༄༅།། བོད་ཀྱི་ཤེས་རིག་དང་ཤེས་རིག་ཞིབ་འཇུག་སྐོར་གྱི་གནད་དོན་འགའ་བཤད་པ།

གསང་བདག རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 12-19


 གསང་བདག
          དང་པོ། བོད་ཀྱི་ཤེས་རིག་ཞིབ་འཇུག་སྐོར་གྱི་གནད་དོན་ཁ་ཤས།
          སྤྱིར་ཤེས་བྱ་རིག་པའི་གནས་ཀྱི་གནད་དོན་གང་ཞིག་ཡིན་ཡང་གྲུབ་ཟིན་པ་ལ་བསྒྲུབ་པའི་རིག་པས་ངལ་བ་བྱེད་དགོས་པའི་ངེས་པ་མེད་པ་སྤྱི་འགྲོས་ལྟར་སྣང་ཡང་།  “བོད་རིག་པ་བ”ཁ་ཤས་ཀྱིས་བདག་མེད་ཆོས་ལ་སྙིང་རུས་སུ་ཆེ་ཡིན་ཞེས་པ་ཇི་བཞིན་བོད་ཀྱི་ཤེས་རིག་གི་གར་སྟེགས་སུ་སྨྱུག་རྩེ་གང་འདོད་དུ་བསྒྱུར་ཏེ་ལྗགས་རྩོམ་ཅི་རིགས་སྤེལ་ནས་བོད་ཀྱི་ཤེས་རིག་གི་གོ་དོན་དང་ཤེས་རིག་ཞིབ་འཇུག་གི་ཡུལ་དེའང་ག་ཉོག་གི་གནས་ཤིག་ཏུ་འདྲེན་ཚུལ་མངོན་པས་གནད་དོན་དེར་དོ་སྣང་དང་དག་སེལ་བྱ་དགོས་པའི་དགོས་པ་ཆེ་བར་འདུག་སྙམ། དཔེར་ན་དེང་དུས་བོད་ཀྱི་ཤེས་རིག་ཞིབ་འཇུག་གམ་བོད་རིག་པའི་ཞིབ་འཇུག་ནི་ཕྱི་ནས་ནང་ལ་དར་བ་དང་མི་རིགས་གཞན་གྱིས་བོད་ལ་དར་དུ་བཅུག་པའི་ཚུལ་དུ་བརྗོད་པ་དང་།   ཡང་ན་ “བོད་ཀྱི་ཤེས་རིག་འདི་རང་རྐྱ་ཐུབ་པའི་ཤེས་རིག་གི་གཞུང་ཞིག་ཏུ་གྲུབ་ནས་དར་བ་ནི་ཉེ་བའི་ལོ་ངོ་སུམ་ཅུ་བཞི་བཅུའི་རིང་གི་ལོ་རྒྱུས་ཙམ་ཡིན” (༡)ཞེས་སྨྲ་བ་འདི་ནི་མ་དག་ལོག་རྟོག་གི་ལྟ་བས་རྒྱུན་འབྱམས་སུ་གྱུར་པའི་བཤད་སྟངས་ཀྱི་རྗེས་འབྲངས་པ་ཞིག་མིན་ཕྱིན། བོད་ཀྱི་ཤེས་རིག་ལ་ཚུལ་མིན་གྱི་ལྟ་བ་རང་བཙན་པ་ཞིག་བཟུང་བའི་མངོན་རྟགས་ཡིན། དུས་ལས་བྱུང་བའི་མཁས་པ་འདི་དག་ནི་དོན་ལྡན་གྱི་ཚན་རིག་དང་མཐུན་པའི་ཤེས་རིག་འདིའི་ཆུ་ཕུགས་ཟབ་ལ་འབབ་ཐག་རིང་བའི་གཞུང་རྣམས་ལ་གཟིགས་པའི་མཁྱེན་རྒྱ་ཁབ་མིག་ལྟར་དོག་པའི་ཕྱོགས་ལྷུང་གི་ལྟ་བས་རང་ལ་མ་གཏོགས་སངས་རྒྱས་ལའང་དག་པ་མི་སྟེར་བའི་རྒྱུས་ཅན་དུ་མངོན་དགའ་བྱེད་མཁན་དག་རེད། དེ་ལྟ་མིན་ན་བོད་རིག་པའམ་བོད་ཀྱི་ཤེས་རིག་གི་གཞུང་འདི་ལ་སྔོན་བྱོན་ལོ་པཎ་མཁས་གྲུབ་དང་དེང་རབས་ཀྱི་མཁས་དབང་དམ་པ་རྣམ་པས་ཞིབ་འཇུག་གང་དགོས་གང་ “ལེགས་གནང་སྟེ་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་འཕེལ་རྒྱས་ཕུན་སུམ་ཚོགས་པར་བཏང་བའི་དཔྱད་རྩོམ་དང་། ཆེད་རྩོམ། འགྲེལ་རྩོམ་གྱི་སྐོར་བགྲང་གིས་མི་ལངས་པ་མཛད་ཡོད་པ་མཐོང་བཞིན་དུ་གཏམ་དེ་འདྲ་སྒྲོག་དོན་ཅི། ཡང་བོད་ཀྱི་ཤེས་རིག་ལ་མཚན་ཉིད་འདི་འདྲ་བཞག་ཡོད་དེ། “བོད་ཀྱི་ཤེས་རིག་ནི་སྤྱི་ཚོགས་ཚན་རིག་གི་ཡན་ལག་ཅིག་ཡིན་པ་དང་གོ་དོན་ཁྱབ་ཆུང་བའི་ཆ་ནས་བཤད་ན་མི་རིགས་རིག་པའི་ཡན་ལག་གི་རིག་གཞུང་ཚན་ཁག་ཅིག་ཡིན་”ཞེས་པ་དང་། “མིག་སྔར་འཛམ་གླིང་ཐོག་བོད་རིགས་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་ཚན་ཁག་ཉི་ཤུ་ལྷག་ཙམ་ཡོད་པ་དེ་ཚོ་སྤྱིའི་ཆ་ནས་བཤད་ན་སྤྱི་ཚོགས་ཚན་རིག་ཁོངས་དང་ཁ་ཤས་ཤིག་རང་བྱུང་ཚན་རིག་གི་ཁོངས་སུ་འདུས་ཤིང་།  དེ་ལས་བོད་རིགས་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་གི་མ་ལག་ཅིག་ཆགས་ཡོད་པ་རེད།”ཅེས་དང་། “བོད་ཀྱི་ཤེས་རིག་གིས་ཞིབ་འཇུག་བྱེད་ཡུལ་ནི་བོད་རིགས་རེད”(༢)ཅེས་པ་ལ་སོགས་བོད་ཀྱི་ཤེས་རིག་ཆེན་པོ་འདིར་མཚན་ཉིད་དེ་རིགས་བཞག་ཡོད་པ་ནི་ཡིད་སྐྱོ་ཞིང་བློ་ཕམ་པའི་གཏམ་དུ་ཟད་དེ། རྒྱུ་མཚན་ནི། བོད་ཀྱི་ཤེས་རིག་ནི་རིག་གཞུང་གི་ཚན་ཁག་མང་པོ་ཞིག་ལས་གྲུབ་པའི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤེས་རིག་ཅིག་ཡིན་པས། དེ་ནི་སྤྱི་ཚོགས་ཚན་རིག་གི་ཡན་ལག་  ཅིག་དང་ཡང་ན་མི་རིགས་རིག་པའི་ཡན་ལག་ཅིག་ཡིན་པ་ཙམ་གྱིས་མ་ཚད་པའི་ཕྱིར།  སྤྱི་ཚོགས་ཚན་རིག་ཅེས་པ་ནི་“སྤྱི་ཚོགས་ཀྱི་སྣང་ཚུལ་རྟོག་དཔྱོད་བྱ་ཡུལ་དུ་གྱུར་པའི་ཚན་རིག་ཅིག་སྟེ། དཔེར་ན་ཆབ་སྲིད་རིག་ པ་དང་། དཔལ་འབྱོར་རིག་པ། དམག་དོན་རིག་པ། བཅའ་ཁྲིམས་རིག་པ། བརྡ་སྤྲོད་རིག་པ། མི་རིགས་རིག་པ། ཆོས་ལུགས་རིག་པ། སྤྱི་ཚོགས་རིག་པ་སོགས་ཡིན་ཞིང་། དེའི་ལས་འགན་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་སྣང་ཚུལ་དེ་རིགས་ཀྱི་འཕེལ་ཚུལ་ཆོས་ཉིད་ལ་བརྟག་དཔྱད་ཀྱིས་གསལ་བཤད་བྱེད་རྒྱུ་དེ་ཡིན”(༣)ཞེས་ཡོངས་གྲགས་ཚད་ལྡན་དུ་གསུངས་ཡོད་པར་གཞིགས་ན། བོད་ཀྱི་ཤེས་རིག་ནི་སྤྱི་ཚོགས་ཚན་རིག་གི་ཁོངས་ལ་གཏོགས་པས་སྤྱི་ཚོགས་ཚན་རིག་ཅིག་ཡིན་པ་ལས་དེའི་ཁོངས་ཀྱི་ཡན་ལག་ཅིག་གཏན་ནས་མ་ཡིན་ལ་མི་རིགས་རིག་པའི་ཡན་ལག་ཅིག་དེ་བས་ཀྱང་མ་ཡིན་པ་མངོན་པར་གསལ། སྤྱིར་བོད་ཀྱི་ཤེས་རིག་ནི་ཐུན་མོང་པའི་ཆ་ནས་བཤད་ན་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གི་མ་ལག་ལྡན་པའི་ཚན་རིག་ཅིག་ཡིན་པ་དང་། ཐུན་མོང་མ་ཡིན་པའི་ཆ་ནས་བཤད་ན་གངས་ཅན་པའི་ཁྱད་ཆོས་ལྡན་པའི་འཇིག་རྟེན་རྟོགས་བྱེད་ཀྱི་ཤེས་བྱ་རིག་པ་དྭངས་མའི་ཚན་རིག་ཅིག་ཡིན་པ་ལས། སྤྱི་ཚོགས་ཚན་རིག་ཁོངས་ཀྱི་ཡན་ལག་ཅིག་གམ་ཡང་ན་དེའི་ཁོངས་ཀྱི་མི་རིགས་རིག་པའི་ཡན་ལག་ཅིག་རེད་ཅེ་ན་བོད་ཀྱི་ཤེས་རིག་གི་མ་གཞིའི་ནང་དོན་མཚོན་མི་ཐུབ་པར་ཁྱབ་ཆུང་དྲག་པར་མངོན་པས། བཤད་སྟངས་དེ་ནི་རྩ་བའི་ངོ་བོའི་ཐོག་ནས་ནོར་བར་འདོད། སྤྱི་ཚོགས་ཚན་རིག་གི་ཁོངས་གཏོགས་རིག་གཞུང་ལ་མ་ལག་གང་ཚང་བ་དེ་རྣམས་བོད་ཀྱི་ཤེས་རིག་ལའང་མ་ལག་དེ་རིགས་ཚང་བར་མ་ཟད། ད་དུང་གསོ་རིག་དང་རྩིས་རིག་སོགས་རང་བྱུང་ཚན་རིག་གི་ཁོངས་གཏོགས་རིག་གཞུང་གཞན་དྲིང་མི་འཇོག་པའི་མ་ལག་ཀྱང་ཆ་ཚང་ཡོད་པའི་ཕྱིར་རོ།།
