༄༅།། འཇིག་རྟེན་འདིར་བརྡ་སྤྲོད་རིག་པའི་གཞུང་ལུགས་བྱུང་ཚུལ་དང་འབྲེལ་བོད་ཀྱི་བརྡ་སྤྲོད་རིག་པའི་ལོ་རྒྱུས་ལ་རགས་ཙམ་དཔྱད་པ།

ཚེ་དབང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 12-24


ཚེ་དབང་ལྷ་མོ།

ས་བཅད་དང་པོ། སྤྱིར་འཇིག་རྟེན་འདིར་བརྡ་སྤྲོད་རིག་པ་དར་ཚུལ་སྐོར།
          བརྡ་སྤྲོད་རིག་པ་ནི་འཇིག་རྟེན་གྱི་རང་བཞིན་ལྡན་པའི་ཚན་རིག་ཅིག་ཡིན་པས། རྒྱལ་ཁབ་ཆེ་གེ་མོ་ཞིག་དང་། ས་ཁུལ་ཆེ་གེ་མོ་ཞིག་གི་གནས་ཚུལ་ལ་བརྟེན་ནས་ཞིབ་འཇུག་དང་ཐག་གཅོད་བྱས་ན་ཡང་དག་པ་ཞིག་ཡོང་གི་མ་རེད། དེར་བརྟེན་འཇིག་རྟེན་འདིར་བརྡ་སྤྲོད་རིག་པ་དར་ཞིང་འཕེལ་རྒྱས་བྱུང་བའི་གནས་ཚུལ་མདོར་བསྡུས་ཤིག་ཅི་ནས་ཀྱང་ཤེས་པར་བྱེད་དགོས། རིག་པ་འདི་ནི་ཆེས་རིང་བའི་ལོ་རྒྱུས་ཀྱི་དུས་རབས་བརྒྱུད་ནས་རིམ་བཞིན་ཡར་རྒྱས་བྱུང་བ་ཞིག་ཡིན་ཞིང་། དུས་རབས་བཅུ་དགུ་དང་ཉི་ཤུ་པའི་ནང་གི་ཚན་རིག་ཅན་གྱི་བརྡ་སྤྲོད་རིག་པ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་བ་ནི་ཧ་ལམ་ལོ་ངོ་སྟོང་ཕྲག་གཉིས་ལྷག་ཙམ་གྱི་དུས་ཡུན་རིང་ལག་ལེན་བྱས་པའི་ཉམས་མྱོང་གི་རྨང་གཞི་ལ་བརྟེན་ནས་བྱུང་བ་ཞིག་རེད། གལ་སྲིད་དེ་ལྟ་བུའི་རྨང་གཞི་ཕུན་སུམ་ཚོགས་པོ་ཞིག་མེད་ན། དུས་རབས་འདིའི་ནང་གཞི་ནས་སོ་སོའི་བློའི་འཆར་སྒོ་དང་བསྟུན་ནས་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས་པས། དེས་ན་བརྡ་སྤྲོད་རིག་པའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་། དེའི་རིན་ཐང་བཅས་ལ་གདེང་འཇོག་ཡང་དག་པ་ཞིག་བྱེད་མི་ཐུབ་པ་མ་ཟད། དེང་རབས་བརྡ་སྤྲོད་རིག་པའི་སྐད་གདངས་ཀྱི་རྨང་གཞི་ལ་ཏིང་(Latin)སྐད་ཡིག་གི་ཁྱད་ཆོས་ལའང་གདེང་ཚོད་ཡང་དག་པ་ཞིག་འཇོག་ཐབས་མེད་པ་ཞིག་རེད།
          འཛམ་གླིང་གི་བརྡ་སྤྲོད་མཁན་པོ་ཕལ་མོ་ཆེའི་བཞེད་པ་ལ། སྐད་ཡིག་འཕེལ་རྒྱས་འགྲོ་བའི་གོམ་རིམ་དང་པོ་དེ་ལ་ཡང་དུས་ཀྱི་ས་མཚམས་གསུམ་དུ་དབྱེ་ཡོད་པ་སྟེ། གནའ་གཞུང་གི་སྐད་ཡིག་རིག་པ། དུས་རབས་བར་མ་དང་རིག་རྩལ་བསྐྱར་གསོའི་དུས་སྐབས་ཀྱི་བརྡ་སྤྲོད་རིག་པ། དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་སྐབས་ཀྱི་བརྡ་སྤྲོད་རིག་པ་བཅས་ཡིན།
