༄༅།། ཧོར་ཁོག་ཟླ་བ་བཟང་པོ།

གསེར་ཀུན་དགའ། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-18


མཚུངས་མེད་དྲིན་གྱི་བདག་པོ། གངས་ལྗོངས་སློབ་གསོའི་དེད་དཔོན། སི་ཁྲོན་ཞིང་ཆེན་གྱི་ཆེས་མཐོའི་དགེ་རྒན་ཧོར་ཁོག་ཟླ་བ་བཟང་པོའི་སྐུའི་ལོ་རྒྱུས་རགས་བཀོད།

གསེར་ཀུན་དགའ།    


    དེ་ཡང་དགེ་རྒན་ཧོར་ཁོག་ཟླ་བ་བཟང་པོ་ནི། ཕྱི་ལོ་༡༩༦༧ལ་ཁམས་དཀར་མཛེས་རྫོང་ཏྲེ་ཤོད་ཧོར་ཁོག་ས་ཡི་ལྟེ་གནས་སུ་ཡར་ལོགས་ཚང་གི་ཁྱིམ་རྒྱུད་དུ། ཡབ་བློ་བཟང་ཚེ་རིང་དང་ཡུམ་བློ་དགའ་སྒྲོལ་མ་ཟེར་བ་གཉིས་ཀྱི་བུ་རུ་སྐྱེས། ༡༩༧༥ལོ་ནས་སློབ་གྲྭ་རིམ་པར་འགྲིམས་ཤིང་། ༡༩༨༨ལོར་དགེ་རྒན་གྱི་ཕྱག་ལས་གཉེར། ཞོར་དུ་ཀླུ་གཞིའི་རི་ཁྲོད་སོགས་སུ་སྔ་གཞུག་ཏུ་དགེ་བའི་བཤེས་གཉེན་དུ་མའི་ཞབས་སུ་བསྟེན་ནས་རིགས་ལམ་དང་ལམ་རིམ། སྤྱོད་འཇུག གྲུབ་མཐའ། ས་ལམ་རྣམ་བཞག འདུལ་བ་སོགས་ལ་ཐོས་པ་དོན་དུ་གཉེར། སྔ་ཕྱིར་སི་ཁྲོན་ཞིང་ཆེན་གྱི་ཆེས་མཐོའི་དགེ་རྒན་(四川省特级教师)དང་། སློབ་འབྲིང་མཐོ་རིམ་དགེ་རྒན། སི་ཁྲོན་ཞིང་ཆེན་སྐད་གཉིས་སློབ་གསོའི་ཞིབ་འཇུག་པ། དཀར་མཛེས་ཁུལ་རྐང་འཛིན་དགེ་རྒན། ཁུལ་སྐད་གཉིས་སློབ་གསོའི་གདན་ཞུའི་ཞིབ་འཇུག་པ། རྔ་བ་ཁུལ་རྒྱལ་མཚན་སློབ་གསོ་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་དང་ཞིབ་འཇུག་པ་ལ་སོགས་ཀྱི་མཚན་ཐོབ་དང་དུ་བླངས་ཤིང་དེ་དག་གི་འགན་གཅིག་ལྕོགས་སུ་བཞེས། ད་ལྟ་ལྕགས་ཟམ་རྫོང་མཐོ་རིམ་སློབ་འབྲིང་གིས་གདན་ཞུས་ལྟར་དེ་གར་བློ་རྩེ་གཅིག་སྒྲིམ་དང་འབད་པ་ཤ་ཐང་བསྐྱེད་དེ་སྐད་གཉིས་སློབ་ཁྲིད་ཀྱི་ཐད་ནས་དགེ་སློབ་ཀུན་ལ་སྙིང་རྗེ་ཆོས་སྤྱིན་གྱི་ཚུལ་གྱིས་མཛུབ་སྟོན་གནང་བཞིན་ཡོད། 

    དང་པོ། བརྩོན་པའི་སྟོབས་བསྐྱེད་དེ་ཐོས་པ་བསགས་ཚུལ།

     དེ་ཡང་དགེ་རྒན་ཧོར་ཁོག་ཟླ་བ་བཟང་པོ་ལགས་དགུང་ལོ་དྲུག་ཏུ་ལོན་དུས་སུ་ཏྲེ་ཧོར་ཁང་དམར་མཆོག་སྤྲུལ་ལྷ་རམས་པ་མདུན་ནས་སྐྲ་ཕུད་དང་བཅས་པས་ཀ་ཁའི་སྦྱོར་ཀློག་གི་སྒོ་ཕྱེས།  