          “མི་རིགས་རིག་པ”ཞེས་པ་ནི། རིགས་རུས་དང་ཚོ་བའམ་རིགས་རྒྱུད་སོགས་ཐུན་མོང་གི་ཁྱད་ཆོས་ལྡན་པའི་ཚོགས་པ་བརྟག་དཔྱད་བྱ་ཡུལ་དུ་བྱེད་པའི་ཚན་རིག་ཅིག་སྟེ། ཡུལ་དངོས་ལ་རྩད་གཅོད་དང་བརྟག་དཔྱད་བྱས་ནས་མི་རིགས་ཁག་གི་ལོ་རྒྱུས་དང་དངོས་གནས་འཕེལ་འགྱུར་གྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་དེ་ཡིན། དེ་ན་བོད་ཀྱི་ཤེས་རིག་ནི་འདི་ཙམ་གྱིས་མ་ཚད་པར་ནང་དོན་ཧ་ཅང་རྒྱ་ཆེན་པོ་ཡིན་པས། བོད་ཀྱི་ཤེས་རིག་ནི་མི་རིགས་རིག་པའི་ཁོངས་གཏོགས་ཀྱི་ཡན་ལག་ཅིག་ཅི་བས་ཀྱང་ཡིན་མ་ངེས་ཏེ། མི་རིགས་རིག་པ་དེ་ཉིད་བོད་ཀྱི་ཤེས་རིག་གི་ཁོངས་གཏོགས་ཡན་ལག་ཅིག་ཡིན་པ་མངོན་གསལ་རེད། དེ་ནི་སྤྱི་དང་བྱེ་བྲག་གི་གོ་བ་ལོག་པའི་བཤད་སྟངས་ཤིག་རེད་སྙམ།
          བོད་རིགས་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་ཚན་ཁག་དང་བོད་ཀྱི་ཤེས་རིག་གཉིས་གོ་དོན་ཁ་ཁ་ཡིན་ཏེ། བོད་རིགས་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་ཚན་ཁག་ནི་བོད་ཀྱི་སྐད་ཡིག་ཁོ་ན་ཡིན་དགོས་པའི་ངེས་པ་མེད་དེ། མི་རིགས་གཞན་གང་གི་སྐད་ཡིག་ཐ་དད་པའི་རིག་གཞུང་ཚན་ཁག་གང་ཡིན་ངེས་མེད་ཅིག་ལ་གོ་ཞིང་། བོད་ཀྱི་ཤེས་རིག་ནི་བོད་རང་ཉིད་ཀྱི་སྐད་ཡིག་ལས་གྲུབ་པའི་ཤེས་བྱ་རིག་པའི་གནས་ཀུན་འདུས་པའི་རིག་གཞུང་ཚན་ཁག་ཡིན་པས།  བོད་ཀྱི་ཤེས་རིག་གི་ཞིབ་འཇུག་བྱེད་ཡུལ་ནི་བོད་རིགས་གཅིག་པུ་ཙམ་གྱིས་མ་ཚད་པར་འགྲོ་བ་མིའི་རིགས་ཀྱི་བྱུང་འཕེལ་དང་། སྤྱི་ཚོགས་དང་། རིག་གནས། ལོ་རྒྱུས། དཔལ་འབྱོར། རྩོམ་རིག་སྒྱུ་རྩལ། ཆོས་ལུགས། སློབ་གསོ་སོགས་ཡིན། དེར་བརྟེན་ཤེས་རིག་ཅིག་ཡིན་ཕྱིན་ཤེས་རིག་དེའི་ཞིཔ་འཇུག་བྱ་ཡུལ་ནི་རང་མི་རིགས་དེའི་རིགས་རྒྱུད་ཁོ་ནའི་ཁྱབ་ཁོངས་ཅམ་གྱིས་མ་ཚད་པར། ཐུན་མོང་ཐུན་མོང་མ་ཡིན་པའི་ཤེས་བྱ་རིག་པའི་གནས་གཞན་དག་གི་འཕེལ་ཚུལ་དང་ཆོས་ཉིད་སོགས་ལ་ཞིབ་འཇུག་བྱེད་པ་ཕུད།  གཞན་ད་དུང་འཇིག་རྟེན་གྱི་ཤེས་བྱ་གང་མཁོ་བ་ཐམས་ཅད་ལ་ཞིབ་འཇུག་བྱས་ནའང་ཆོག་པ་རེད།  དེ་ལྟར་སྤྱི་དང་བྱེ་བྲག་དང་ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བ་གོ་ལྡོག་སྟེ་འོལ་ཚོད་ཀྱིས་སྡོམ་ཚིག་བཟོ་བ་འདི་རིགས་ཀྱིས་བོད་ཀྱི་ཤེས་རིག་ལ་ངེས་ཤེས་གསལ་པོ་ཞིག་ཀྱང་ལོན་མེད་པ་མངོན་གསལ་རེད།
          སྤྱི་ལོ་༡༩༩༠་ལོའི་《ཀྲུང་གོའི་སྤྱི་ཚོགས་ཚན་རིག》ཅེས་པའི་རྒྱ་ཡིག་དུས་དེབ་དང་པོའི་ཐོག་ལེགས་སྦྱར་སྐད་ལ་མཁས་པའི་ཆན་ཝུན་ཀྲུང་གིས་《སློབ་དཔོན་རྟ་དབྱངས་ཀྱི་སྟོན་པའི་སྐྱེས་རབས་བསྟོད་པ་ལ་དཔྱད་པ》ཞེས་པའི་དཔྱད་རྩོམ་ནང་སློབ་དཔོན་རྟ་དབྱངས་ཀྱི་ལོ་རྒྱུས་གླེང་སྐབས་ཧ་ཅང་རྒྱུས་མངའ་བའི་ཚུལ་གྱིས་“རྟ་དབྱངས་ཀྱི་འཁྲུངས་རབས་ལོ་རྒྱུས་སྐོར་བོད་ཡིག་གི་ཡིག་ཚང་ནང་དུ་ཟུར་ལྟའི་ལུང་དུ་འདྲེན་འོས་པའི་རྒྱུ་ཆ་ཅི་ཡང་མི་འདུག  ཏཱ་ར་ན་ཐས་རྟ་དབྱངས་ནི་ལེགས་སྦྱར་སྐད་ལ་མཁས་པའི་རྩོམ་མཁན་གཞན་དང་ནོར་པར་ངེས་འདུག”ཅེས་ཁྲུན་ཐག་བཅད་ནས་སྨྲས་པ་ནི་ཧ་ཅང་དགོད་བྲོ་བའི་གཏམ་དུ་ཟད་དེ།   སློབ་དཔོན་རྟ་དབྱངས་(ལེགས་སྦྱར་སྐད་དུ་ཨཤྭགྷོཥཿ)སམ་སློབ་དཔོན་དཔའ་བོའི་ལོ་རྒྱུས་ནི་ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་ལས་གཞན་ད་དུང་བོད་ཀྱི་ལོ་པཎ་མཁས་གྲུབ་རྣམས་ཀྱིས་མཛད་པའི་རྣམ་ཐར་ཆོས་འབྱུང་སོགས་བསྟན་བཅོས་མང་པོའི་ནང་གསལ་པོར་བཀོད་ཡོད་བཞིན་དུ་ཅི་ཡང་མི་འདུག་ཅེས་བབ་ཅོལ་སྨྲ་བ་ནི་རིག་པའི་གནས་ལ་འཇུག་པའི་ཀུན་སྤྱོད་མ་ཡིན་པར་གཟུ་ལུམ་སྨྲ་བའི་ངང་ཚུལ་ཡིན་ཞིང་། ཏཱ་ར་ན་ཐས་སློབ་དཔོན་རྟ་དབྱངས་དང་སྒྲ་པ་གཞན་གྱི་མཚན་ནོར་བ་མ་ཡིན་པར། རྩོམ་མཁན་ཁོ་རང་གིས་སློབ་དཔོན་རྟ་དབྱངས་ནི་ཕྱི་ནང་རིག་པའི་གནས་ཀུན་ལ་མཁས་པའི་མངའ་དབང་བསྒྱུར་བའི་ཡོན་ཏན་རབ་འབྱམས་པ་ཞིག་ཡིན་པས། ཕྱི་ནང་གི་གྲུབ་མཐའ་སོ་སོར་རྩོད་པའི་དུས་གནས་མི་འདྲ་བ་རེར་མཚན་ཡང་མི་འདྲ་བ་དུ་མ་རང་བཞིན་གྱིས་འབྱོར་ནས་གྲགས་པའི་ཚུལ་དེ་མ་རྟོགས་པར་སློབ་དཔོན་རྟ་དབྱངས་ཀྱི་མཚན་གཞན་རྣམས་སྒྲ་རིག་སྨྲ་བའི་མཁས་དབང་གཞན་གྱི་མཚན་ཡིན་པར་འདོད་ནས་དེ་ལྟར་གོ་ལོག་ཏུ་བྱུང་རྒྱལ་སྨྲས་པ་རེད།
          དཔེར་ན་ཚའེ་ཀྲི་ཁྲུན་དང་ཧོང་ཧའོ་ཞེས་པའི་ནང་བསྟན་ལ་ཞིབ་འཇུག་བྱེད་མཁན་རྣམ་པ་གཉིས་ཀྱིས་《སྤྲུལ་སྐུའི་བྱུང་རིམ་སྐོར》 (活佛转世)ཞེས་པའི་བརྩམས་ཆོས་ནང་དུ་ཡིད་རྟེན་འཕེར་བའི་ངེས་ཤེས་བསྐྱེད་དཀའ་ཞིང་ལུང་རིགས་ཀྱི་སྒྲུབ་སྟངས་ལ་གདེང་འཁེལ་བའི་འཐད་ལྡན་གྱི་ཁས་ཀྱང་ལེན་དཀའ་བའི་བཞེད་ལུགས་མི་མཐུན་ཕྱོགས་འགལ་ཅན་མང་བར་མཐོང་སྟེ། དེའི་གླེང་གཞིའི་ནང་དུ་“ནང་བསྟན་དགོན་པའི་འགོ་བདག་དང་གྲྭ་པ་གྲགས་ཅན་ལ་གཞི་ནས་བླ་མ་ཟེར་ཞིང་། སྤྱིར་བཏང་གི་རབ་བྱུང་པ་ལ་གྲྭ་པ་ཟེར། དེ་རྗེས་གྲྭ་པ་ལའང་བླ་མ་ཞེས་འབོད”ཅེས་པ་དང་།   ལེའུ་དང་པོའི་འགོར་སྤྲུལ་སྐུ་ནི་ལྟ་སྤྱོད་བསྒོམས་ནས་སངས་རྒྱས་པའི་མི་ལ་ཟེར་ཞེས་པ་དང་།  ལེ་ཚན་གཉིས་པའི་ནང་སྤྲུལ་སྐུའི་འབྱུང་ཁུངས་བསྟན་པའི་གསུང་རབ་ལ་གཞི་བཅོལ་བའི་ཚུལ་བརྗོད་སྐབས་“ནང་བསྟན་ཆོས་ལུགས་ཀྱིས་མྱ་ངན་ལས་འདས་པ་དེ་སངས་རྒྱས་པའི་མཚན་མར་འཛིན”ཞེས་པ་དང་། “སྤྲུལ་སྐུ་ནི་སངས་རྒྱས་ཀྱི་སྤྲུལ་པ་ཡིན། དེ་ནི་དམིགས་བསལ་གྱི་ཆབ་སྲིད་གནས་བབ་འོག་བྱུང་བའི་དངོས་པོ་ཞིག་ཡིན”ཞེས་པ་དང་“སྤྲུལ་སྐུ་ནི་སངས་རྒྱས་ཀྱིས་སྐྱེ་འགྲོ་སྡུག་བསྔལ་ལས་ཐར་ཞིང་སངས་རྒྱས་པར་འདྲེན་པའི་དོན་ལ་སྐྱེ་བོའི་གཟུགས་སུ་སྤྲུལ་ནས་མངོན་པའི་སངས་རྒྱས་ཀྱི་སྤྲུལ་པ་ཡིན”ཞེས་དང་“སྤྲུལ་སྐུ་ཆེན་པོ་ཚང་མ་རྟག་པར་དབང་བསྒྱུར་སྐུ་དྲག་གི་ཁྱིམ་དུ་འཁྲུངས”ཞེས་པ་སོགས་ནོར་འཁྲུལ་གྱི་ཚིག་སྦྱོར་དེ་རིགས་མགོ་མཇུག་བར་གསུམ་དུ་གང་མང་བྲིས་འདུག བོད་ཀྱི་གྲྭ་པ་དང་བླ་མའི་དབྱེ་བ་མི་འབྱེད་པར་གཟན་ཤམ་མནབས་པའི་རབ་བྱུང་བ་ཚང་མར་བླ་མ་དང་བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་ཟེར་བ་འདི་ནི་གཞན་གྱིས་ཇི་མི་སྙམ་པར་འདོད་རྒྱལ་དུ་བཏགས་པའི་མིང་ཞིག་ཡིན་པས་ཁྱད་གཞི་དང་ཁྱད་ཆོས་འགལ་བའི་རྩ་བ་ཉིད་ནས་ནོར་བའི་བརྗོད་སྟངས་ཤིག་ཡིན་ཏེ། བླ་མ་ནི་སྤྱིར་བཏང་དུ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་ལྕི་པའི་སློབ་དཔོན་དྲིན་ཅན་བླ་ན་མ་མཆིས་པ་རྩ་བའི་བླ་མའམ་བྱང་ཆུབ་སེམས་དཔའི་ས་ངེས་ཅན་གྱི་གོ་འཕང་ཐོབ་པའི་རྣམ་སྤྲུཡ་ལ་བླ་མ་ཞེས་ཟེར་ཞིང་བོད་ཀྱི་སྤྱི་འགྲོས་ཀྱི་ངེས་སྲོལ་ལྟར་ན་དེང་སང་བླ་མ་དང་སྤྲུལ་སྐུ་དོན་གཅིག་ཏུ་ངེས་པ་གོམས་ཤས་ཆེ་བས་སྤྲུལ་སྐུ་ཡིན་ན་བླ་མ་ཡིན་པས་ཁྱབ་པ་ལྟར་སྣང་ཡང་། དོན་དུ་བླ་མ་ཡིན་ན་སྤྲུལ་སྐུ་ཡིན་པའི་ངེས་པ་མེད་པ་དང་སྤྲུལ་སྐུ་ཐམས་ཅད་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པའི་ངེས་པ་དེ་བས་ཀྱང་མེད། སྤྲུལ་སྐུ་སོ་སོའི་སྤྲུལ་གཞི་མཐའ་གཅིག་ཏུ་སངས་རྒྱས་ཀྱི་སྤྲུལ་པར་ངོས་བཟུང་ན་ཡང་མ་དག་ཅིང་། དེར་ཡང་ཆོས་སྐུ་ལོངས་སྐུ་ཞེས་དབྱེ་བ་ངེས་ཅན་རེ་ཡོད་དེ། ཡེ་ཤེས་ཆོས་སྐུ་དེ་སངས་རྒྱས་འཕགས་པ་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པ་དང་། ལོངས་སྤྱོད་རྫོགས་སྐུ་ནི་སར་གནས་གྱི་བྱང་སེམས་ཡན་ཆད་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པ། མཆོག་གི་སྤྲུལ་སྐུ་ནི་སོ་སྐྱེ་ལས་དག་ཡན་ཆད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པར་གསུངས་ཡོད། ཡང་ཁ་ཤས་ཀྱིས་བོད་ཀྱི་ལྷ་སྒྲུང་གི་ཐོག་མའི་བྱུང་རིམ་བརྗོད་སྐབས་བོད་ཀྱི་ལྷ་སྒྲུང་ཆེས་སྔ་ཤོས་ནི་གེ་སར་སྒྲུང་བྱུང་བ་དེ་ནས་དར་པ་ཡིན་ཞེས་བཤད་དེ། བོད་ཀྱི་ལྷ་སྒྲུང་ནི་གདོད་མའི་དུས་ནས་དར་ཞིང་གེ་སར་སྒྲུང་ནི་ཆེས་སྔ་ནའང་བསྟན་པ་ཕྱི་དར་གྱི་རྗེས་ནས་བྱུང་བའི་བོད་ཀྱི་ལོ་རྒྱུས་གྱི་མ་མཐའི་སྤྱི་འགྲོས་ཙམ་ཡང་གསལ་ཆ་མེད་པར་བྱུང་རྒྱལ་སྨྲ་བཞིན་འདུག
          དེ་བས་ཀྱང་ལྷག་པར་དུ་གད་མོ་འཆོར་པ་ཞིག་ལ་འགའ་རེས་བོད་ཀྱི་ཉེ་རབས་ཀྱི་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པའི་དབང་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་དང། འཇུ་མི་ཕམ།  རྗེ་ཤེས་རབ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། དགེ་འདུན་ཆོས་འཕེལ་སོགས་ནི་དེང་གི་མཁས་པ་ཁྲིན་དབྱིན་ཁུག་དང་། ཧྥ་ཙོང་། ཡུས་ཏའོ་ཆོན། རིན་ནའེ་ཆང་། ལི་ཨན་ཀྲའེ། ཀྲང་དབྱི་སུན། ལུས་ཀྲིན། ལིའུ་ལི་ཆན། ཝང་སིན། ཝང་དབྱི་ནོན་སོགས་དང་ལྷན་དུ་བསྲེས་ནས་“བོད་ཀྱི་ཤེས་རིག་མཁས་པ”ཞེས་པའི་གྲས་སུ་བཞག་ནས་གདེང་འཇོག་བྱེད་པའི་ཚུལ་དེར་གཟིགས་དང་། དེ་ལས་བོད་ཀྱི་ཤེས་རིག་གི་ཆུ་ཚད་དེ་གནས་ག་འདྲ་ཞིག་ཏུ་སླེབས་ཡོད་མེད་མངོན་གསལ་མ་རེད་དམ།  མ་གཞི་ཕྱི་མ་དེ་ཚོའང་སོ་སོའི་སྐལ་མཉམ་གྱི་གྲས་ནས་བཤད་ན་བོད་ཀྱི་ཤེས་རིག་ལ་ཤེས་རྟོགས་རྒྱུས་ལོན་བྱེད་པའི་མཁས་པ་རེད་ཅེས་བརྗོད་ཀྱང་མི་རུང་རྒྱུ་ཅང་མེད་མོད། འོན་ཀྱང་སྔ་མ་རྣམས་དང་ཡེ་ནས་བསྡུར་ཐབས་མེད་དེ་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་ཕྱོགས་ནས་ཡོན་ཏན་གྱི་རྒྱ་ཆེ་ཆུང་དང་། གཏིང་ཟབ་ཚད། རིགས་ལམ་གྱི་ཞིབ་ཕྲ། དཔྱད་པའི་སྤུས་ཚད་བཅས་ཕྱོགས་གང་ཅིའི་ཐད་ནས་ཀྱང་གཅིག་མཚུངས་མ་ཡིན་པ་ཚང་མས་མཁྱེན་གསལ་རེད།
          བོད་ཀྱི་མཁས་དབང་འདི་རྣམ་པའི་བརྩམས་ཆོས་ནི་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་དཔྱད་རྩོམ་རྨད་དུ་བྱུང་བ་དང་ཡང་ན་བོད་ཀྱི་རིག་གནས་ཆུ་གཏེར་སྔར་བས་ཕུན་སུམ་ཚོགས་པར་འཕེལ་རྒྱས་བཏང་བའི་ཚད་ལྡན་གྱི་གསུང་རྩོམ་ཕུལ་དུ་བྱུང་བ་དག་ཡིན་པས།  ཁོང་རྣམ་པ་ནང་བཞིན་བོད་ཀྱི་ལོ་རྒྱུས་ཐོག་དུས་སྔ་ཕྱིར་བྱུང་བའི་ཁམས་དབང་དམ་པ་རྣམས་ནི་བོད་ཀྱི་ཤེས་རིག་གི་བང་མཛོད་གསར་སྐྲུན་གནང་མཁན་ཡིན་ལ་ཤེས་རིག་ཞིབ་འཇུག་གི་སྒོ་འཕར་ཡངས་པོར་ཕྱེ་མཁན་ཡང་ཡིན།  ཤེས་རིག་གི་མ་ལག་ཆ་ཚང་གསར་གཏོད་བྱེད་མཁན་ཡིན་ལ་ཤེས་རིག་གི་ནང་དོན་ཕུན་སུམ་ཚོགས་པར་འཕེལ་རྒྱས་གཏོང་མཁན་ཡང་ཡིན།  ཡང་ད་དུང་ངེས་པར་དུ་རྟོགས་དགོས་པ་ཞིག་ལ།  ཤེས་རིག་ཞིབ་འཇུག་གིས་སྤྱི་ཚོགས་ཡར་རྒྱས་ལ་ཕན་ནུས་ཐོན་དགོས་མིན་དང་ཐོན་དགོས་ན་ཇི་ལྟར་ཐོན་དགོས་པའི་སྐོར་དེ་ཡིན། མ་གཞི་ཤེས་རིག་ཞིབ་འཇུག་བྱེད་པའི་དམིགས་ཡུལ་ནི་གཙོ་བོ་ཤེས་བྱ་རིག་པའི་གནས་རྣམས་དཔྱད་བསྡུར་དང་བླང་དོར་ཡོད་པའི་སྒོ་ནས་རྒྱུན་འཛིན་དང་འཕེལ་རྒྱས་བྱེད་རྒྱུའི་ཆེད་དང་དེ་མཚུངས་བོད་ཀྱི་སྤྱི་ཚོགས་གནས་བབ་དང་། དཔལ་འབྱོར་འཚོབ། བསམ་པའི་ཤེས་རྒྱ། ཞིང་ཕྱུག་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་བསྒྱུར་བཅས་ལ་ཡར་རྒྱས་སྐུལ་སྤེལ་གྱི་ནུས་ཤུགས་ངེས་ཅན་ཐོན་རྒྱུའི་ཆེད་དུ་ཡིན་ཡང་།  དེང་སྐབས་ཀྱི་ཞིབ་འཇུག་བྱེད་སྟངས་དང་ཆུ་ཚད་ཕལ་ཆེ་བ་ཞིག་ངོ་སྤྲོད་རང་བཞིན་ནམ་སྐྱར་ཟློས་དང་བསྒྱུར་བཅོས་ཀྱི་ཚད་ལས་མ་འདས་ཤིང་སྤྱི་ཚོགས་དང་། ཐོན་སྐྱེད། འཚོ་གནས་ལ་སོགས་པའི་དཔལ་འབྱོར་ཕྱོགས་ལ་ཡེ་ནས་འབྲེལ་བ་མེད་པའི་སྲོལ་དུ་མངོན་པས། དེ་ནི་ཤེས་རིག་ཞིབ་འཇུག་གི་བྱེད་ནུས་མ་ཚང་བའི་དོན་དངོས་དང་བྲལ་བ་ཡིན་སྙམ། སྔ་མ་སྔ་མའི་དོན་གྱི་བྱུང་བ་རྣམས་བརྟགས་ཤིང་དཔྱད་དེ་སྤྱི་བསྡོམས་བྱེད་དགོས་ལ། མིག་སྔའི་སྤྱི་ཚོགས་ཀྱི་དོན་དངོས་ལ་གང་ལེགས་པར་གཞིགས་ཏེ་མི་རིགས་ཡོངས་ཀྱི་ཤེས་རིག་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་འཚོ་བ་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་གཙོར་གྱུར་པའི་ལས་དོན་དེ་ཤེས་རིག་ཞིབ་འཇུག་གི་མཐར་ཐུག་གི་དམིགས་ཡུལ་ཡིན་པས་དེང་གི་སྤྱི་ཚོགས་དང་ཟུང་འབྲེལ་དམ་པོ་ཡང་བྱེད་དགོས་པར་བསམ།