          གཅིག  གནའ་བོའི་སྐད་ཡིག་རིག་པ།
          བརྡ་སྤྲོད་རིག་པ་ནི་སྐད་ཡིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ལ། སྐད་ཡིག་རིག་པ་ནི་མི་རིགས་ཀྱི་སྐད་དང་། རང་གཤིས། ཡུལ་སྲོལ། ལོ་རྒྱུས་བཅས་ཀྱི་ཐད་ནས་ཞིབ་འཇུག་བྱས་པའི་གནའ་རབས་ཀྱི་ཡིག་ཆ་ཞིག་ཡིན་ལ། ཡིག་ཆ་དེ་དག་ལ་ཐོས་བསམ་བྱས་པ་བརྒྱུད་སྐད་ཡིག་རིག་པ་འདི་ཉིད་དར་སྲོལ་བྱུང་ཡོད་པ་རེད། རིག་པ་འདི་ཡིས་བརྡ་སྤྲོད་རིག་གཞུང་འཕེལ་རྒྱས་འགྲོ་བར་རམ་འདེགས་ཤུགས་ཆེན་བྱས་ཡོད་ཅིང་། བརྡ་སྤྲོད་པའི་རིག་གཞུང་དར་སྲོལ་ཆེས་སྔ་ཤོས་ནི་གནའ་བོའི་རྒྱ་གར་དང་། གྷི་རིག་གི་ཡུལ་དུ་ཡིན།
          1.པཱ་ཎི་ཎཱིའི་བརྡ་སྤྲོད་པའི་གཞུང་། གནའ་བོའི་རྒྱ་གར་གྱི་ཡུལ་དུ་སྤྱི་ལོའི་གོང་གི་དུས་རབས་དྲུག་ཙམ་ན་བྱུང་བའི་བསྟན་བཅོས་དེ་ལ་དེང་དུས་ཡོངས་གྲགས་སུ་པུསྟི་ཟེར་ཞིང་། དེ་ནི་གནའ་བོའི་རྒྱ་གར་ཆོས་ལུགས་ཀྱི་རིག་བྱེད་བཞི་བཤད་པའི་གཞུང་ཞིག་ཡིན་པར་གྲགས་ལ། དེང་དུས་ཀྱང་ཁོ་ཆོས་དད་རྟེན་དུ་འཇོག་པའི་བསྟན་བཅོས་ཤིག་རེད། དཔེ་ཆ་དེ་ལ་ཤོ་ལོ་ཀ་1028ཡོད་ཅིང་ཐུན་མོང་མ་ཡིན་པའི་ཉམས་འགྱུར་གྱི་ཁྱད་ཆོས་ལྡན་པའི་ཚིག་བཅད་དུ་བྲིས་པའི་སྙན་གཞུང་ཞིག་ཡིན། བསྟན་བཅོས་དེའི་ནང་དུ་བྱུང་བའི་མིང་། བརྡ། ཐ་སྙད་རྣམས་ལ་ཁོ་ཚོས་པུ་སྟིའི་སྐད་ཟེར་ཞིང་། ལེགས་སྦྱར་གྱི་སྐད་ཀྱང་དེའི་ཁོངས་གཏོགས་ཡིན་ལ།  སྐད་རིགས་འདི་ནི་བྲམ་ཟེ་དང་། པཎྜི་ཏ། སྙན་ངག་མཁན་པོ་རྣམས་ཀྱིས་བསྟན་བཅོས་རྩོམ་པའི་སྐབས་སུ་སྤྱོད་པའི་སྐད་རིགས་ཤིག་ཡིན། དེ་ལྟར་མཁས་པའི་ཡིག་སྐད་དང་། ཡུལ་མིའི་རང་བཞིན་གྱི་ཕལ་སྐད་གཉིས་གཅིག་གྱུར་མིན་སྟབས། ལེགས་སྦྱར་གྱི་སྐད་ཡིག་དེ་གཞུང་འགྲོས་ཅན་དུ་འགྱུར་ཆེད་དཔྱད་གསུམ་དག་པའི་རིག་པ་ལ་བརྟེན་ནས་བརྡ་སྤྲོད་པའི་གཞུང་ལུགས་གསར་གཏོད་བྱེད་པའི་འགོ་ཚུགས་པ་རེད།