སྤྱི་ལོ་༡༩༧༦ལོར་གྲོང་ནང་གི་སློབ་ཆུང་དུ་ཞུགས་ནས་ཉིན་ཕྱེད་ལས་ཀ་དང་ཉིན་ཕྱེད་སློབ་ཁྲིད་ཉན་པའི་ཚུལ་གྱིས་སློབ་སྦྱོང་བྱས། ༡༩༨༡ལོར་སློབ་གྲྭ་ཡོངས་ལས་ཁོང་གཅིག་པུས་རྫོང་མི་རིགས་སློབ་འབྲིང་ལ་རྒྱུགས་འཕྲོད་ཅིང་རང་ས་ནས་སྐྱེད་སྲིད་བྱེད་པའི་སློབ་འབྲིང་སློབ་མ་ཐོག་མ་དེའང་གྱུར། དེ་ནས་༡༩༨༤ལོའི་བར་དུ་རྒྱ་ཡིག་འཛིན་གྲྭར་ཞུགས་ནས་གཙོ་བོ་རྒྱ་ཡིག་དང་རྩིས་རིག་སོགས་ལ་སློབ་གཉེར་བྱས། སྐབས་དེའི་དུས་སུ་རྒྱ་ཡིག་འཛིན་གྲྭའི་སློབ་མ་རྣམས་སློབ་གྲྭར་བཅའ་སྡོད་བྱེད་ས་དང་ཟ་མ་བཟའ་ས་མེད་པས་ཐོག་མའི་ལོ་གཅིག་དང་ཕྱེད་ལ་ཁྱིམ་ནས་སློབ་གྲྭར་འགྲོ་འོང་བྱེད་དགོས་ཐུག   ཁྱིམ་དང་སློབ་གྲྭའི་བར་ན་ལེ་བར་དྲུག་བདུན་ཙམ་གྱིས་ཆད་པར་མ་ཟད། ཐོག་མཐའ་བར་དུ་མི་མེད་ལུང་སྟོང་ལ་བརྒྱུད་དགོས། དེར་བརྟེན་རྟག་པར་ཞོགས་པའི་ཆུ་ཚད་བཞི་ནས་ལངས་ཏེ་ལམ་ལ་ཆས་ཤིང་ནུབ་མོར་ཕ་ཡུལ་གྱི་མི་ཐམས་ཅད་རྨི་ལམ་གྱི་ཞིང་དུ་སླེབས་ཟིན་རྗེས་གཞི་ནས་ཁྱིམ་དུ་ལོག་ཐུབ་པ་ཡིན། མཚན་མོར་གཅིག་པུ་མི་མེད་ལུང་སྟོང་དུ་བརྒྱུད་པའི་འཇིགས་སྐྲག་དང་རྒྱ་སྐད་མི་ཤེས་པའི་དཀའ་ངལ་སེལ་ཕྱིར། ཁོང་གིས་རྟག་པར་ལམ་དུ་དགེ་རྒན་ཚོས་ཉིན་མོར་ཁྲིད་པའི་བསླབ་བྱའི་ནང་དོན་དག་ངག་ནས་བསྐྱར་ཟློས་བྱས་པས། སློབ་འབྲིང་དུ་ཐོག་མར་ཞུགས་དུས་རྒྱ་སྐད་ཀྱི་བརྡ་ཡེ་ནས་མི་འཕྲོད་པ་ཞིག་ལོ་གཅིག་ལྷག་ནས་རྒྱ་སྐད་ཐོགས་འགོག་མེད་པར་བརྗོད་ནུས་པར་གྱུར། ཁྱིམ་ཐག་ཤིན་ཏུ་རིང་བས་སློབ་གྲྭར་འགྲོ་བའི་ཉིན་ནས་བཟུང་། ཞོགས་པའི་ཆུ་ཚོད་བཞིར་རྩམ་པ་ཟོས་རྗེས་ནུབ་མོ་ཆུ་ཚོད་བརྒྱད་དགུའི་རྗེས་སུ་མ་གཏོགས་ཆུ་དང་ཟས་དྲོན་པོ་བཟའ་མི་ཐུབ་པར་གྱུར། ཉིན་གུང་གི་ཟ་མ་ནི་ཁྱིམ་མི་ཚོས་སྔ་ཉིན་ནས་གྲ་སྒྲིག་བྱས་པའི་བག་ལེབ་བམ་ཞོ་སྤགས་ཆུན་བུ་ཞིག་ཡིན། དེ་དཔེ་ཁུག་ཏུ་བཅུག་ནས་སློབ་ཁང་དུ་ཁྱེར་ན་དཔེ་ཆ་ཕྱིར་ཕུད་པ་དང་ནང་དུ་བཅུག་པའི་སྐབས་སུ་ཕལ་ཆེ་བ་རྒྱ་རིགས་ཡིན་པའི་སློབ་གྲོགས་ཚོས་མཐོང་ན་ཁ་སྐྱེངས་ཡོང་བས། རྟག་པར་ལམ་བར་གྱི་ཞིང་ཁའི་ཕུག་པ་ཞིག་གི་འགྲམ་ན་ས་འོག་ཏུ་སྦས་ནས་བཞག་པ་ཡིན། དེ་ལྟར་ཁོང་གིས་གནས་སྐབས་སུ་སྐྱ་ཆད་སྔོ་སྡུག་གི་འཚོབ་རོལ་དགོས་བྱུང་མོད། དོན་དངོས་སུ་ཁོས་རང་གི་འཛིན་བདག་དང་རྒྱ་ཡིག་དགེ་རྒན་རྒྱ་མོ་ལོ་ན་ཆུང་ཡང་ལས་ལ་བརྩོན་ཞིང་འགན་ཁུར་བའི་བསམ་བློ་དང་ལྡན་པ། སྙིང་རྗེ་ཆེ་ཞིང་བུ་སློབ་ལ་བྱམས་པ་དེའི་ཐུགས་ཁུར་གཅེས་སྐྱོང་དང་ཐད་ཀར་འབྲེལ་བ་ཡོད་པ་གསལ་པོ་ཤེས་ཡོད། ལྷག་དོན་ཁོང་གི་མ་ལྟར་བརྩེ་བའི་ཐུགས་རྗེ་དང་བྱམས་སྐྱོང་འོག་ནས་རང་གིས་བཟོད་དཀའ་བའི་དཀའ་སྡུག་ཐམས་ཅད་ཁྱད་དུ་བསད་ནས་སློབ་སྦྱོང་གི་རྒྱུན་སྐྱོང་ཐུབ་པར་མ་ཟད། རྒྱ་ཡིག་གི་སྦྱངས་འབྲས་དག་ཀྱང་ཐོག་མ་ཆེས་མཐའ་མའི་མཐའ་མར་གནས་པ་ནས་རྩེ་མོའི་རྩེ་མོར་སླེབས་པའི་རྒྱ་རིགས་སློབ་གྲོགས་དག་ལ་དོ་ཟླར་འོས་པ་བྱུང་ལ། ཁྱད་པར་དུ་ལས་ཀར་ཞུགས་རྗེས་སུ་ལས་གནས་བསྒྱུར་བ་དང་གོ་གནས་འཛེགས་པ་སོགས་གཞན་ལ་རྨི་ལམ་དུ་བྱུང་ན་ཡང་སྤྲོ་བའི་གོ་སྐབས་དུ་མ་ཐོབ་པ་མཐའ་དག་བློས་བཏང་ནས་མི་ཚེ་ཧྲིལ་བོར་གཞི་རིམ་གྱི་ལས་གནས་སུ་བྱིས་པའི་དགེ་རྒན་ཁོ་ན་བྱེད་པར་སྤྲོ་བ་བྱུང་བ་ཡང་དགེ་རྒན་མོའི་ཤུགས་རྐྱེན་དང་ཁ་བྲལ་ཐབས་མེད་པ་ཞིག་རེད། ༡༩༨༤ལོར་སློབ་གྲྭ་སྤྱིའི་མཐར་ཕྱིན་སློབ་མ་ལས་དཀར་མཛེས་མི་རིགས་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད་མཁན་བརྒྱ་ཆའི་གསུམ་བྱུང་བའི་གྲལ་དུ་ཚུད་ཐུབ་པ་བྱུང་། དེ་ནས་ལོ་བཞིའི་བར་དུ་དེ་གའི་དགེ་རྒན་དག་ལ་བསྟེན་ནས་སུམ་རྟགས་དག་དང་། སྙན་ངག་མངོན་བརྗོད་སོགས་བོད་ཀྱི་རིག་གནས་ཆུང་བ་དག་ལ་སྦྱོང་པ་ལྷོད་མེད་བྱས། སློབ་གྲོགས་ཕལ་ཆེར་བོད་ཡིག་འཛིན་གྲྭ་ལས་ཐོན་པས་ཐོག་མའི་དུས་སུ་བོད་ཡིག་རྨང་གཞིའི་རྗེས་མི་ཟིན་པའི་དཀའ་ངལ་ཅུང་ཟད་ལ་འཕྲད། དཀའ་ངལ་སེལ་ཕྱིར་སློབ་དུས་དང་པོ་ལ་དགེ་རྒན་གྱིས་དག་ཡིག་འཁྲིད་པ་དང་བསྟུན་ནས་ཞོར་དུ་<<དག་ཡིག་གསར་སྒྲིག་>>ཆ་ཚང་དང་<<དག་ཡིག་དགེ་བཤེས་ཆོས་རབ>>ཕལ་མོ་ཆེ་བློར་བཟུང་བས་བོད་ཡིག་ཀྱང་གཞན་གྱི་རྗེས་ཟིན་པ་བྱུང་ལ་རྗེས་སུ་མི་ཚོས་དག་ཡིག་གསར་སྒྲིག་དང་ཚིག་མཛོད་གསོན་པོ་ཞེས་པའི་ཟུར་མིང་ཞིག་ཀྱང་ཐོགས། ཁྱད་པར་དུ་དགེ་རྒན་དམ་པའི་ཤུགས་རྐྱེན་དབང་གིས་སྙན་ངག་སྦྱོང་བ་ལ་དགའ་ཞེན་འཕེལ་བས་ལོ་རིམ་གསུམ་པ་ལ་སླེབས་དུས་བར་སྐབས་ཤིག་ལ་དགེ་རྒན་གྱི་བཀའ་བཀོད་ལྟར་ཕྱོགས་གཅིག་ནས་འཛིན་གྲྭ་ནས་སློབ་སྦྱོང་བྱས་ཤིང་ཕྱོགས་གཅིག་ནས་འཛིན་གྲྭ་ཉིད་ལ་སྙན་ངག་སློབ་ཁྲིད་ཀྱང་བྱས་པ་ཡིན།  