          གཉིས་པ། བོད་ཀྱི་ཤེས་རིག་ཞིབ་འཇུག་གི་བྱུང་འཕེལ་སྐོར།
          བོད་ཀྱི་ཤེས་རིག་ཞིབ་འཇུག་གི་ངེས་སྲོལ་དེ་ཕྱི་ནས་དྲན་སྐུལ་གྱིས་སྤེལ་ཡོང་བ་ཞིག་མིན་ལ། མི་རིགས་གཞན་གྱིས་ཞིབ་འཇུག་བྱས་པ་ལས་དར་འགོ་ཚུགས་པ་ཞིག་ཀྱང་མིན།  རང་མི་རིགས་ཀྱི་སྔོན་བྱོན་མཁས་དབང་དམ་པ་རྣམས་ཀྱིས་སོ་སོའི་ཁྱད་ཆོས་དང་ལྡན་པའི་ཞིབ་འཇུག་བྱེད་སྲོལ་གྱི་རིག་ལམ་ཡངས་པོ་ཚན་རིག་དང་མཐུན་པ་ཞིག་ཕྱེས་ཡོད་བཞིན་དུ།  ཞིབ་འཇུག་བྱེད་སྟངས་ཀྱང་གཞན་གྱིས་བསླབས་པ་ལས་གཞི་ནས་དར་འགོ་ཚུགས་པའི་ཚུལ་དུ་བརྗོད་པ་ནི་དོན་གནས་ཀྱི་བཤད་སྟངས་ཤིག་མ་ཡིན་པར་བསམ།།
          བོད་ཀྱི་ཤེས་རིག་གམ་བོད་རིག་པའི་ཐོག་མའི་ས་བོན་ཕྱི་མོ་ནི་རང་རེའི་མི་རིགས་འདི་བྱུང་བ་ཉིད་ནས་སྤྱི་ཚོགས་དང་ཐོན་སྐྱེད་འཕེལ་འགྲིབ་ཀྱི་ལོ་རྒྱུས་དང་བསྡོངས་ནས་བྱུང་བ་དང་།  ལྷག་པར་དུ་རིག་པ་དང་བསམ་བློ་མངོན་པར་མཚོན་བྱེད་ཀྱི་ཡི་གེ་དར་ཁྱབ་བྱུང་བ་ནས་བཟུང་བོད་གངས་ཅན་གྱི་སྲོལ་རྒྱུན་ཤེས་རིག་གི་མ་ལག་ཀྱང་ཚད་ལྡན་དང་ཆ་ཚང་བར་འཕེལ་རྒྱས་བྱུང་འགོ་ཚུགས། མི་རིགས་གང་གི་ཤེས་རིག་གང་ཡང་སོ་སོའི་སྤྱི་ཚོགས་དང་། ཐོན་སྐྱེད། ལོ་རྒྱུས་བཅས་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག་འཕེལ་རྒྱལ་སུ་འགྲོ་བས་བོད་ཀྱི་ཤེས་བྱ་རིག་པའི་གནས་འདིའི་བྱུང་འཕེལ་གྱི་ལོ་རྒྱུས་ཀྱང་ཚུལ་དེ་ལས་མ་འདས་སོ།། བོད་ཀྱི་རྒྱལ་རབས་ཐོག་མ་བྱུང་བ་ནས་བཟུང་ཤེས་རིག་གི་མ་ལག་ངེས་ཅན་ཞིག་གྲུབ་འགོ་ཚུགས་ཏེ། བོད་རྒྱལ་རབས་ཀྱི་མངའ་ཐང་གཅིག་གྱུར་བྱུང་བ་དང་ལྷན་དུ་ལོ་པཎ་མཁས་གྲུབ་རིམ་བྱོན་གྱིས་སྔ་ཕྱིར་ཉེ་འབྲེལ་སྤུན་ཟླ་མི་རིགས་ཀྱི་ཤེས་རིག་གི་ལེགས་ཆའི་བཅུད་རྣམས་རང་གི་ཤེས་རིག་གི་གསོས་སུ་གང་ལེགས་པར་དྲངས་ནས་ཕུན་སུམ་ཚོགས་པར་དར་རྒྱས་བཏང་བས།  འཛམ་གླིང་ཤེས་རིག་གི་བང་མཛོད་དུ་གཟི་འོད་འབར་བའི་ནོར་བུ་ཞིག་དང་འདྲ་བར་འཛམ་གླིང་ཁྱོན་དུ་གཅེས་འཛིན་གྱིས་བསླབ་གཉེར་དང་ཞིབ་འཇུག་བྱེད་མི་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་འཕེལ་བའི་ཟབ་རྒྱས་ཀྱིས་མཐའ་ཀླས་པའི་ཤེས་རིག་ཆུ་གཏེར་ཞིག་ཏུ་གྱུར་པ་འདི་ལགས།
          བོད་ཀྱི་ཤེས་རིག་གམ་བོད་རིག་པ་ཞེས་པའི་ཐ་སྙད་འདི་མི་རིགས་གཞན་གྱི་སྐད་ཡིག་ཐོག་གྲགས་པར་མཚོན་ན་གསར་དུ་དར་བ་ཞིག་ཡིན་ཡང་བོད་མི་རིགས་རང་གི་སྐད་ཡིག་ལ་མཚོན་ན་འདིས་བརྗོད་པར་བྱ་བའམ་འདིར་འཇུག་པར་བྱ་བའི་གནས་ཐམས་ཅད་དུས་རབས་ཀྱི་ཐ་སྙད་འདི་བྱུང་བ་ཉིད་དུ་བྱུང་བ་ཞིག་མ་ཡིན་པར། གནའ་སྔ་མོའི་དུས་ཏེ་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་ཞིག་ནས་དར་ཡོང་བ་རེད། དེ་ཡང་དོན་གྱི་སྙིང་པོ་དྲིལ་ན།   བོད་ཀྱི་ཤེས་རིག་ཅེས་པ་ནི་གཙོ་བོ་སྔ་དར་ཤེས་རིག་གི་མ་ལག་སྟེ་བཅུ་ཕྲག་རིག་པའི་གནས་ཀྱི་ནང་དོན་གཙོར་གྱུར་པའི་ཕྱོགས་འདུས་རང་བཞིན་གྱི་སྤྱི་ཚོགས་ཚན་རིག་གི་ཁོངས་གཏོགས་ཡིན་ལ་རང་བྱུང་ཚན་རིག་གི་གྲུབ་ཆའང་ངེས་ཅན་ལྡན་པའི་ཚན་རིག་དང་མཐུན་པའི་ཤེས་རིག་ཕུལ་དུ་བྱུང་བ་ཞིག་ཡིན་ཞིང་། དེ་ནི་སྤྱི་ཚོགས་དང་། ལོ་རྒྱུས། རིག་གནས། ཆོས་ལུགས། མཚན་ཉིད་རིག་པ། སྐད་ཡིག རྩོམ་ རིག་སྒྱུ་རྩལ། བཟོ་སྐྲུན། གསོ་རིག  སྐར་རྩིས་སོགས་རིག་གཞུང་མང་པོ་འདུས་པའི་གནས་ཤིག་ཡིན་པས། གོང་གསལ་གྱི་རིགས་དེ་རགས་དབྱེ་ཙམ་ལས་ཞིབ་ཏུ་ཕྱེས་ན་དེ་ཁོ་ནས་མ་ཚད་པར། དེ་ལས་ད་དུང་དེང་སང་གི་གསར་དར་ཤེས་རིག་གི་ཞིབ་ཕྲའི་བརྗོད་བྱའང་གས་སུ་དགར་རྒྱུ་མང་བར་མངོན། 
          བོད་ཀྱི་ཤེས་རིག་ནི་སྤྱི་ཚོགས་ཚན་རིག་གི་ཁོངས་གཏོགས་རིག་པ་ཞིག་ཡིན་པའི་ཆ་ནས་བཤད་ན། དེ་ནི་ཉེ་རབས་གསར་དུ་བསྐྲུན་པ་ཞིག་མ་ཡིན་པར། བོད་ཀྱི་སྔོན་བྱོན་མཁས་བཙུན་བཟང་གསུམ་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་གཞན་གྱི་ལེགས་ཆ་རང་གི་ཟུངས་ཁྲག་བཅུད་དུ་ནང་འདྲེན་དང་རང་གི་སྲོལ་རྒྱུན་ཤེས་རིག་མུ་མཐུད་དུ་ཕུན་སུམ་ཚོགས་པར་དར་རྒྱས་བཏང་བའི་བཀའ་དྲིན་ལས་ཚད་ལྡན་ངེས་སྲོལ་ཅན་གྱི་ཤེས་རིག་གི་གཏེར་མཛོད་འཛད་མཐའ་མེད་པ་འདི་འདྲ་གྲུབ་པ་རེད། བོད་ཀྱི་སྔོན་བྱོན་མཁས་དབང་རྣམས་ཀྱིས་མཛད་པའི་གསུང་རྩོམ་ནི་རང་རྒྱལ་གྱི་གནའ་རབས་གསུང་རྩོམ་ཡིག་ཚང་ལས་རྣམ་གྲངས་དང་རིགས་སྣ།  ནང་དོན་དང་རིན་ཐང་བཅས་ཕྱོགས་གང་ཅིའི་ཐད་ནས་མི་རིགས་གཞན་ཀུན་ལས་ཀྱང་ཕུན་སུམ་ཚོགས་ཤིང་འགྲན་ཟླ་དང་བྲལ་བའི་གནས་ཟིན་ཡོད་པ་མངོན་སུམ་ཚད་མས་གྲུབ་པ་མ་ཟད།  འཛམ་གླིང་ཤེས་ལྡན་ཁྱོན་ན་སྒྲོག་པས་ཀྱང་རྟོགས་སོ།། བོད་ཀྱི་ཤེས་རིག་འདི་དེང་སང་འཇིག་རྟེན་མིས་ལྐོག་གྱུར་མཚར་བའི་གནས་སུ་མཐོང་བར་བྱེད་པའི་མདོ་དབུས་མཐོ་སྒང་གི་ཞིང་ཁམས་འདིར་རིམ་གྱིས་གྲུབ་ནས་འཕེལ་རྒྱས་བྱུང་སྟེ་ད་ལྟའི་བར་དུ་ལོ་ངོ་སྟོང་ཕྲག་གཉིས་ལྷག་ཕྱིན་རྗེས། དུས་རབས་དང་སྤྱི་ཚོགས་འཕེལ་འགྱུར་བྱུང་བ་དང་ཤེས་བྱ་རིག་པའི་གནས་སྤྱི་ལ་རྟོག་དཔྱོད་ཞིབ་འཇུག་བྱེད་པའི་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་འགྲོ་བ་དང་ཆབས་ཅིག རང་རེའི་བོད་ཀྱི་ཤེས་རིག་ཅེས་གནའ་བོའི་རིག་པ་གསར་དར་གྱི་གཞུང་འདིའང་ཕྱོགས་དང་ཚད་མི་འདྲ་བའི་ཁྱབ་ཁོངས་སོ་སོ་ནས་འཚོལ་སྡུད་ཉར་ཚགས་དང་དག་བསྒྲིགས་ཞིབ་འཇུག་བྱེད་སྐལ་ལྡན་ཏེ། མིག་སྔར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་སྟེ་འཛམ་གླིང་ཁྱོན་གྱི་སྤྱི་ཚོགས་ཚན་རིག་གི་གནས་ཤིག་ཏུ་གྱུར་ཡོད་པ་ཚང་མའི་མཁྱེན་གསལ་བཞིན་ནོ།།  