          པཱ་ཎྀ་ནཱིའི་སྒྲ་གཞུང་དེ་ཉིད་སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པ་ནས་དུས་རབས་གསུམ་པའི་ཕྱེད་ཡན་ཙམ་དུ་དར་རྒྱས་ཆེ་ཤོས་ཀྱི་དུས་རབས་ཡིན་ལ། སྒྲ་གཞུང་《བརྡ་སྤྲོད་པའི་རྣམ་གཞག་སྐབས་བརྒྱད་པ་》ཞེས་པ་དེར་ཚིག་རྐང་3996ཡོད། ད་དུང་མིང་རྐྱང་1993ཡོད་པའི་རེའུ་མིག་ཅིག་དང་དེ་ལ་ཚིག་འགྲེལ་བཅས་ཡོད་པ་དེ་དག་ནི་སྐབས་དེར་ཚན་རིག་དང་མཐུན་པའི་བརྡ་སྤྲོད་པའི་རིག་གཞུང་གི་ཐོག་མ་ཡིན། དེ་ལ་བརྟེན་ནས་རྒྱ་གར་དུ་སྒྲ་རིག་པ་དེ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། རིམ་བཞིན་དུ་སྒྲ་ཙནྟྲ་པ་དང་།  ཀཱ་ལ་པ། དབྱངས་ཅན་སྒྲ་མདོ་སོགས་དར་ཞིང་། སྒྲའི་སྐྱེ་གནས་དང་། བྱེད་པ། འབྱུང་ཁུངས་སོགས་ལ་ཞིབ་འཇུག་བྱེད་པའི་རྨང་གཞི་ཚུགས་ཡོད།          2.གནའ་བོའི་གྷི་རིག་གི་མཚན་ཉིད་རིག་པ་དང་བརྡ་སྤྲོད་རིག་པའི་གནད་དོན་སྐོར། གནའ་བོའི་གྷི་རིག་གི་བརྡ་སྤྲོད་རིག་པ་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་མཚན་ཉིད་རིག་པ་དང་། སྐད་ཀྱི་རྣམ་གཞག་སྟེ་ཕྱོགས་གཉིས་ཀྱི་ཐད་ནས་ཞིབ་འཇུག་བྱེད་ཀྱིན་ཡོད་པ་རེད། དུས་དེར་མིང་གི་ངོ་བོ་ལ་ངོས་འཛིན་བྱེད་སྟངས་མི་འདྲ་བའི་རྩོད་གླེང་བྱུང་བ་མ་ཟད། མིང་དང་དངོས་པོའི་བར་དུ་འབྲེལ་བ་གྲུབ་ཚུལ་གྱི་སྐོར་ལ་རྩོད་གླེང་མང་པོ་ཞིག་བྱུང་བ་ལས། གཙོ་བོ་ཕན་ཚུན་དངོས་འགལ་གྱི་ལྟ་ཚུལ་གཉིས་བྱུང་ཡོད་པ་ནི། དང་པོ་ཐ་སྙད་ནི་དངོས་པོ་རང་གི་ངོ་བོ་ཉིད་དུ་གནས་ཏེ་དོན་མཚོན་པར་འདོད་པ་དང་། གཉིས་པ་ཐ་སྙད་ནི་ཡུལ་གྱི་གོམས་སྲོལ་དང་བསྟུན་ནས་དངོས་པོ་མ་འདྲེས་པ་སོ་སོར་མཚོན་བྱེད་དུ་འདོགས་པ་ཞིག་ཡིན་པར་འདོད།
          དཔེར་ན། ཧའི་ར་ཁེ་ལི་ཐོ་སིས་ (HerakLeitos སྤྱི་ལོའི་སྔོན་གྱི་ལོ་544ནས་ 540བར་ཙམ་ན་སྐྱེས་པ་) ཐ་སྙད་ནི་རང་བྱུང་ཁམས་ཀྱིས་བྱས་པར་འདོད་པ་དང་། ཁོང་གི་སློབ་མ་ཁེ་ར་ཏི་སུ་སིས་(Graty Lus)དངོས་པོ་ཐམས་ཅད་ལ་རང་གཤིས་ཀྱི་ཐ་སྙད་རེ་གནས་ཡོད་པ་སྟེ། དཔེར་ན་དངོས་པོ་ཐམས་ཅད་ལ་རང་ཞིན་གྱི་ཡོན་ཏན་ནམ་ནུས་པ་རེ་ལྷན་སྐྱེས་སུ་གྲུབ་ཡོད་པ་བཞིན་ནོ། ཞེས་བཤད་པ་དང་། ཡང་དེ་ལས་ལྡོག་པ་སྟེ་མོ་ཁེ་ལི་ཐོ་སིས་ (Demokritos ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ་460ནས་370བར་ཙམ་)འཇིག་རྟེན་གྱི་བྱ་དངོས་རྣམས་གསལ་བར་བྱེད་པའི་ཆེད་དུ་ཡུལ་གྱི་གོམས་སྲོལ་ལ་བརྟེན་ནས་ཐ་སྙད་འདོགས་པ་ཡིན་ལ། བྱ་དངོས་དང་ཐ་སྙད་གཉིས་ཀྱི་བར་རང་གཤིས་ཀྱིས་གྲུབ་པའི་འབྲེལ་བ་ཞིག་མེད་དེ། སྒྲ་གཅིག་པའི་དངོས་པོ་དང་། དོན་གཅིག་པའི་དངོས་པོ་དང་། མིང་མེད་པའི་དངོས་པོ་དང་། མིང་འགྱུར་བ་ཅན་གྱི་དངོས་པོ་བཅས་ཡོད་པའི་ཕྱིར། ཞེས་གསུངས་ཡོད་པ་རེད།
          དེ་ལྟར་ཐ་སྙད་ཀྱི་འབྱུང་ཁུངས་བཙལ་བའི་ལས་ཀའི་ནང་དུ་ཚིག་མཛོད་ཀྱི་རིག་པ་བྱུང་ཡོད་ཅིང་། ཐ་སྙད་བྱུང་ཚུལ་གྱི་སྐོར་ལ་ལྟ་ཚུལ་མི་འདྲ་བ་འགའ་ཞིག་བྱུང་ཡོད་པ་སྟེ། འགའ་ཞིག་གིས་ཐ་སྙད་རྣམས་ངག་ནས་བརྗོད་པའི་ཚེ་སྒྲའི་སྐྱེ་གནས་རྣམས་ཀྱི་གཡོ་འགུལ་བྱེད་སྟངས་ལ་བརྟེན་ནས་ཕ་རོལ་དང་། ཚུར་རོལ་མཚོན་པར་བྱེད་པའི་ཐ་སྙད་བྱུང་ཡོད་པར་འདོད་པ་དང་། ཡང་འགའ་ཞིག་གིས་མིང་གཞིའི་གསལ་བྱེད་ཡིག་གཟུགས་ཀྱི་དབྱིབས་ལ་བརྟེན་ནས་དགྲ་གྲོགས་ཀྱི་ཐ་སྙད་བྱུང་བར་འདོད་པ་སོགས་མ་དག་པའི་ལྟ་བ་ཁ་ཤས་བྱུང་ཡོད། གནའ་བོའི་གྷི་རིག་གི་མཚན་ཉིད་མཁན་པོ་ཡ་ལི་ཧྲི་ཏོ་ཏེས་ (སྤྱི་ལོའི་སྔོན་གྱི་ལོ་384ནས་322)ཁོང་གི་གསུང་རྩོམ་ནང་དུ་གཏན་ཚིགས་དང་བརྡ་སྤྲོད་བར་གྱི་འབྲེལ་བ་གྲུབ་ཚུལ་བྲིས་པ་དེ་ནི་ལྟ་ཚུལ་གསར་དུ་བཏོན་པ་ཞིག་ཡིན་ལ། ཁོང་གིས་རྩོམ་པའི་གཏན་ཚིགས་དང་། སྙན་ངག་གི་བསྟན་བཅོས་དེ་དག་གིས་དུས་རབས་འགའ་ཞིག་གི་རིང་ལ་རིག་གཞུང་འདི་གཉིས་ཡར་རྒྱས་འགྲོ་བ་ལ་ཤུགས་རྐྱེན་ཆེན་པོ་བྱུང་ཡོད། ཡ་ལི་ཧྲི་ཏོ་ཏེས་ཐ་སྙད་ཀྱི་དབྱེ་བ་གཏན་ལ་འབེབས་པའི་སྐབས་སུ། གཏན་ཚིགས་དང་། མངོན་བརྗོད་ཀྱི་རིག་པ་དེའི་ཁོངས་ནས་རང་ཤུགས་ཀྱིས་ཐོན་པ་བྱས་ཡོད་ལ། སྐབས་དེར་ཐ་སྙད་ཀྱི་སྤྱི་དོན་བྱུང་མེད་ཅིང་། ཐ་སྙད་ཀྱི་རིགས་རྣམས་ནི་ཚིག་དང་བརྗོད་པ་རྣམས་ཀྱི་ནང་ནས་བཏོན་པ་ཞིག་ཡིན། བརྗོད་པ་ནི་མིང་དང་། ཚིག་དང་། བྱ་བའི་ཚིག་བཅས་ལྷན་ཅིག་ཏུ་ཚོགས་པའི་ཚིག་གྲུབ་ཅིག་ཡིན་ཞིང་། ཐ་སྙད་དེ་གཉིས་ནི་སོ་སོའི་ཁྱད་ཆོས་དང་ལྡན་པ་ཞིག་སྟེ།  མིང་རྐྱང་རྣམས་ནི་དངོས་པོ་སྣ་ཚོགས་མཚོན་པར་བྱེད་པའི་ཐ་སྙད་ཅིག་ཡིན་ལ། བྱ་ཚིག་རྣམས་ནི་རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་བྱུང་བའི་བྱ་བ་ཞིག་སྟོན་པའི་ཐ་སྙད་ཀྱི་རིགས་ཤིག་རེད།