སློབ་གྲྭའི་སློབ་སྦྱོང་གི་ཞོར་དུ་ཀླུ་གཞིའི་རི་ཁྲོད་དུ་དགེ་བའི་བཤེས་གཉེན་ཆེན་མོ་༧བློ་བཟང་འཇམ་དབྱངས་དཔལ་བཟང་པའི་ཞབས་ནས་ཚད་མ་རིག་པ་སོགས་ཐོས་བསམ་ཅི་ནུས་བྱས། ༡༩༨༨ལོར་སློབ་མཐར་ཕྱིན་ནས་སློབ་ཆུང་གི་དགེ་རྒན་བྱས། ཞོར་དུ་ཚགས་པར་དང་དུས་དེབ་ཏུ་སྙན་རྩོམ་དང་། སྒྲུང་གཏམ། གསར་འགྱུར་སོགས་བྲིས་ཏེ་གནས་སྐབས་རྩོམ་རིན་ཁོ་ནས་འཚོ་རྟེན་བྱེད་ཐུབ་པ་བྱུང་། ༡༩༩༢ལོར་མཚོ་སྔོན་སློབ་གསོ་སློབ་གླིང་དུ་སློབ་སྦྱོང་བྱེད་པར་ཕྱིན། དེ་རུ་གཙོ་བོ་དངོས་ལུགས་དང་གྲངས་རིག་ལ་སློབ་སྦྱོང་བྱས། ལྷག་པར་དགེ་རྒན་གྱི་ཤུགས་རྐྱེན་དབང་གིས་དམ་པ་ཁོང་དབྱིབས་རྩིས་བརྩི་བ་ལ་སྤྲོ་བ་ཆེན་པོ་སྐྱེས། ཞོར་དུ་དེ་གའི་དགེ་རྒན་ཆེན་མོ་རྣམས་ཀྱི་མདུན་ནས་སྐར་རྩིས་དང་སྙན་ངག་སོགས་ལ་ཐོས་བསམ་བྱེད་པའི་སྐལ་བ་ཡང་ཐོབ། ལྷག་པར་དུ་༡༩༩༦ལོར་ཟླ་བ་༨་ཚེས་༢༦ལ་ནགས་གཙང་རྡོ་རྗེ་མཆོག་གི་ཞབས་ནས་བྱང་ཆུབ་ལམ་རིན་ཆེན་མོ་ལ་ཐོས་བསམ་ཐོག་མར་བྱས་ནས་བཟུང་། དྲིན་ཆེན་རྩ་བའི་འདི་ཉིད་གཙོ་བོར་བྱས་པའི་དགེ་བའི་བཤེས་གཉེན་ཚད་དང་ལྡན་པ་དུ་མར་མཉེས་པ་གསུམ་གྱིས་བསྟེན་ནས་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་ཐོས་བསམ་བྱེད་པའི་རྒྱུན་ད་དུང་ཡང་མ་ཆད་པར་སྐྱོང་བཞིན་ཡོད། ལུས་སེམས་བཙན་གྱིས་བཅིབ་པའི་རྟ་རྒོད་འདུལ་བའི་ཉམས་ལེན་ལའང་འབད་པ་མཛད། སློབ་གྲྭའི་དགེ་རྒན་ཅུང་ཚད་དང་མཐུན་པ་ཞིག་ཡོང་བ་ལ་སློབ་གསོ་རིག་པའི་གཞུང་ལུགས་ཆ་རྒྱུས་མེད་པ་མི་རུང་བར་དགོངས་ཏེ། བགྲང་བྱ་བཅུ་ཕྲག་དུ་མའི་རིང་ལ་ཆེད་དུ་ཆེད་ལས་མཁས་པའི་དགེ་རྒན་ཆེན་མོ་དུ་མའི་མདུན་དུ་བཅར་ནས་མན་ངག་གི་བདུད་རྩི་རྒྱུན་མ་ཆད་པར་བཏུང་བའི་ཞོར་དུ་འཛམ་གླིང་ཤར་ནུབ་གཉིས་ཀྱི་དེབ་བརྒྱ་ཕྲག་དུ་མ་བཀླགས་ནས་དེང་རབས་ཀྱི་སློབ་གསོ་རིག་པ་དང་མཚན་ཉིད་རིག་པ་སོགས་སྦྱངས་བར་བྱས་སོ།། མདོར་ན་ཁོང་གི་མི་ཚེ་ཧྲིལ་བོའི་ཕྱག་ལས་ལ་སློབ་ཁྲིད་བྱས་ནས་སློབ་མ་སྐྱོང་བ་དང་། དགེ་རྒན་བསྟེན་ཞིང་དཔེ་ཆ་བཀླགས་ནས་སློབ་གཉེར་བྱས་པ་གཉིས་ཁོ་ན་ལས་འཇིག་རྟེན་གྱི་ལས་ཀ་གཞན་གང་ཡང་མ་མཛད་དོ།།


    གཉིས་པ། སློབ་གསོའི་ཕྱག་ལས་གཉེར་ཞིང་རིས་མེད་སློབ་བུ་བསྐྱངས་ཚུལ།

