༄༅།། སེམས་འགྱུ་མག་མོག

འབའ་སྨད་རྒྱལ་ལོ་ཚེ་རིང་།​ རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-07



ལྷ་ས། འབའ་སྨད་རྒྱལ་ལོ་ཚེ་རིང་།
ཉིན་རེ་རེར། དཔེ་ཁང་དུ་བསྡད་དེ་དཔེ་ཀློག་བགྱིས་ཀྱང་།
རེས་གསལ་རེས་མོག་གི་སང་ཉིན་གྱི་མཇུག་འབྲས་དག་དྲན་ཐེངས་རེར།
གྲ་སྒྲིག་གི་ལམ་འདི་ནས་སྔར་བཞིན་ལག་སྟོང་དུ་འདུག་དགོས་སམ།
དུས་ཚོད་ཀྱིས་དེད་དེ་གནས་འདིར་ཡོང་དོན་ཡང་།
དེ་སྔ། དུས་ཚོད་ཀྱིས་བཤད་མྱོང་བའི་ཚན་པ་དེར་ལྷན་པ་ཞིག་རྒྱག་འདོད་པ་དེ་ཡིན།
ཞོགས་པར།
མལ་ལས་ལངས་ཏེ་དཔེ་ཀློག་ལ་སྐྱོར་སྐབས།
ནམ་ཟླས་ང་ལ་ཅི་ཞིག་འཆད་རྩིས་ཀྱི་སྟ་གོན་ཡང་ཡང་བྱས་ཀྱང་།
ཁོ་ར་ཁོར་ཡུག་འདིའི་ལོ་མ་ས་ལ་ལྷུང་ཐེངས་གྲངས་མེད་པས།
ནམ་ཟླས། ཅི་ཞིག་བཤད་འདོད་ཀྱི་སྐད་ཆ་མིད་དེ།
སྡུག་ཤུགས་ཐེབས་པའི་ཉམས་ཤིག་བསྟན་ཏེ།
དུས་ཚོད་དང་གྱེས་བྱུང་།
ནམ་རྒྱུན་ལག་ཏུ་ཡོད་པའི་དཔེ་ཆའི་གསེབ་ཀྱི།
མིང་བརྡ་དེ་དག་གི་སྣང་ངོར་ཅེར་ཏེ།
ཡིག་འབྲུ་ཁ་ཤས་ལ་བཟོ་བཅོས་བྱེད་འདོད་ཀྱང་།
གར་ཡོང་མི་ཤེས་པའི་རླུང་གི་བཟོ་ལྟ་ཡིས།
བློས་བསླངས་དེ་ཡང་བློས་བསླངས་ཙམ་དུ་ཟད།
ཡང་སྙིང་། དུས་ཚོད་ཀྱིས་ང་བོར་བ་ཡིན་ནམ།
ང་དུས་ཚོད་དང་གྱེས་པས་ལན།
དཔེ་ཁང་དུ་དཔེ་ཀློག་པ་དག་གི་ཤོག་བུའི་སྒྲ་ལས་ཅི་ཡང་མི་ཐོས།
མི་རྣམས་ཀྱིས་བསམ་གཞིག་དང་བཅས།
དུས་ཚོད་ཀྱི་རྗེས་འབྲངས་ཐེངས་རེར།
ངས། ཁ་རོག་གེར་དཔེ་དེབ་ཀྱི་ཁ་བསུམས་ཏེ།
ཉིན་འདི་འགར་ཐང་ལ་ལྷུང་ཐེངས་མང་བའི།
སྡོང་ལོ་དེ་དག་གི་ཆོས་ཉིད་ཡང་ཡང་བཀླགས་ཤིང་།
ཡང་ཡང་བཀླགས་པའི་མཐར ……
གནས་འདིར་འབྱོར་ཏེ་ཟླ་གཅིག་ཕྱིན་ནའང་།
གནས་གང་ལའང་འགྲོ་འདོད་མ་བྱུང་བར།
ཁ་རོག་གེར་བསྡད་དེ་དཔེ་ཀློག་བྱས་པ་དེ།
རྒྱུ་མཚན་ཅན་གྱི་སྡུག་བསྔལ་ཞིག་ཏུ་གྲུབ།
ངོ་ཤེས་སྐོར་ཞིག་གིས།
དེ་ལྟར་བསྡད་པ་ལ་སྙིང་པོ་མེད་ཀྱང་།
གདན་ས་གྲགས་ཆེན་དག་ལ་ཐོད་པ་གཏུགས་ན་བཟང་རབས་ལབ་བྱུང་།
ང་ལ། རྒྱུ་མཚན་མཚར་པོ་ཞིག་བཤད་རྒྱུ་མ་བྱུང་།
དུས་ཚོད་ཀྱིས་ནམ་ཡང་བདག་ཏུ་བཟུང་བའི་ང་དང་།
ངའི་ཐམས་ཅད་བློ་ལ་བཅུག་ཚར་བས།
ངས་ནམ་ཡང་ང་དང་ངའི་ཐ་སྙད་ཚོགས་ཀྱི།
ངུ་སྒྲ་ལ་ཉན་པ་ལས་ཐབས་ཅི།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1