          ཡ་ལི་ཧྲི་ཏོ་ཏེ་ཡིས་《སྙན་གཞུང་》ནང་དུ་གཏམ་གྱི་གྲུབ་ཆ་ལ་དབྱེ་བ་རིགས་བརྒྱད་ཕྱེས་ཡོད་པ་སྟེ། སྒྲ་རྐྱང་དང་། སྒྲ་ཚིགས། ཚིག་ཕྲད། གྲངས་ཚིག མིང་རྐྱང་། བྱ་ཚིག  རྣམ་དབྱེ། ཚིག་གྲུབ་བཅས་ཡིན་ལ། མིང་གི་དབྱེ་བ་དེ་དག་གིས་བརྡ་སྤྲོད་རིག་པའི་གཞུང་ལུགས་ཆགས་པའི་རྨང་གཞི་བཏིང་ཡོད་ཅིང་།  མཚན་ཉིད་མཁན་པོ་ཁག་གཅིག་གིས་རྣམ་དབྱེ་དང་པོ་ཡོད་པ་ངོས་འཛིན་གནང་བ་ནས་བཟུང་། ཁོང་ཚོ་ལ་ཐ་སྙད་ཀྱི་རྣམ་པ་མི་འདྲ་བ་ཡོད་པའི་སྤྱི་དོན་ཞིག་བློ་ལ་འཆར་ཏེ་རིམ་བཞིན་རྣམ་དབྱེ་དང་བྱ་ཚིག་གི་རྣམ་གཞག་དང་ཐ་སྙད་རྣམས་གཏན་འབེབས་བྱས་པ་རེད།
          3. ཡ་ལི་ཧྲན་ཏའི་བརྡ་སྤྲོད་རིག་པའི་མ་ལག་ཆིའི་ཏེན་གྱི་རྒྱལ་པོ་ཡ་ལི་ཧྲན་ཏའི་དམག་དཔུང་གིས་ས་ཁུལ་མང་པོ་ཞིག་ལ་དབང་བསྒྱུར་བྱས་པས། གྷི་རིག་གི་ཚན་རིག་དང་རིག་གནས་རྣམས་ཤར་ཕྱོགས་རྒྱ་མཚོ་ཆེན་པོའི་འགྲམ་ཚུན་ཆད་ཁྱབ་བརྡལ་བྱུང་ཞིང་། ཨའེ་ཇི་ལ་སོགས་པའི་ཡུལ་གྲུ་མང་པོ་ཞིག་ལ་རིག་གནས་འཕེལ་རྒྱས་འགྲོ་བ་ལ་དམིགས་གསལ་གྱི་ནུས་པ་ཐོན་ཡོད། ཡ་ཞིའི་ཡའི་གྲོང་ཁྲེར་བིར་ཁམས་སི་དང་། ཨའེ་ཇིའི་གྲོང་ཁྲེར་ཡ་ལི་ཧྲན་ཏ་ནི་ཡ་གཉིས་སུ་དཔེ་མཛོད་ཁང་ཆེན་པོ་རེ་བཙུགས་ནས་དཔེ་རྙིང་ལག་བྲིས་མ་མང་པོ་བསྡུ་གསོག་བྱས་ཤིང་། དེ་ལས་ཡ་ལི་ཧྲན་ཏ་ནི་ཡའི་དཔེ་མཛོད་ཁང་གི་ནང་དུ། གྷི་རིག་གི་རིག་རྩལ་དང་ཚན་རིག་གི་དཔེ་ཆ་ཁག་གཅིག་དང་། ཤར་ཕྱོགས་པའི་རྩོམ་རིག་ཁོ་ཚོའི་སྐད་ཡིག་ཏུ་བསྒྱུར་པའི་དཔེ་ཆ་བཅས་བསྡོམས་པས་གླེགས་བམ་འབུམ་ཐེར་བདུན་ཙམ་གསོག་འཇོག་བྱས་ཏེ། སྐབས་དེར་བརྡ་སྤྲོད་མཁན་པོ་མང་པོ་ཞིག་གིས་དེར་ཕྱག་ལས་གནང་ཞིང་། གྷི་རིག་གི་རྩོམ་རིག་སྐོར་ལ་ཞིབ་འཇུག་དང་། གསལ་བཤད། མཆན་འགྲེལ་བྱེད་པའི་སྐབས་སུ་ཕྱོགས་དེ་གཉིས་ཀྱི་མཁས་པ་རྣམས་ཡི་གེའི་རྣམ་གཞག་དེ་སྐད་ཀྱི་འགྲོས་དང་བསྟུན་དགོས་དང་མི་དགོས་པའི་ཐད་ལ་རྩོད་གླེང་བྱུང་ཡོད་པ་སྟེ། བིར་ཁམ་སིའི་མཁས་པ་རྣམས་ཀྱིས་ཡི་གེའི་རྣམ་གཞག་དེ་སྐད་ཀྱི་འགྲོས་དང་བསྟུན་མི་དགོས་པ་ཞིག་སྟེ། ཐ་སྙད་དང་དངོས་པོའི་བར་གྱི་འབྲེལ་བ་དང་།   