    ༡༩༨༨ལོར་དགེ་འོས་སློབ་གྲྭ་ལས་སློབ་མཐར་ཕྱིན་ནས་སྟོང་སྐོར་ནང་བསོ་ཐང་མདར་སློབ་ཆུང་དུ་དགེ་རྒན་བྱས། རྩིས་རིག་དང་བོད་ཡིག་སློབ་ཁྲིད་བྱས། ལོ་གཉིས་ཀྱི་རྗེས་ནས་སློབ་གྲྭའི་བདག་གཙོ་དང་ཆུས་ཡོངས་ཀྱི་སློབ་གསོ་ལས་འཛིན་གྱི་འགན་ཁུར། ཁོང་ཉིད་ཀྱི་མོས་པ་ཆེ་ཕྱོགས་ནི་སློབ་ཁྲིད་བྱེད་པ་ཁོ་ན་ཡིན་ཡང་༡༩༩༢ལོར་རྫོང་གི་ཉེ་འགྲམ་དུ་སློབ་ཆུང་སློབ་གྲྭ་ཆེ་ཕྱོགས་ཤིག་གི་སློབ་གཙོའི་འགན་དཀྲིས་པར་ཡོལ་ཞིང་ཁོང་ཉིད་ཀྱི་སློབ་གྲྭ་ཆེན་པོའི་འཚོ་བ་ལ་རོལ་བའི་འདོད་པའང་བསྐང་བའི་ཕྱིར་དུ་མཚོ་སྔོན་དུ་སློབ་སྦྱོང་བྱེད་པར་སོང་།  ༡༩༩༥ལོར་སློབ་མཐར་ཕྱིན་ནས་གསར་དུ་བཙུགས་པའི་རང་ཡུལ་གྱི་ཆེས་ཐོག་མའི་ཁྲིད་ཐབས་རིགས་དང་པོའི་སློབ་འབྲིང་སྟེ་དཀར་མཛེས་རྫོང་བོད་ཡིག་སློབ་འབྲིང་དུ་ལས་གནས་སྤོས། དེ་གར་ལོ་བཅུ་གཉིས་ཙམ་གྱི་རིང་དུ་གཙོ་བོ་མཐོ་འབྲིང་གི་དངོས་ལུགས་དང་། ཆབ་སྲིད། དམའ་འབྲིང་གི་དབྱིབས་རྩིས་དང་བོད་ཡིག རྩིས་འཕྲུལ་སོགས་སློབ་ཁྲིད་བྱས་ཤིང་ལོ་དགུའི་རིང་སློབ་མ་བདག་གཉེར་གྱི་འགན་འཁྲི་གཅིག་ལྕོག་ཏུ་ཁུར། ལོ་བཅུ་ཕྲག་གཅིག་ལྷག་དེ་ལ་བསམ་བློ་མཐུན་པའི་ལས་གྲོགས་ཁ་ཤས་ཀྱིས་ཤུགས་རྐྱེན་དང་མཉམ་ལས་འོག་རང་དོན་ཡེ་ནས་དོར་ཏེ་བློ་གཅིག་སེམས་གཅིག་གིས་སློབ་གྲྭ་དང་སློབ་མའི་དོན་དུ་དཀའ་སྤྱད་འབད་བརྩོན་དང་། ཟས་བརྗེད་གཉིད་ཆག་བྱས་ནས་སློབ་གསོའི་ལས་ཀ་བསྒྲུབས། མཚན་ཕྱེད་བཀྲེས་ལྟོགས་ཀྱིས་གཉིད་དཀྲོགས་བྱུང་དུས་ད་གཟོད་གཞི་ནས་སློབ་གྲྭའི་དོན་དང་སློབ་ཁྲིད་ལ་གཡེང་ནས་དགོང་ཟས་བཟའ་རྒྱུ་བརྗེད་སོང་བ་ཤེས་པ་ཡང་རྒྱུན་ལྡན་དུ་གྱུར། སློབ་གྲྭའི་སློབ་མ་ཡོངས་ཀྱིས་དུས་ཐོག་ཏུ་སྔ་མོར་ཞོགས་འདོན་དང་དགོང་མོར་ངལ་གསོ་ཡོང་ཕྱིར་བགྲང་བྱ་དགུའི་རིང་ལ་ཉིན་གཅིག་ལྟར་ཞོགས་པ་ཆུ་ཚོད་ལྔ་དྲུག་ནས་ལངས་པ་དང་དགོང་མོར་ཆུ་ཚོད་བཅུ་གཅིག་གི་རྗེས་སུ་ཆེས་མཐའ་མར་ཉལ་བ་རྒྱུན་འཁྱོངས་བྱས་ཤིང་། ལོ་བཅུ་གཉིས་ཀྱི་རིང་གི་དབྱར་གནང་དང་དགུན་གནང་ལའང་སློབ་ཡོན་ཞོ་གང་མི་ལེན་པར་སློབ་ཁྲིད་བྱས་ནས་ངལ་གསོ་བྱེད་མ་བཟོད།  གང་སློབ་ཁྲིད་བྱེད་པ་ཀུན་ལ་སྦྱངས་འབྲས་མི་དམན་པ་ཐོབ་ལ། ལྷག་པར་དུ་དེ་ནས་སྔ་ཕྱི་ལོ་དགུར་སྐབས་གསུམ་གྱི་མཐོ་འབྲིང་འཛིན་གྲྭའི་གཙོ་འཛིན་དགེ་རྒན་གྱི་ཕྱག་ལས་གནང་ལ། དེའི་དུས་མཐོ་འབྲིང་སློབ་མ་ཕལ་ཆེ་སྦྱངས་འབྲས་ཞན་པས་སློབ་གྲྭ་གཞན་ལ་རྒྱུགས་མ་འཕྲོད་པར་ལུས་པ་ཁོ་ན་ཡིན་ཞིང་། དེ་ལས་མི་ཉུང་བ་ནི་རྫོང་ཕྱི་ནང་ལས་སློབ་གྲྭ་གཞན་གྱིས་ཕུད་པའམ་རང་གི་བུ་རྒྱུད་དོ་དམ་བྱ་བར་འུ་ཐུག་ཐབས་ཟད་པའི་ཕ་མ་དག་གིས་སློབ་གྲྭའམ་ཁོང་ཉིད་ཀྱི་མཚན་སྙན་པ་ཁོ་ནར་བརྟེན་ནས་ཁྲིད་ཡོང་བར་སྙིང་རྗེ་དང་བརྩེ་བ་ཆེན་པོས་བཀག་མ་བཟོད་ནས་སྡུད་པ་རྣམས་ཡིན་ཡང་། ཁོང་གི་ཉིན་མཚན་ལྟོས་མེད་ཀྱི་དཀའ་སྤྱད་དང་གང་ལ་གང་འདུལ་གྱི་གསོ་སྐྱོང་འོག་སློབ་མ་ཀུན་ལས་ཚད་ལྡན་གྱི་སློབ་ཆེན་ལ་རྒྱུགས་མི་འཕྲོད་པ་ནི་གཅིག་ཀྱང་མ་བྱུང་པར་མ་ཟད། ཕ་མའི་ངག་ལའང་བརྩི་བར་གྱུར་པས། ཞལ་མཆི་མས་བཀང་ནས་ཕྱག་འཚལ་མཁན་བྱུང་བའི་ཕ་མའང་བགྲང་དཀའོ། ། སློབ་གྲྭར་ཡོང་མཁན་སློབ་མ་ལོ་རེ་བཞིན་ཇེ་མང་དུ་སོང་ནས་ཁང་པའི་ཆ་རྐྱེན་ཞན་པར་གྱུར་པས་ལོ་བསྟུན་མའི་རིང་ལ་ཁོང་གིས་སློབ་ཁང་རྙིང་པ་ཞིག་གི་ཟུར་ན་འདམ་བག་ཀྱང་མ་བྱུགས་པའི་སོ་ཕག་སྐྱ་བརྩིགས་ཤིག་གིས་མཚམས་བཅད་དེ་གཟིམ་ཤག་བྱས་ཤིང་། ཁྱིམ་བདག་གི་ཁུར་པོ་ཡང་ཕྱིར་སློབ་གྲྭས་སློབ་མ་ལས་ལོགས་སུ་འཚོ་བའི་རིན་པ་མ་བསྡུས་པས་སློབ་མ་ཚོས་ལོངས་སུ་སྤྱོད་པའི་ཟ་མ་ནི་ཤིན་ཏུ་ཞན་ཡང་ཁོང་གིས་རྒྱུན་དུ་ཐུན་གསུམ་ཀ་སློབ་མ་རྣམས་དང་མཉམ་དུ་ཟོས་པས་འཐུས་པར་བྱས་ལ། རྒྱུགས་སྤྲོད་སྣ་ཚོགས་ཀྱི་གྲུབ་འབྲས་བཟང་པོར་གོང་རིམ་དང་སློབ་གྲྭས་གནང་བའི་བྱ་དགའི་དངུལ་གང་བྱུང་བ་རྣམས་ཐད་ཀར་སློབ་མ་སྤྱིའི་ཟས་རིན་ལ་བཏང་བར་མ་ཟད། ལས་གྲོགས་མཐུན་པ་འགའ་དང་མཉམ་དུ་ལོ་དུ་མའི་རིང་ལ་ཟླ་བ་རེ་རེ་བཞིན་གླ་ཕོགས་འཕྲིས་ནས་སློབ་གྲྭར་བོད་ཡིག་གི་དཔེ་མཛོད་ཁང་བསྐྲུན་ཏེ། སློབ་མ་སྤྱི་ལ་བཀླག་རྒྱུའི་དཔེ་ཆ་དཀོན་པའི་དཀའ་ངལ་སེལ་བར་མཛད། འདིའི་བར་ནས་ལས་ཁུངས་ཤིན་ཏུ་ཆ་རྐྱེན་བཟང་པོ་ཡོད་པ་དག་གིས་གདན་འདྲེན་ལན་དུ་མར་ཞུས་ཀྱང་བློས་བཏང་སྟེ་ལུས་ངག་ཡིད་གསུམ་དང་ཉིན་མཚན་དུས་དྲུག་སློབ་ཁྲིད་དང་སློབ་མའི་དོན་ཁོ་ནར་བཏང་བར་མཛད་དོ།།   རྗེས་སུ་ཁོང་གིས་གསུངས་པ་ལྟར་ན། སློབ་གྲྭ་དེར་བསྡད་པའི་ཚེ་ནི་མི་སྒེར་ཀྱི་གྱོང་རྒུད་ཆེ་ཤོས་དང་། དཀའ་སྡུག་ཆེ་ཤོས། སེམས་ནད་ཆེ་ཤོས་ཀྱི་ལོ་ཟླ་ཡིན་ལ། མི་ཚེའི་གྲུབ་འབྲས་ཆེ་ཤོས་དང་། རྗེས་དྲན་གྱི་རིན་ཐང་ཆེ་ཤོས། སེམས་པའི་སྤྲོ་བ་ཆེ་ཤོས་ཀྱི་དུས་དེའང་ཡིན་འདུག་ཅེས་བཤད། དེའི་ཞོར་དུ་དཀར་མཛེས་བཀྲ་ཤིས་ནོར་བུ་དགོན་གྱི་དགེ་འདུན་པའི་སྡེ་ལ་མཚན་མོར་བརྡ་སྤྲོད་སོགས་སློབ་ཁྲིད་ལོ་གཉིས་ཞུས་པའི་སྐལ་བ་དང་དུ་བླངས། ༢༠༠༦ལོར་སྐད་གཉིས་སློབ་གསོའི་ལས་ཀ་གཉེར་ཕྱིར་ཁམས་བྱང་མཐོ་རིམ་སློབ་འབྲིང་དུ་ལས་གནས་སྤོས། ཧུར་ཐག་ཆེན་པོས་དངོས་ལུགས་དང་ཆབ་སྲིད། བོད་ཀྱི་སྐད་ཡིག་བཅས་སློབ་ཁྲིད་བྱེད་པའི་ཞོར་དུ། སློབ་སྟོན་ཁང་གི་ལས་སྒྲུབ་པ་དང་བོད་ཡིག་ཚན་ཁག་གི་འགོ་འཛིན་སོགས་ཀྱི་ལས་འགན་ཁུར་བཞིན་བོད་ཡིག་དགེ་རྒན་ཚོ་དང་མཉམ་དུ་སློབ་གྲྭ་རང་གི་བོད་ཡིག་བསླབ་དེབ་སྟོད་སྨད་གཉིས་དང་ལྡན་པ་བསྒྲིགས་ནས་རིང་ནས་ཐབས་ལམ་གཉིས་པའི་སློབ་མ་ལ་འཚམས་པའི་བོད་ཡིག་བསླབ་དེབ་མེད་པའི་འགལ་རྐྱེན་སེལ། དགེ་གྲོགས་ཤིག་དང་མཉམ་དུ་འགྲོ་སོང་རང་དང་རོགས་ལ་བརྟེན་ནས་ཐོག་མར་རང་ཤག་དེ་ནས་སློབ་གྲྭའི་ཁང་པ་ལྟར་གནས་བཙལ་ནས་དཔེ་ཡིག་དཔེ་མཛོད་ཁང་ཆུང་ངུ་བཙུགས་ནས་བསླབ་དེབ་ལས་གཞན་པའི་དཔེ་དེབ་བཀླག་བྱ་མེད་པའི་བོད་ཡིག་འཛིན་གྲྭའི་སློབ་མ་ལ་མཐུན་རྐྱེན་བསྐྲུན་ཞིང་། སློབ་གྲྭ་ཡོངས་ལས་སྦྱངས་འབྲས་བཟང་ཞིང་རང་མོས་ཡོད་པའི་སློབ་མ་བརྒྱ་ཕྲག་བསྡུས་ནས་“རྩོམ་རིག་ཚོགས་པ་”བཙུགས་ཏེ་སློབ་ཁྲིད་བར་གསེང་དུ་དཔེ་ཀློག་དང་། གཟའ་མཇུག་ངལ་གསོའི་དུས་སུ་སློབ་གྲྭའི་ཕྱི་ནང་གི་དགེ་རྒན་སོགས་ཡོན་ཏན་རྒན་པ་རྣམས་གདན་དུ་དྲངས་ནས་བསླབ་བྱ་དང་འཆད་ཁྲིད་གནང་བའི་བསྟན་པ་འཛུགས་ཤིང་རྒྱུན་བསྐྱངས། སློབ་མའི་རྩོམ་ཡིག་ལེགས་གྲས་རྣམས་ཀྱིས་སློབ་གྲྭའི་བོད་ཡིག་དུས་དེབ་ཀྱི་དབུ་ཕྱེས་ཤིང་པར་དུ་བསྐྲུན། ཐབས་ལམ་དང་པའི་སློབ་མ་ལ་ཆབ་སྲིད་ལ་རོགས་འདེགས་ཀྱི་དཔྱད་གཞི་ཐག་གཅོད་པར་མཐོ་འབྲིང་ཆབ་སྲིད་བསླབ་དེབ་ཆ་ཚང་གཅིག་ཏུ་བསྒྲིལ་བའི་རྒྱ་ཡིག་གི་བསླབ་གཞི་ཧྲིལ་བོར་བོད་ཡིག་དུ་བསྒྱུར་ཅིང་། དཔེ་དེབ་ཏུ་དཔར་ནས་སློབ་གྲྭ་གཞན་པ་དག་གིས་ཀྱང་བསླབ་དེབ་རུ་བྱས་སོ།། ད་དུང་ཐབས་ལམ་གཉིས་པའི་སློབ་མ་སྐབས་གཅིག་ལྷག་ལ་འཛིན་བདག་གི་འགན་བཞེས་པས་སྦྱངས་འབྲས་སྔར་མེད་པ་ཐོབ་པས་ཁུལ་ཡོངས་ཀྱི་ཕུལ་བྱུང་འཛིན་བདག་གི་བྱ་དགའང་ཐོབ།  