་རིག་གི་རྩ་བའི་གནས་ལུགས》(རྩོམ་པ་པོ་ཡེ་ཇུན)ཧྲང་ཧད་རིག་རྩལ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
        ⑦《རྩོམ་རིག་རགས་བཤད》 (རྩོམ་པ་པོ་ཚས་ཡིས) མི་རིགས་རྩོམ་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
        ⑧《(བརྩེ་སེམས་མཚོན་པའི་དམངས་གཞས་ཕྱོགས་བསྒྲིགས)1800ལོའི་པར་མའི་གླེང་གཞི》(རྩོམ་པ་པོ་ཧཱ་ཙི་ཧཱ་སི) 《རྩོམ་རིག་རགས་བཤད》ཅེས་པ་འུ་ཧན་སློབ་ཆེན་དཔེ་སྐྲུན་ཁང་གིས1992ལོར་པར་དུ་བསྐྲུན།    P126
        ⑨ མཆན་བརྒྱད་པ་དང་མཚུངས།
        ⑩ མཆན་བརྒྱད་པ་དང་མཚུངས། P .27
        ⑾《རིག་རྩལ་རིག་པ་རགས་བཤད》P.9(རྩོམ་པ་པོ་ཐན་ཀྲང་ཤིའུ) ཀྲུང་གོའི་འཁྲབ་གཞུང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(དཔྱད་རྩོམ་འདི་ཉིད《བོད་ལྗོངས་ཞིབ་འཇུག》1996ལོའི་དུས་དེབ་གསུམ་པར་བཀོད)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1