སྐད་ཀྱི་རྣམ་འགྱུར་དང་བསམ་པའི་འཆར་སྒོའི་བར་གཅིག་གྱུར་མིན་པའི་རང་བཞིན་ནན་བཤད་བྱས་ཡོད། ཡ་ལི་ཧྲན་ཏ་ནི་ཡའི་མཁས་པ་རྣམས་ཀྱིས་དེ་ལས་ལྡོག་སྟེ། གོམས་གཤིས་ཆགས་པའི་སྐད་ནི་སྐད་ཡང་དག་པའི་ཚད་གཞི་ཡིན་ལ། དེར་བརྟེན་སྐད་ཡིག་གཅིག་གྱུར་པས་དགོས་པའི་སྐོར་གྱི་གནང་དོན་དེ་བྱུང་ཞིང་། དེ་ལྟར་གཅིག་གྱུར་ཡིན་མིན་སྐོར་ལ་རྩོད་གླེང་བྱུང་བ་དེས་སྐད་ཡིག་ལ་ཞིབ་འཇུག་བྱེད་པའི་ལས་ཀ་དེ་གོམ་གང་མདུན་སྤོས་བྱུང་ཡོད་ལ། བརྡ་སྤྲོད་རིག་པའི་སྤྱི་དོན་ཙམ་གཏན་འབེབས་བྱས་ཡོད་པ་རེད།
          སྐབས་དེར་ཡ་ལི་ཧྲན་ཏའི་ལུགས་ཀྱི་བརྡ་སྤྲོད་སྨྲ་བ་རྣམས་ལས། སྙན་གྲགས་ཆེ་ཤོས་རྣམས་ནི་ཡ་ལི་ཧྲི་ཏར་ཁུ་སི་(Aristarchusསྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་སྟོད་ཙམ་) དང་། ཏི་ཨོ་ནྱ་ཞུ་སི་ཐི་ར་ཁེ་སི་(སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་མཇུག་ཙམ་) ཨ་ཕོ་ལོང་ནི་སི་ཏི་སི་ཁོ་ལེ་ (ApolloniusDiscole  སྤྱི་ལོའི་དུས་རབས་གཉིས་པའི་དུས་སྨད་ཙམ་) རྣམས་ཡིན། ཁོང་རྣམས་ཀྱི་བརྡ་སྤྲོད་པའི་ཐ་སྙད་ཀྱི་རིགས་ལ་དབྱེ་བ་བརྒྱད་དུ་ཕྱེས་ཡོད་པ་སྟེ། 1. ཁྱད་གཞི་བརྗོད་པའི་མིང་། 2. བྱ་བ་སྟོན་པའི་མིང་། 3. ཁྱད་ཆོས་སྟོན་པའི་མིང་།  4. གྲངས་ཚིག 5. ཚབ་ཚིག  6. མིག་སྔོན་སྦྱོར་བའི་ཚིག  7. བསྣན་ཚིག  8.ཚིག་ཕྲད་བཅས་ཡིན་ཞིང་། དབྱེ་བ་འདི་རིགས་ནི་ཕྱི་གླིང་པའི་སྐད་ཡིག་གི་གོམས་སྲོལ་ཡིན་ལ། རང་རེ་བོད་ཀྱི་སྐད་ཡིག་དང་། རྒྱ་ནག་གི་ཡེ་གེ་བཅས་ལ་འདི་ལྟ་བུའི་དབྱེ་སྲོལ་མེད།གནའ་བོའི་རོམ་གྱི་བརྡ་སྤྲོད་མཁན་པོ་བར་varro (སྤྱི་ལོའི་སྔོན་གྱི་116ནས་27ལོའི་བར་)ཡིས་《ལ་ཏིང་གི་སྐད་ཡིག་ལ་ཞིབ་པ་འཇུག་》ཞེས་པ་ཞིག་རྩོམ་ཡོད་པ་དེ་ལས་གྲགས་ཆེ་བ་ནི། ཏོ་ན་ཐུའུ་སི་Donatus (སྤྱི་ལོའི་དུས་རབས་བཞི་པ་)ཡིས་བརྩམས་པའི་བརྡ་སྤྲོད་པའི་གཞུང་རྒྱས་བསྡུས་གཉིས་ལ་མཆན་འགྲེལ་དང་བཅས་པ་ཞིག་ཡོད་པ་དེ་དང་། ཕུ་རི་སི་ཁེ་ཨན་(Priscian)གྱིས་བརྩམས་པའི་《བདོ་སྤྲོད་རིག་པའི་སྒྱུ་རྩལ་སྐོར་》ཞེས་པ་དེ་གཉིས་ཡིན།