དེ་ལྟར་རང་དོན་ཡལ་བར་དོར་ཏེ་ཉིན་མཚན་ལྟོས་པ་མེད་པར་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་ནས་བོད་ཀྱི་སྐད་དང་རིག་གནས་སློབ་གསོར་ནུས་པ་ཅི་ཡོད་ཀྱིས་འབད་པ་ལྷོད་མེད་བྱས། ༢༠༡༥ལོར་མི་རིགས་སློབ་གསོར་ཐུགས་ཁུར་བླ་ན་མེད་པ་མཛད་པའི་གོང་རིམ་དབུ་ཁྲིད་ཅིག་སྐུལ་བ་ལྟར་ལྕགས་ཟམ་ཁའི་ཁུལ་མཐོ་རིམ་སློབ་འབྲིང་དང་ཁུལ་ལས་བཟོ་ལག་རྩལ་སློབ་གྲྭ་གཉིས་ཀྱི་སྐད་གཉིས་དགེ་རྒན་གསོ་སྐྱོང་གི་ལས་ཀ་བསྒྲུབ་པར་སོང་། ཞོར་དུ་རང་འགུལ་ངང་མཐོ་འབྲིང་འཛིན་གྲྭ་དག་གི་སྐད་ཡིག་སློབ་ཁྲིད་ཀྱི་འགན་གཙང་ལེན་བྱས་དང་བྱེད་བཞིན་ལགས་སོ།། 


    གསུམ་པ།  རིག་པའི་རྩལ་བཏོན་ཏེ་བསྟན་བཅོས་མཛད་ཚུལ།
    འདིའི་ཡན་ལ། ཁོང་གི་སྐྱེ་མིང་ཟླ་བ་བཟང་པོ་དང་། ཆོས་མིང་བྱམས་པ་རྣམ་རྒྱལ། པུར་མིང་མིག་གསུམ་པ། འགྱུར་མིང་月贤བཅས་མིང་མི་འདྲ་བའི་ཐོག་ནས་ཚགས་པར་དང་དུས་དེབ་སྣ་ཚོགས་སུ་བོད་ཡིག་གི་སྒྲུང་ཐུང་དང་། སྙན་རྩོམ། དཔྱོད་རྩོམ་སོགས་བཅུ་ཕྲག་དུ་མ་སྤེལ་མྱོང་ཡོད།<<གངས་ཅན་བདོད་ཀྱི་བརྡ་སྤྲོད་རིག་པའི་རྨང་གཞིའི་ཤེས་བྱའི་རེའུ་མིག་མཁས་པའི་འགྲེལ་བ་ཀུན་ལས་བཏུས་པ།>>དང་། <<ནང་ཆོས་ལ་འཇུག་པའི་དྲི་ལན་གསེར་གྱི་ལྡེ་མིག>><<བྱིས་པའི་སྐད་གཉིས་སློབ་གསོ་འཇིག་རྟེན་མཁས་པའི་ཞལ་ལུང་།>><<མཐོ་འབྲིང་སློབ་མའི་སྐད་ཡིག་བསླབ་གཞི་>>བཅས་དཔར་དུ་བསྐྲུན།  རྒྱལ་ནང་གི་དུས་དེབ་དང་རྩོམ་དེབ་ཕྱོགས་སྒྲིག་སོགས་ཀྱི་སྟེང་དུ<<བོད་ཁུལ་དུ་ཆེས་འཚམས་པའི་སློབ་ཁྲིད་བྱེད་ཐབས>>དང་<<འཁྲིད་ཐབས་རིགས་དང་པོའི་དགེ་རྒན་གསོ་སྐྱོང་བྱེད་ཐབས་ཐོག་མ་གླེང་བ།>>《སློབ་ཁྲིད་དང་སྐད་ཆ》སོགས་རྒྱ་ཡིག་གིས་བྲིས་པ་དང་། <<བོད་ཁུལ་གྱི་སྐད་གཉིས་སློབ་གསོའི་ངོ་སྤྲོད་མདོ་ཙམ་>>དང་།《བོད་ཀྱི་ཡི་གེའི་ངོ་བོ་གླེང་བ》《སྐད་ཆ་ཨང་དང་པོ་ཁྲིད་བྱེད་དུ་བཀོལ་བ་གནས་ལུགས་མཁན་པོ་ལ་དཔྱད་པ》སོགས་བོད་ཡིག་གིས་བྲིས་པའི་དཔྱོད་རྩོམ་བཅུ་ཕྲག་སྤེལ།  འགྱུར་རྩོམ་ལ་<<དགེ་རྟགས་ཀྱི་གཞས་གཞུང>>་དང་<<ཁམས་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བྱམས་པ་མཁས་གྲུབ་ཀྱི་རྣམ་ཐར>>《ཤེས་རབ་སྙིང་པོའི་འགྲེལ་བ།》སོགས་རྒྱ་འགྱུར་དང་། <<མཐོ་འབྲིང་ཆབ་སྲིད་བསླབ་དེབ་ཀྱི་རྨང་གཞིའི་ཤེས་བྱའི་རེའུ་མིག་ཆ་ཚང་>>སོགས་བོད་འགྱུར་བཅས་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1