          བོད་ཀྱི་ཤེས་རིག་འདི་རྒྱལ་སྤྱིའི་རང་བཞིན་གྱི་རིག་གཞུང་ཁྱད་པར་བ་ཞིག་ཏུ་གྱུར་པའི་རྒྱུ་མཚན་ནི། འདིའི་འབབ་རྒྱུན་རིང་བའི་ནང་དོན་ལ་དུས་རབས་ལས་གྲུབ་པའི་བསམ་པའི་དྭངས་མ་ཡོད་ལ། གནའ་བོའི་ཤེས་རྟོགས་ཀྱི་ཉིང་བཅུད་ལས་སྲུབ་པའི་ཟབ་རྒྱས་ཀྱི་རིག་པའང་ཡོད་པས། དེ་ནི་བོད་གངས་ཅན་དང་ལྷག་པར་དུ་ཀྲུང་ཧྭ་མི་རིགས་ཡོངས་ཀྱི་རིག་གནས་བང་མཛོད་ནང་གི་གཟི་འོད་འབར་བའི་གྲུབ་ཆ་ཞིག་ཡིན་པར་མ་ཟད།  འགྲོ་བ་མིའི་རིགས་ཀྱི་བསམ་པའི་དཀོན་ནོར་ཞིག་ཀྱང་ཡིན་པའི་རྐྱེན་གྱིས་རེད།
          བོད་ཀྱི་ཤེས་རིག་གི་ཆུ་གཏེར་གནའ་ནས་རང་རེའི་ཁ་བ་ཅན་དུ་འཁྱིལ་ཅིང་། གནས་འདིར་ཞིབ་འཇུག་བྱེད་པའི་ལས་ཀྱི་འགོ་མའང་བོད་ཁ་བ་ཅན་རང་ནས་ཚུགས་ཤིང་དར་བ་ལས་ཕྱི་གླིང་ནས་ཚུགས་ཏེ་དར་ཡོང་བ་ཞིག་མ་ཡིན་ཏེ།  ཕྱི་གླིང་པས་རང་རེའི་བོད་ཀྱི་སྤྱི་ཆོགས་ལོ་རྒྱུས་དང་རིག་གནས་བཅས་ལ་ཤེས་རྟོགས་རྒྱུས་ལོན་བྱས་པའི་དུས་ནི་ཧ་ལམ་དུས་རབས་བཅུ་བདུན་པའི་སྐབས་སུ་ཁུངས་བསྐྱེལ་ཆོག་ཀྱང་། དེའང་གོ་རིམ་ཡོད་པ་དང་ཆ་ཚང་བའི་སྒོ་ནས་ཤེས་རྟོགས་རྒྱུས་ལོན་བྱས་པའི་དུས་ནི་དུས་རབས་བཅུ་དགུ་པའི་ལོ་རབས་སུམ་ཅུའི་སྐབས་ནས་བརྩི་དགོས་ཏེ། HUNGARYརྒྱལ་ཁབ་ཀྱི་ཀྵོམཱ་(༡༧༨༤ - ༡༨༤༢)ཞེས་པ་དེ་ནུབ་ཕྱོགས་ཕྱི་གླིང་པའི་གྲས་ལས་བོད་ཀྱི་ཤེས་རིག་ལ་སློབ་སྦྱོང་དང་ཤེས་རྟོགས་རྒྱུས་ལོན་བྱེད་པའི་ཐོག་མ་ཡིན་པར་འདྲེན། འདི་པ་སྤྱི་ལོ་༡༨༢༣ལོར་ཡོ་རོབ་ནས་ལ་དྭགས་རྒྱུད་ཀྱི་དགོན་གནས་སུ་ལོ་བདུན་རིང་བསྡད་དེ་བོད་ཡིག་འབྲི་ཀློག་གི་འགྲོས་ཙམ་སྦྱངས་རྗེས་ཚེ་གང་བོར་བོད་ཀྱི་ལོ་རྒྱུས་དང་།  རིག་གནས། སྐད་ཡིག ཆོས་ལུགས་སོགས་ལ་ཤེས་རྟོགས་རྒྱུས་ལོན་བྱས་ཏེ་ངོ་སྤྲོད་རང་བཞིན་གྱི་དཔྱད་རྩོམ་ཡང་མང་པོ་སྤེལ་མྱོང་བ་ཞིག་རེད། དེ་ནས་ཡོ་རོབ་སོགས་རྒྱལ་ཁབ་མང་པོ་ཞིག་ནས་སློབ་སྦྱོང་དང་ཤེས་རྟོགས་རྒྱུས་ལོན་བྱེད་མཁན་མང་པོ་བྱུང་བ་རེད། དེའི་རླབས་རྒྱུན་གྱི་ཚན་ཁས་རྒྱལ་ནང་དུའང་ཤུགས་རྐྱེན་ཟབ་མོ་ཐེབས་པས། དེ་དང་དེ་བཞིན་གྱི་གསར་སྐྱེས་ཞིབ་འཇུག་པའང་དགེ་བའི་བཤེས་གཉེན་རྣམས་ཀྱི་ཐུགས་རྗེས་གཟིགས་སྐྱོང་འོག་ཕྱོགས་སོ་སོར་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་ཁར།  བོད་ཀྱི་ས་གནས་ཁག་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཀྱང་བོད་དང་འབྲེལ་བའི་ཕྱི་ནང་གནས་ཚུལ་འཕེལ་ཕྱོགས་ཀྱི་དགོས་མཁོ་དང་བསྟུན་ནས་སྔ་རྗེས་སུ་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་ལས་ཁུངས་ཆེད་གཉེར་དུ་བཙུགས་བྱུང་། དེ་ནི་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་འཕྲིན་ལས་དེ་ཡུལ་ཕྱོགས་སོ་སོར་སྒོ་ཀུན་ནས་ཆ་ཚང་ཞིང་གོ་རིམ་དང་ལྡན་པའི་སྒོ་ནས་སྔར་མ་གྲགས་པར་དར་རྒྱས་འགྲོ་བར་མཐུན་རྐྱེན་འཛོམས་པའི་རྟེན་འབྲེལ་ཡིན་པས།  གངས་ཅན་པ་རྣམས་ཀྱིས་གནས་བབ་ཡག་པོའི་སྐབས་དང་བསྟུན་ནས་མི་རིགས་ཡོངས་ཀྱི་ཤེས་རྟོགས་ཡར་རྒྱས་ཡོང་རྒྱུ་དང་མི་རིགས་སྤྱིའི་དབུ་འཕང་མཐོར་འདེགས་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཏུ་བརྩིས་ཏེ་ཤེས་རིག་དར་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་དམིགས་འདུན་དུ་བཟུང་ནས་སྤྱི་ཚོགས་འཕེལ་འགྱུར་བྱུང་བའི་དུས་རབས་ཀྱི་རྗེས་ཆོད་པར་བྱེད་རྒྱུ་ནི་གནད་ཀྱི་འགག་རྩར་ཐུག་ས་ཡིན་པ་རྟོགས་དགོས་བསམ།
          བོད་ཀྱི་སྤྱི་ཚོགས་འདི་རང་བྱུང་གི་གནས་བབ་ཁོར་ཡུག་དང་འོས་མིན་གྱི་བསྐལ་དོན་སྣ་ཚོགས་ཀྱི་དབང་གིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་འདིའང་རང་གི་གོམས་འགྲོས་ལུགས་སྲོལ་དང་བསམ་པའི་འཁྱེར་སོ་ཇི་བཞིན་དུས་ཡུན་རིང་པོར་འཕེལ་མེད་རང་སོར་བཀག་རྒྱའི་གནས་དོག་པོ་ཞིག་ཏུ་ལུས་པས། བོད་ཀྱི་སྤྱི་ཚོགས་འདི་དུས་རྣམ་ཀུན་འགྱུར་ལྡོག་ཆེན་པོ་མེད་པར་རང་སྣང་ཡང་དག་གི་ཤེས་རྒྱ་ཙམ་གྱིས་བག་འཁུམས་དེ་གཡེང་དུ་ཉམ་ཉེས་ཇི་འཁེལ་བཟོད་བསྲན་ཆེ་ཞིང་བདེ་སྡུག་ཅི་ཡོང་ཆོག་ཤེས་ཙམ་གྱིས་བློ་ཚིམ་སླ་ཞིང་ཅི་བྱ་ཐམས་ཅད་དཔེ་ལ་སྲིད་མི་སྲིད་དང་ལུགས་ལ་རུང་མི་རུང་དེར་བལྟ་བ་ལས། མེད་པ་གསར་གཏོད་དང་ཡོད་པ་འཕེལ་རྒྱས་སུ་གཏོང་བའི་བློ་སྤོབས་མེད་པར་ཕྱི་མ་ཕྱི་མས་སྔོན་མ་སྔོན་མའི་ལུགས་སྲོལ་བཞིན་མ་ལས་བུ་བཤུས་པ་ལྟར་བྱེད་པ་མ་གཏོགས། དེ་ལས་ལྡོག་ཚེ་དཔེ་འགལ་ལུགས་དཀྲུག་གི་བྱ་སྤྱོད་དུ་བརྩིས་ཏེ་སྐུར་འདེབས་ཀྱི་གཞིར་འཛིན་པ་རེད། གཞན་ལས་བླངས་ཀྱང་རང་གི་ཁྱད་ཆོས་མངོན་པར་གསལ་ཞིང་དོན་གྱི་མ་ལག་ཚང་བའི་བོད་ཀྱི་སྲོལ་རྒྱུན་རིག་གནས་འདི་རིམ་གྱིས་གྲུབ་པ་ཉིད་ནས་བཟུང་ཕྱིས་ཀྱི་འཕེལ་རིམ་གྱི་ལོ་རྒྱུས་ནང་རིག་གནས་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་གཞན་གྱི་བསམ་པའི་ཤུགས་རྐྱེན་དྲག་པོ་ཐེབས་མེད་ལ་ཡོད་ཀྱང་ཉུང་གཤིས། རང་རེའི་རིག་གནས་འདིས་ཡུལ་གྲུའི་རང་བཞིན་དང་མི་རིགས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་རྒྱུན་འཛིན་བྱས་ཡོད་པ་རེད། གཞི་རྒྱའི་དཔངས་ཚད་དང་ཟབ་རྒྱའི་གཏིང་མཐའ་མི་དཔོག་པའི་བོད་ཀྱི་རིག་གནས་ལོ་རྒྱུས་ཐུན་མོང་མ་ཡིན་པ་དེས་རྒྱལ་ཁབ་ཕྱི་ནང་གི་སྤྱི་ཚོགས་ཚན་རིག་གི་ཤེས་རིག་ལ་འཇུག་པའི་ནམ་དཔྱོད་ཡངས་པའི་མཁས་པ་རྣམས་ཀྱི་དང་བ་ཀུན་ནས་འདྲེན་གྱིན་ཡོད་པ་མ་ཟད། འཛམ་གླིང་ཁྱོན་གྱི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་གནས་ཤིག་ཏུ་གྱུར་ཏེ་ཁོངས་དེའི་ཞིབ་འཇུག་བྱ་ཡུལ་གྱི་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པ་རེད། འོན་ཀྱང་བོད་ཀྱི་ཤེས་རིག་འདིའང་དུས་དང་གནས་ཀྱི་དབང་གིས་སྤྱི་ཚོགས་ཀྱི་འཕེལ་འགྱུར་ལས་འགྱུར་ལྡོག་ཆེན་པོ་བྱུང་མེད་ཀྱང་འབྲེལ་མེད་ཁེར་རྐྱང་དུ་གནས་པ་ཞིག་ཀྱང་མ་ཡིན་ཏེ། ཤེས་བྱ་རིག་པའི་གནས་ཤིག་ཡིན་ཕྱིན་རྣམ་ཀུན་འགྱུར་མེད་ཐེར་ཟུག་གི་ཆོས་ཅན་དུ་མ་གྲུབ་པས་སྤྱི་ཚོགས་འཕེལ་འགྱུར་བྱུང་བ་དང་ཆབས་ཅིག་སྲོལ་རྒྱུན་གྱི་ངེས་སྲོལ་དང་ཤེས་རྟོགས་ཀྱི་མཚམས་ཚད་ལས་བརྒལ་ཏེ་ཕན་ཚུན་འབྲེལ་འདྲེས་ཡོད་ལ་ཕན་ཚུན་ལ་ཤན་ཀྱང་ཞུགས་ནས་ཞིབ་ཆའི་བྱེ་བྲག་ཆ་ནས་སོ་སོར་རིགས་གང་མང་དབྱེ་རྒྱུ་ཡོད་ཀྱང་སྤྱིའི་ཆ་ནས་ཕྱོགས་འདུས་ཀྱི་གྲུབ་ཆའང་ཡོད་པའི་སྒོ་ནས་འཕེལ་རྒྱས་འགྲོ་བ་ཞིག་ཡིན། བོད་རིག་པའམ་བོད་ཀྱི་ཤེས་རིག་འདི་ནི་རིགས་སྣ་འཛོམས་ཤིང་ཕྱོགས་འདུས་རང་བཞིན་གྱི་རིག་པ་ཞིག་ཡིན་པས། རིག་པའི་ཁོངས་ལ་དབྱེ་ན་རང་བྱུང་ཚན་རིག་དང་ལག་རྩལ་ཚན་རིག་གི་རིག་པའང་མངོན་པར་འདུས་ཀྱང་སྤྱིར་བཏང་དུ་སྤྱི་ཚོགས་ཚན་རིག་གི་ཁོངས་སུ་གཏོགས་ལ་རང་རྒྱ་ཐུབ་པའི་མ་ལག་ཚང་བའི་ཚན་རིག་གི་རིག་པ་ཞིག་ཀྱང་ཡིན།
          བོད་ཀྱི་ཤེས་རིག་ཞིབ་འཇུག་གི་འཕྲིན་ལས་དེའང་ཤེས་རིག་དར་འཕེལ་བྱུང་བ་ཉིད་ནས་དར་འགོ་ཚུགས་ཡོད་དེ། དཔེར་ན་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ཡར་སྔོན་ཏེ་རྗེ་གཉའ་ཁྲི་བཙན་པོའི་དུས་ནས་བོད་ལ་གསོ་རིག་དར་བའི་ལོ་རྒྱུས་ཡོད་པ་གང་སར་མཐོང་སྟེ་བཀའ་ཐང་སྡེ་ལྔ་ལས་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ཡར་ལུང་བཙན་ཐང་སྒོ་བཞིར་བྱོན་དུས་དོགས་པ་དྲུག་སྟེ། རྐུ་ཡོད། སྡང་ཡོད། དགྲ་ཡོད། གཡག་ཡོད། དུག་ཡོད། བྱད་སྟེམས་ཡོད་ཅེས་གསུངས་པར། རྩིབ་ལྷ་སྐར་མ་ཡོལ་སྡེས་བོད་འདིར་རྐུ་ལ་ལན་ཡོད། སྡང་ལ་བྱམས་ཡོད། དགྲ་ལ་གཉེན་ཡོད། གཡག་ལ་མཚོན་ཡོད། དུག་ལ་སྨན་ཡོད། བྱད་སྟེམས་ལ་འགྲོལ་ཐབས་ཡོད་ཅེས་སྐབས་དེར་སྨན་དཔྱད་ཀྱི་སྲོལ་ཀ་དར་རྒྱས་བྱུང་སྟེ་དུག་སེལ་སྨན་གྱི་བྱ་ཐབས་ཡོད་པ་མངོན་པར་གསལ་ཞིང་། ལྷག་པར་དུ་དུས་རབས་བདུན་པ་བརྒྱད་པ་ནས་བཟུང་ཉེ་འབྲེལ་མི་རིགས་ཀྱི་གསོ་རིག་ཡན་ལག་གང་མཁོའི་སྨན་གཞུང་སྣ་ཚོགས་བོད་རང་གི་སྲོལ་རྒྱུན་གསོ་རིག་གི་མ་ལག་ཏུ་བསྒྱུར་སྐོང་བྱས་པ་དང་འབྲེལ་བོད་རང་གི་སྨན་དཔྱད་མཁས་པ་རིམ་བྱོན་དཔེར་ན་གཡུ་ཐོག་གསར་ཪྙིང་ལྟ་བུ་སོགས་གང་མང་བྱུང་ནས་ནད་རིགས་སྣ་ཚོགས་གསོ་བའི་ལག་ལེན་གྱི་ཉམས་མྱོང་ལས་ཕྲ་ཞིང་ཞིབ་པའི་རིག་པས་བརྟག་དཔྱད་ཞིབ་འཇུག་ནད་སྨིན་བྱས་པ་བརྒྱུད།  སྨན་གཞུང་རྩ་འགྲེལ་དང་མན་ངག་དཔྱད་རྩོམ་གླེགས་བམ་གྲངས་ལས་འདས་པ་བཞུགས་པ་དེས་བོད་ཀྱི་གསོ་བ་རིག་པ་ཞེས་འཛམ་གླིང་ཁྱོན་ན་སྙན་གྲགས་འབར་བའི་རང་བྱུང་ཚན་རིག་གི་མ་ལག་འདི་གྲུབ་པ་རེད། དེ་བཞིན་དུ་རྩིས་རིག་པའང་ཐོག་མར་གདོད་མའི་དུས་ཀྱི་མོ་ཕྱཱའི་ལུགས་སྲོལ་ཙམ་ལས་མེད་པ་དེ་ནས་ཚན་རིག་དང་མཐུན་པའི་ཉི་ཟླ་གཟའ་སྐར་དང་སའི་གོ་ལའི་འཁོར་བགྲོད་སོགས་རང་བྱུང་ཁམས་ཀྱི་འཇིག་རྟེན་ཆགས་ལུགས་ཀྱི་ཆོས་ཉིད་དང་ལོ་ཁམས་ཚེས་གྲངས་ལ་བརྟག་ཚུལ་དང་། དེ་མིན་ནང་རྩ་རླུངདང། དུས་སྦྱོར། ཆུ་སྲང། ཐུན་ཚད། ཉིན་མཚན་ལ་བརྟེན་ནས་ཡེ་ཤེས་འཆར་ནུབ་སོགས་རླུང་རྒྱུ་ཚུལ་གྱི་རྟོགས་པ་ཤེས་པ་སོགས་ཀྱི་གཞུང་ལུགས་ཚད་ལྡན་གཞན་དྲིང་མི་འཇོག་པ་ཆ་ཚང་ཡོད་པ་འདིའང་གཞན་གྱི་ཤེས་རིག་གི་ཉིང་བཅུད་རྣམས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུར་བུར་ནང་འདྲེན་བྱས་ཏེ་བློ་དང་རིག་པས་ལེགས་པར་བརྟགས་ཤིང་དཔྱད་དེ་རང་བྱུང་ཚན་རིག་གི་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་གྱུར་ཡོད་པ་རྒྱལ་ཁབ་ཕྱི་ནང་ཀུན་ལ་སྙན་པའི་གྲགས་པ་ཁྱབ་པ་བཞིན་ནོ།།
          བོད་ཀྱི་ཤེས་རིག་ཞིབ་འཇུག་གི་འཕྲིན་ལས་དེ་བོད་རང་ལ་ཤེས་བྱ་རིག་པའི་གནས་དར་བ་ཉིད་ནས་དར་འགོ་ཚུགས་པ་མིན་ཕྱིན། དེ་སྔ་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་གྱི་རྒྱ་གར་ཤེས་རིག་མཚོན་བྱེད་སཾ་སྐྲྀཏའི་སྐད་ཡིག་སྟེ་ཤིང་ཏཱ་ལའི་ལོ་མར་བྲིས་པའི་བཀའ་བསྟན་གྱི་གླེགས་བམ་གྲངས་ལས་འདས་པ་དེ་རྣམས་བོད་གངས་ཅན་གྱི་ལོ་པཎ་མཁས་གྲུབ་རྣམས་ཀྱིས་རང་གི་སྐད་ཡིག་ཏུ་བསྒྱུར་ནས་གཏན་ལ་ཕབ་པར་མ་ཟད། ད་དུང་སྔར་མ་གྲགས་པའི་འགྲེལ་བ་ཞིབ་རྒྱས་མཛད་པ་དང་བོད་རང་གི་སྲོལ་རྒྱུན་ཤེས་རིག་འཕེལ་འགྱུར་གྱི་སྒོ་དང་བསྟུན་ནས་ཕུན་སུམ་ཚོགས་པར་འཕེལ་རྒྱས་བྱས་ཡོད་པ་དཔེར་ན། སྒྲ་དང་། ཚད་མ། ནང་དོན་རིག་པ། གསོ་བ་རིག་པ། རྩིས་རིག་པ། བཟོ་རིག་པ། སྙན་རྩོམ་སྒྱུ་རྩལ་ལ་སོགས་པའི་མ་ལག་ལྟ་བུ་དང་། དེ་མཚུངས་ནང་ལོགས་རྒྱ་ཡུལ་ནས་ཀྱང་སྨན་དང་ནག་རྩིས་སོགས་ཀྱི་ཤེས་རིག་གང་དགོས་བསྒྱུར་འདྲེན་བྱས་ཏེ་དངོས་སྤྱོད་ཀྱི་ལག་ལེན་ལས་བསྲེག་བཅང་བརྡར་གསུམ་གྱིས་འཕེལ་རྒྱས་ཆེན་པོ་བཏང་ཡོང་པ་ལྟ་བུའོ།།
          དཔེར་ན་སཾསྐྲྀཏའི་སྐད་ཡིག་སྟེ་སྒྲ་རིག་པའི་འགྲོས་དང་བསྟུན་ནས་བོད་ཀྱི་བརྡ་སྤྲོད་རིག་པ་གསར་གཏོད་བྱས་པ་དང་མིང་བརྡ་ཐ་སྙད་མང་པོ་གསར་སྐྲུན་བྱས། ཚད་མ་རིག་པའི་རྒྱ་གཞུང་རྣམས་བོད་ལ་བསྒྱུར་རྗེས་བོད་ཀྱི་ཚད་མའི་སྐྱེས་བུ་རྣམས་ཀྱིས་རིགས་པ་དེ་སྔར་ལས་ལྷག་པར་འཕེལ་རྒྱས་དཔྱིས་ཕྱིན་པ་བྱས་ཡོད་དེ།
          དཔེར་ན་ཆ་པ་ཆོས་སེང་གིས་མདོ་སྡེ་པའི་རིག་པའི་འགྲོས་དང་སྦྱར་ནས་ཚད་མའི་རྒྱ་གཞུང་གི་དོན་བསྡུས་པའི་བསྡུས་གྲྭ་ཞེས་མཚན་ཉིད་ཀྱི་རིགས་ལམ་ལ་འཇུག་པའི་གཞུང་ངམ་གཏན་ཚིགས་རིག་པའི་སྒོ་འབྱེད་ལྡེ་མིག་ལྟ་བུའི་རིགས་ལམ་གསར་གཏོད་བྱས་ཏེ་ཚད་མ་རིག་པའི་མ་ལག་ཇེ་རྒྱས་ཇེ་ཞིབ་ཏུ་དར་སྤེལ་རབ་ལྟར་བརྩིགས་ཡོད་པ་མངོན་སུམ་མཐོང་བའི་བསྟན་བཅོས་ཁག་གི་དཀར་ཆག་ལས་རྟོགས་པ་བཞིན་ནོ།།
          བོད་གངས་ཅན་ལ་གསུང་འབུམ་ཅན་གཅིག་པུ་ཉིས་སྟོང་ལྷག་ཡོད་པ་དེ་རིགས་ཞིབ་འཇུག་གི་འབྲས་བུ་མིན་ཞེས་སུས་བཤད་ནུས། བོད་ཀྱི་མཁས་དབང་དམ་པ་རིམ་བྱོན་གྱིས་མཛད་པའི་དཔྱད་རྩོམ་དེ་རིགས་ལས་ཀྱང་ལྷག་པའི་དཔྱད་རྩོམ་ཞིག་ད་ལྟའི་བར་དུ་གཞན་སུ་ཞིག་གིས་ཀྱང་རྩོམ་ཐུབ་མེད་པ་རེད། བོད་ཀྱི་ཤེས་རིག་དང་ཤེས་རིག་ཞིབ་འཇུག་བྱེད་སྟངས་ཐད་ཅི་ལྟར་རྒྱུན་འཛིན་དང་ཅིའི་ཕྱིར་འཕེལ་རྒྱས་བྱ་བའི་གནད་དོན་གལ་ཆེན་པོ་གཉིས་ཡོད་པས། དེ་གཉིས་ཀྱི་འབྲེལ་བ་གསལ་པོ་མ་ངེས་ཤིང་ཅི་བྱ་ཅི་བྱེད་ཡོད་ཚད་ཚང་མ་བོད་རང་གི་སྤྱི་ཚོགས་དང་རང་གི་དོན་དངོས་ལ་མ་གཞིགས་པར་གཞན་སྒྲོས་སུ་འབྲངས་ནས་དམིགས་མེད་འུར་ལངས་བྱས་ན། རང་གི་ཁྱད་ཆོས་ཉམས་པས་མ་ཚད། རང་གི་ལུགས་ཀྱང་ཤོར་ཉེན་ཆེ། དེར་བརྟེན་ཤེས་རིག་ཞིབ་འཇུག་བྱེད་རྒྱུ་དེའང་རང་གི་སྤྱི་ཚོགས་ཀྱི་དོན་དངོས་དང་མཐུན་རྒྱུ་དང་མི་རིགས་ཡར་རྒྱས་འགྲོ་བར་ཕན་ཐོགས་ཐུབ་པ་ཞིག་ཡིན་དགོས། རྒྱུན་འཛིན་བྱེད་པའི་ཐད་ལའང་ལེགས་ཉེས་རྣམ་དཔྱོད་ཀྱི་བློ་ཁོག་ཡངས་པོས་འདོར་ལེན་བྱེད་དགོས་རྒྱུ་ཡོད་ལ། འཕྲལ་ཕུགས་ཀྱི་ལས་ལ་དམིགས་པ་འབེན་ཡོད་བྱ་རྒྱུ་དེ་ཧ་ཅང་གལ་ཆེ་བར་མངོན། ཡིན་ཡང་ད་ལྟ་ད་དུང་ཚད་ལྡན་གྱི་ཞིབ་འཇུག་བྱེད་མཁན་ཧ་ཅང་ཉུང་བའི་ཁར་སྤྱིའི་ཡོན་ཚད་ཀྱང་ཧ་ཅང་ཞན་པས། གཙོ་བོ་རྒྱུན་འཛིན་དང་གསར་འདྲེན་བྱེད་པ་ལས་འཕེལ་རྒྱས་གཏོང་རྒྱུ་ཟེར་བ་ནི་འོས་མིན་གྱི་ལས་ཉིད་དུ་འཁུམས། སྔ་དར་རྒྱུན་འཛིན་དང་གསར་དར་མེད་པ་རྣམས་འགྱུར་འདྲེན་གང་ལེགས་བྱས་ནས་དེ་གཉིས་ཕྱོགས་འགལ་མེད་པར་གང་འཚམས་ཀྱིས་ཟུང་འབྲེལ་བྱས་ན་ཕུན་སུམ་ཚོགས་པར་འཕེལ་རྒྱས་འགྲོ་བའི་མཐུན་རྐྱེན་འཛོམ་ངེས། བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་དོན་ནི་སྤྱི་ཚོགས་དང་མི་རིགས་ཧྲིལ་པོ་ཡར་རྒྱས་འགྲོ་རྒྱུའི་ཆེད་དུ་ཡིན་པས་ན། སྔ་དར་ཤེས་རིག་གི་སྙིང་བཅུད་རྣམས་ལ་དབྱེ་ཞིབ་ཀྱིས་རྒྱུན་འཛིན་བྱེད་པ་དང་དུས་མཚུངས་སུ་མིག་སྔའི་བོད་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས་བཅས་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་དོན་དངོས་ལ་རྟོག་དཔྱོད་ཡག་པོ་བྱས་ཏེ་མ་མཐའ་ཡང་ཡར་སྐུལ་གྱི་ནུས་པ་མངོན་པར་ཐོན་དགོས། བོད་ཀྱི་རང་བྱུང་གནས་བབ་དང་རང་བྱུང་ཐོན་ཁུངས་ལ་ཞིབ་འཇུག་བྱེད་རྒྱུ་དེའང་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་རིག་གནས་ལོ་རྒྱུས་བཅས་ལ་ཚན་རིག་དང་མཐུན་པའི་ལྟ་སྟངས་དག་ཅིག་འཛིན་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་ཡིན་ལ་བོད་ཀྱི་ཤེས་རིག་ལ་སྒོ་ཀུན་ནས་ཞིབ་འཇུག་བྱ་བའི་ལས་འགན་ཡང་ཡིན་པར་འདོད།
          དེའང་སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བར་དུ་མ་གཞི་འགལ་བ་ཅང་མེད་དེ། སྲོལ་རྒྱུན་རིག་གནས་ཀྱི་མ་ལག་ནི་བོད་མི་རིགས་ཀྱི་རིག་པའི་དྭངས་མ་དང་བློ་གྲོས་ཀྱི་སྙིང་བཅུད་ཡིན་པས་དེ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་ཁྱད་ཆོས་མཚོན་བྱེད་ཅིག་ཡིན། སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་རྣམས་དུས་ཡུན་རིང་པོའི་ལག་ལེན་ལས་ཞུན་བརྡར་ཡང་ཡང་ཐོབ་པས་ཡང་དག་པ་ཡིན་ཡང་། སྲོལ་རྒྱུན་ཡིན་ཚད་ལེགས་ཉེས་སྐྱོན་ཡོན་གྱི་དབྱེ་བའམ་བླང་དོར་མེད་པར་མཐའ་གཅིག་ཏུ་རྒྱུན་འཛིན་བྱེད་འོས་པའི་ངེས་པའང་མེད་དེ། དེའི་མཚོན་བྱེད་ཁ་ཤས་ཀྱི་ངེས་སྲོལ་ཐད་ཡར་ལྡན་གྱི་དགེ་མཚན་དམན་པའི་རྨོངས་པའི་བྱེད་ལུགས་བྱེད་སྟངས་ཡོད་པའི་ཆ་དེ་ངེས་པར་མཐོང་དགོས། སྲོལ་རྒྱུན་རིག་གནས་ལ་ངོས་འཛིན་ཡང་དག་པ་ཞིག་མེད་ན། བོད་ཀྱི་སྤྱི་ཚོགས་ཧྲིལ་པོའི་ངོ་བོ་རྟོགས་མི་ཐུབ་ལ་དེང་རབས་ཅན་ཞེས་པ་དེའང་བོད་རང་གི་སྤྱི་ཚོགས་དང་འཕྲོད་པ་ཞིག་འཛུགས་སྐྲུན་བྱེད་དཀའ་བ་རེད། ད་ལྟ་བོད་ཡོངས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་དངོས་ནི་ཕྱུག་ལས་དང་ཞིང་ལས་རྨང་གཞིར་གྱུར་པའི་དཔལ་འབྱོར་ད་དུང་རྗེས་ལུས་ཡིན་པ་དང་། སྔ་དར་གྱི་སྲོལ་རྒྱུན་རིག་གནས་སྐོར་ད་དུང་ཉམས་འཇིག་གི་གནས་ལས་སྲུང་སྐྱོབ་ཡག་པོ་ཐོབ་མེད་པ་དང་ཉེར་མཁོའི་གསར་དར་ཤེས་རིག་སྐོར་གང་འཚམ་གྱིས་ནང་འདྲེན་བྱེད་ཐུབ་མེད་པ་དང་།  དམངས་ཡོངས་ཀྱི་ཤེས་རིག་གི་ཆུ་ཚད་ཧ་ཅང་དམའ་ཞིང་མི་གྲངས་སྤྱིའི་བརྒྱ་ཆ་བདུན་ཅུ་ཡན་ཡིག་རྨོངས་ཡིན་པ་དང་།  སློབ་གསོའི་རྨང་གཞི་ཞན་པས་མ་ལག་ཏུ་ཆགས་མེད་པ། དམངས་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས་ཆུ་ཚད་ད་དུང་དབུལ་རྨོངས་ཀྱི་གནས་ལས་ཐར་ཐུབ་མེད་པ་དང་། རང་བྱུང་གི་ཐོན་ཁུངས་གང་མཁོས་ཅི་རིགས་སུ་བེད་སྤྱོད་བྱེད་ཐུབ་མེད་པར་སྐྱེ་དངོས་དང་སྲོག་ཆགས་ཀྱི་གནས་བབ་ཉམས་འཇིག་ཐེབས་པ་བཅས་ལ་སོགས་པ་ནི་དེང་སྐབས་བོད་ཀྱི་གནས་ཚུལ་དངོས་རེད། ཚུལ་མིན་གྱི་རྣམ་པ་དེ་ལེགས་སྒྱུར་བྱེད་དགོས་ན། ཐོག་མར་ངེས་པར་དུ་རིག་གནས་སློབ་གསོའི་ལས་དོན་དམ་འཛིན་བྱེད་པའི་ཐབས་སྤྱད་ན་མ་གཏོགས་ཐར་ལམ་མེད་དེ། རིག་གནས་སློབ་གསོ་འཕེལ་རྒྱས་བྱུང་ན། སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་རྣམས་ཉམས་པ་མེད་པར་རྒྱུན་འཛིན་དར་སྤེལ་བྱེད་ཐུབ་ལ། གསར་དར་ཤེས་རིག་གི་ལེགས་ཆ་རྣམས་ཀྱང་གང་དགོས་ནང་འདྲེན་བྱེད་ཐུབ་པ་དང་། གཞན་ད་དུང་དཔལ་འབྱོར་འཛུགས་སྐྲུན་དང་མི་རིགས་གོང་བུ་གཅིག་གྱུར་གྱི་ལ་རྒྱ་བརྩོན་ལེན་བྱེད་པའི་ཐད་ལའང་ཕན་ནུས་ཆེན་པོ་ཐོན་ངེས་རེད།  དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དེ་འགྲོ་བ་མིའི་རིགས་འདི་ཤེས་རིག་དར་བའི་ཕྱོགས་སུ་འཕེལ་རྒྱས་བྱེད་པའི་ཆོས་ཉིད་དང་ཕྱོགས་འགལ་ཡོད་མ་ངེས། ཤེས་རིག་དར་ཁྱབ་བྱུང་ན་སྲོལ་རྒྱུན་དང་དེང་རབས་ཅན་བར་དུ་འགལ་རྐྱེན་མེད་པ་དང་། ཤེས་རིག་དར་ཁྱབ་མ་བྱུང་ན་རྗེས་ལུས་དང་རྨོངས་བརྟུལ་གྱི་བསམ་བློའི་བཀག་རྒྱས་སྲོལ་རྒྱུན་དང་དེང་རབས་ཅན་གཉིས་འགལ་ཟླར་འགྱུར་ངེས་རེད།དེར་བརྟེན།སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་ཞིག་ནི། བོད་མི་རིགས་སྤྱིའི་ཤེས་རིག་གི་ཆུ་ཚད་མཐོར་འདེགས་བྱེད་རྒྱུ་དེ་རེད། དེའང་ཤེས་རིག་གི་ཆུ་ཚད་མཐོར་འདེགས་བྱེད་རྒྱུ་དེ་ཕྱོགས་མང་པོའི་ཐད་ལ་རག་ལས་ཡོད་ཅིང་། ལྷག་པར་དུ་སྲོལ་རྒྱུན་རིག་གནས་བེད་སྤྱོད་གང་ལེགས་བྱེད་རྒྱུ་དེ་གཙོ་གལ་ཆེ་སྟེ། མི་རིགས་ཀྱི་བླ་སྲོག་ལྟ་བུར་གྱུར་པའི་སྲོལ་རྒྱུན་རིག་གནས་ཀྱིས་མི་རིགས་ཀྱི་བརྩེ་གདུང་སྐུལ་འདྲེན་དང་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཐད་ལ་གཞན་ཀུན་གྱིས་དོད་ཡ་མ་ཡིན་པའི་དགེ་མཚན་ལྡན་པའི་ཕན་ནུས་ཆེན་པོ་འཐོན་པར་མ་ཟད། དམངས་ཡོངས་ཀྱི་བློ་རིག་དང་ཤེས་རྒྱ་བསྐྱེད་པར་སྐུལ་པའི་ཐད་དུའང་ནུས་པ་ཆེན་པོ་འཐོན་ངེས་རེད། ཁ་ཤས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་དེང་རབས་ཅན་དང་གཞི་ནས་མཐུན་ཐབས་མེད་པར་བཤད་པ་དེ་ནི་རྩ་ནས་ནོར་བའི་ལྟ་ལོག་ཅིག་རེད། ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་ནང་དོན་གྱི་མ་ལག་འཛོམས་པའི་སྲོལ་རྒྱུན་རིག་གནས་ནི། དེང་གི་དུས་རབས་གསར་པའི་ཤེས་རིག་བསྐྲུན་བྱེད་དང་བོད་མི་རིགས་ཀྱི་ལ་རྒྱ་བརྩོན་བྱེད་ཀྱི་དཀོན་ནོར་ལྟ་བུ་ཞིག་ཡིན། རིག་གནས་གང་ཞིག་ཡིན་ཡང་ཚང་མ་སོ་སོའི་དུས་རབས་ངེས་ཅན་རེར་གྲུབ་པའི་ཤེས་རིག་ཅིག་ཡིན་སྟབས། སོ་སོའི་རྣམ་པ་མཚོན་སྟངས་ཐད་དུས་མཐུན་གྱི་འགྱུར་བའི་ཆ་ཡོད་ཅིང་། དེའི་མཚོན་བྱ་མཚོན་བྱེད་ཐད་མི་རིགས་ཀྱི་ཁྱད་ཆོས་ཉིད་དུ་གྱུར་བའི་ཆ་མང་བས་སྐབས་བབས་སུ་འགྱུར་བ་ཧ་ཅང་ཉུང་བར་མངོན། བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་བོད་ཀྱི་ལོ་རྒྱུས་འཕེལ་རིམ་དུ་སྤྱི་ཚོགས་དང་དཔལ་འབྱོར་ཀྱི་འབྲེལ་བ་ངེས་ཅན་ཞིག་གི་ཆ་རྐྱེན་འོག་རིམ་གྱིས་གྲུབ་པ་ཡིན་པས། དེའི་ནང་དོན་ངོ་བོའི་ཐོག་བཤད་ན་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་རེ་ཡོད་མོད་ཀྱང་། དོན་དུ་དེ་ནི་ལོ་རྒྱུས་ཀྱི་དུས་རིམ་ངེས་ཅན་རེའི་སྐབས་ཀྱི་སྤྱི་ཚོགས་ཀྱི་རིམ་གྲས་མི་འདྲ་བའི་བློ་རིག་ཅན་རྣམས་ཀྱིས་གསར་སྐྲུན་བྱས་པ་ཡིན་ཕྱིར། དེ་ཉིད་མ་ལག་ཅིག་ཏུ་གྲུབ་པའི་རྒྱུ་རྐྱེན་ནི་སྣ་ཚོགས་ཡིན་ལ་དེའི་ནང་དོན་ཡང་ཧ་ཅང་ཁྱབ་ཆེ་སྟེ། དེའི་མ་ལག་ཏུ་དུས་རབས་སྔ་མའི་གྲུབ་ཆ་ཡོད་ལ་དུས་རབས་ཕྱི་མའི་གྲུབ་ཆའང་ཡོད།  སྤྱིར་སྲོལ་རྒྱུན་རིག་གནས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་དང་ཚོང་ཟོང་འཕེལ་རྒྱས་ལ་ཐད་ཀར་སྐུལ་འདེད་ཀྱི་ནུས་པ་ཐོན་དཀའ་ཡང་། དེ་ནི་འདས་པའི་དུས་རབས་མཚོན་བྱེད་ཀྱི་རིག་གནས་མ་ལག་ཅིག་རེད་ཅེས་མཐའ་གཅིག་ཏུ་རྩིས་མེད་དུ་དགག་པའི་གནས་ཤིག་གཏན་ནས་མ་ཡིན་ཅིང་།  དེ་ནི་རིག་གནས་ཀྱི་རིན་ཐང་འཇལ་བའི་ཚད་གཞི་མིན་པའི་ཕྱིར་རྒྱུ་དང་རྐྱེན་དེ་འདྲ་ཞིག་ཙམ་གྱི་དབང་གིས་སྲོལ་རྒྱུན་རིག་གནས་དེའི་སྤྱད་པས་འཛད་མཐའ་མེད་པའི་རིན་ཐང་ཡལ་སྲིད་ངེས་མ་རེད།  སྲོལ་རྒྱུན་རིག་གནས་ལ་ཤེས་རྟོགས་མ་དམན་པའི་དེང་རབས་ཀྱི་ལྟ་རྒྱ་དང་མཐོང་རྒྱ་ཅན་རྣམས་ཀྱིས་བལྟས་ན། འགྲོ་བ་མིའི་རིགས་འདི་དུས་རབས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་འཕེལ་རྒྱས་བྱུང་ཚེ། དུས་ཡུན་རིང་པོའི་སྤྱི་ཚོགས་འཕེལ་འགྲིབ་ཀྱི་ལོ་རྒྱུས་ལས་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱིས་འགྲོ་བ་མིའི་རིགས་དང་།  སྤྱི་ཚོགས་དང་།  རང་བྱུང་ཁམས་དང་འཇིག་རྟེན་ལ་སོགས་པའི་བྱ་དངོས་ཅི་རིགས་ཀྱི་ཆགས་འཇིག་ཆོས་ཉིད་སྐོར་སྔར་ལས་ཀྱང་རིགས་པ་ཡང་དག་གི་སྒོ་ནས་དཔྱད་པ་དང་འགྲེལ་བ་ཞིབ་གསལ་བྱེད་ཐུབ་ངེས་རེད།     
          མཆན་འགྲེལ།      
           (༡)རྒྱ་ཡིག་གི་《བོད་ཀྱི་ཤེས་རིག་ཞིབ་འཇུག་སྐོར》༩༢ལོའི་ཟླ་༡ཚེས་༡༨ཉིན་དེབ་ལྔ་པའི་ཤོག་ལྷེ་༡༢པའི་ཚིག་ཕྲེང་དང་པོར་གསལ།       
           (༢)རྒྱ་ཡིག་གི་《བོད་ཀྱི་ཤེས་རིག་ཞིབ་འཇུག་གི་གནད་དོན་ཁ་ཤས་སྐོར》ཞེས་པར་གསལ།       
           (༣)རྒྱའི་ཚིག་མཛོད་ཆེན་མོའི་ཤོག་ལྷེ་༡༥༧༨ནང་གསལ།       
           (༤)ཅོ་ནེའི་བསྟན་འགྱུར་དཀར་ཆག་ཤོག་ལྷེ་༡༡༡པར་“རྒྱ་གར་ལྷོ་ཕྱོགས་ཀྱི་བྲམ་ཟེ་ཞིག་ལ་བུ་མ་ཏི་ཙི་ཏྲ་ཞེས་བྱ་བ་སྐྱེས་ཏེ།  དེ་ཆུང་ངུའི་དུས་སུ་མའི་བྲན་བཞིན་བྱེད་པས་མ་ཁོལ་དང་ཕ་ལ་གུས་པས་ཕ་ཁོལ་ཞེས་གྲགས་སོ།།  ”《རྒྱ་གར་ཆོས་ འབྱུང》ཤོག་ལྷེ་༡༡༦པར་“དཔའ་བོ་དང་། རྟ་དབྱངས་དང་། མ་ཁོལ་དང་། ཕ་ཁོལ་དང་། ཐུབ་དཀའ་དང་། ཆོས་ལྡན་རབ་འབྱོར་དང་། མ་ཏི་ཙི་ཏྲ་རྣམས་མཚན་ཀྱི་རྣམ་གྲངས་སུ་གྲགས་པ་ཡིན་ནོ”ཞེས་གསལ་བ་དང་། བོད་ཀྱི་བསྟན་བཅོས་ལ་གཟིགས་པའི་མཁྱེན་རྒྱ་ཡོད་ན། སློབ་དཔོན་རྟ་དབྱངས་ལ་སོགས་པའི་རྣམ་ཐར་རྒྱས་བསྡུས་གང་སར་བཞུགས་ལགས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1