          གནའ་རབས་ཀྱི་དུས་སུ་སྐད་ཡིག་དང་བརྡ་སྤྲོད་རིག་པའི་སྐོར་ལ་ཞིབ་འཇུག་བྱེད་པའི་ས་སྐབས་སུ། བརྡ་སྤྲོད་རིག་པའི་དོན་ཚན་ཕྱོགས་རེ་ཙམ་ལ་གཞི་བཟུང་ནས་ཞིབ་འཇུག་བྱེད་པ་ལས་ཁྱོན་ཡོངས་ཀྱི་གནད་དོན་ལ་བརྟགས་ནས་ཞིབ་འཇུག་བྱས་པའི་འབྲས་བུ་རྒྱ་ཆེན་པོ་ཞིག་ཐོན་མེད། སྐབས་དེར་ཚིག་མཛོད་རིག་པ་ཡང་བྱུང་ཡོད་པ་མ་རེད། གནའ་བོའི་བརྡ་སྤྲོད་རིག་པ་ལ་ཞིབ་འཇུག་གི་གྲུབ་འབྲས་ཆེ་ཤོས་དང་། ཆ་ཚང་ཤོས་དེ་རྒྱ་གར་གྱི་བརྡ་སྤྲོད་རིག་པ་དེ་རེད། དུས་དེར་བརྡ་སྤྲོད་རིག་པའི་སྐོར་གྱི་ཤེས་བྱ་རྣམས་ནི་སྐད་ཡིག་རིག་པ་དང་། མཚན་ཉིད་རིག་པ་གཉིས་ཀྱི་ནང་ནས་འདེམས་སྒྲུག་བྱས་ནས་བྱུང་ཡོད་པ་རེད། རྨང་གཞིའི་སྐད་ཡིག་སྐོར་གྱི་རིག་གཞུང་མི་འདྲ་བ་ཁ་ཤས་བྱུང་ཡོད་པ་དེ་དག་ཐམས་ཅད་ཡུལ་གྲུ་གཅིག་ཁོ་ནའི་སྐད་ལ་གཞི་བཟུང་ནས་ཞིབ་འཇུག་བྱས་པ་ཞིག་ཡིན་ལ། དེ་ལས་ཞིབ་འཇུག་གི་གྲུབ་འབྲས་རྒྱ་ཆེ་ཤོས་ནི་རྒྱ་གར་གྱི་ལེགས་སྦྱར་གྱི་སྐད་ཡིག་དང་། གནའ་བོའི་གྷི་རིག་གི་སྐད་ཡིག   ལ་ཏིང་གི་སྐད་ཡིག་བཅས་ཡིན་ཡང་། ལེགས་སྦྱར་དང་གྷི་རིག་གི་སྐད་ཡིག་ལ་རྒྱས་བཤད་བྱེད་པའི་སྐབས་སུ་སོ་སོའི་རང་ཡུལ་གྱི་སྐད་གཅིག་པུ་ལ་གཞི་བཟུང་ནས་ཞིབ་འཇུག་དང་རྒྱས་བཤད་བྱས་ཡོད་པ་རེད། རོམ་གྱི་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་གཞི་ནས་ལ་ཏིང་གི་སྐད་དང་གྷི་རིག་གི་སྐད་གཉིས་ཕན་ཚུན་བསྡུར་ནས་ཞིབ་འཇུག་བྱ་རྒྱུ་འགོ་བཙུགས་པ་རེད། དུས་དེར་ཉེ་སྐོར་གྱི་རྒྱལ་ཁབ་རྣམས་སུ་སྐད་ཡིག་གི་གཞུང་ལུགས་དེ་དག་དར་ཁྱབ་བྱུང་ཡོད་ཀྱང་། ཡོ་རོབ་གླིང་( Europe )གི་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་རྒྱ་གར་གྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་གནད་དོན་སྐོར་ལ་ཤེས་རྟོགས་བྱུང་བ་ནི་ཅུང་ཟད་ཕྱི་ཙམ་ན་ཡིན་ལ་དུས་དེར་རྒྱ་ནག་དང་ཨ་རབ་(Arab)ཀྱི་མཁས་པ་རྣམས་ཀྱི་སྐད་ཡིག་རིག་པ་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཀྱི་ཚད་ཀྱང་ཤེས་རྟོགས་བྱུང་མེད་ཅིང་ཤར་ཕྱོགས་ཀྱི་ཤེས་རིག་སྐོར་རྣམས་དེ་བས་དུས་ཕྱིས་སུ་གཞི་ནས་ཤེས་རྟོགས་བྱུང་ཡོད་པ་རེད།
          གཉིས། དུས་རབས་བར་མ་དང་རིག་རྩལ་བསྐྱར་གསོའི་དུས་རབས་སྐབས་ཀྱི་བརྡ་སྤྲོད་རིག་པ།
          1.དུས་རབས་བར་མའི་སྐབས་ཀྱི་བརྡ་སྤྲོད་རིག་པ། (སྤྱི་ལོའི་དུས་རབས་ལྔ་པ་ནས་དུས་རབས་བཅོ་ལྔའི་བར། འདི་ནི་སྤྱི་ལོ་476ལོར་བྲན་གཡོག་གྱེན་ལོག་དང་། བྱང་ཕྱོགས་པའི་མི་རིགས་གཞན་གྱིས་བཙན་འཛུལ་བྱུང་བ་བཅས་ལ་བརྟེན་བྲན་གཡོག་ལམ་ལུགས་ཅན་གྱི་རོ་མ་ནུབ་མའི་རྒྱལ་ཁབ་དེ་རྩ་མེད་ཕྱིན་པ་རེད། དེ་ནས་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་དབྱིན་ཇིའི་རྒྱལ་ཁབ་ཏུ་མ་རྩ་རིང་ལུགས་པའི་གསར་བརྗེ་བྱུང་བའི་བར་ལ། ཡོ་རོབ་གླིང་གི་ལོ་རྒྱུས་ཐོག དུས་རབས་བར་མ་ཟེར་བ་དེ་ཡིན་)དུས་རབས་བར་མའི་སྐབས་སུ་བརྡ་སྤྲོད་རིག་པའི་སྐོར་གྱི་དཔྱད་གཞིའི་ཡིག་རིགས་ཕྱོགས་བསྡུ་བྱེད་རྒྱུ་དང་། ཆ་ཡོངས་སུ་ཚང་བའི་རིག་པའི་གཞུང་ལུགས་རྩོམ་སྒྲིག་བྱེད་རྒྱུའི་སྐོར་ལ་གྲུབ་འབྲས་ཕུལ་དུ་བྱུང་བ་ཞིག་ཐོབ་ཡོད། དུས་དེར་སློབ་གྲྭ་འཛུགས་རྒྱུ་དང་། སློབ་ཁྲིད་བྱེད་རྒྱུ་བཅས་ཀྱི་ལམ་ལུགས་དར་ནས་སྐད་ཡིག་གོང་འཕེལ་འགྲོ་བའི་མཐུན་རྐྱེན་བཟང་པོ་ཞིག་བྱུང་བ་དང་། ལ་ཏིང་སྐད་ཡིག་དེ་མཁས་པ་རྣམས་རྒྱལ་སྤྱིའི་འབྲེལ་བ་བྱེད་ཡས་ཀྱི་ལག་ཆ་ལྟ་བུ་ཞིག་ཆགས་ཏེ། དེའི་བརྡ་སྤྲོད་རིག་པའི་སྤྱི་དོན་དང་རྣམ་གཞག་གི་འགྲོས་ལ་བརྟེན་ནས་སྐད་རིགས་གཞན་གྱི་བརྡ་སྤྲོད་རིག་པའི་ལམ་སྲོལ་གསར་གཏོད་མང་པོ་ཞིག་བྱུང་ཡོད་པ་རེད། ཡིན་ནའང་དུས་དེར་མིང་རྐྱང་རང་གི་ངོ་བོ་ངོས་འཛིན་བྱེད་སྟངས་ཀྱི་ཐད་ལ་དངོས་གཙོ་དང་། མིང་གཙོ་གཉིས་ཀྱི་བར་ལ་ལྟ་ཚུལ་མི་འདྲ་བའི་རྩོད་གླེང་བྱུང་བ་སྟེ་དཔེར་ན། ཨན་སི་ལིམ་(Anselmas1033ནས་1109བར་)གྱིས་སྤྱིར་ཐ་སྙད་ཚང་མ་དངོས་པོ་ཡིན་པ་དང་། བཟུང་ཡུལ་ཡིན་པར་འདོད་པ་མ་ཟད།  ཐ་སྙད་ལ་བརྟེན་ནས་དངོས་པོ་བྱུང་ཞིང་། དངོས་པོ་མིད་པའི་ཐ་སྙད་བྱུང་བ་ནི་ལྷ་འདྲེ་སྨྲ་བའི་ལུགས་ཀྱི་འདོད་པ་ཡིན། ཞེས་བཤད་པ་ལྟ་བུ་དངོས་གཙོ་སྨྲ་བའི་ལྟ་ཚུལ་དང་།ཧྥ་རན་སིའི་མཚན་ཉིད་རིག་པའི་ཆེད་རམས་པ། ཨ་བི་ལ་ལར་ཏིས་( PAbelrdus 1079ནས་1142བར་) རྫས་ཡོད་ཀྱི་གྲུབ་པའི་དངོས་པོ་དེ་ཁོ་ན་དངོས་སུ་ཡོད་པ་ཡིན་ལ། སྤྱིར་བཏང་གི་ཐ་སྙད་རྣམས་ནི་མིང་ཙམ་ཡིན་ལ། མིང་ནི་དངོས་པོའི་དོན་སྤྱི་ཙམ་ཡིན་ཞིང་། ཡོད་པའི་དངོས་པོ་རྣམས་ཀྱི་ཐ་སྙད་ནི་དངོས་པོ་དེ་བྱུང་བའི་རྗེས་སུ་གཞི་ནས་ཐ་སྙད་གསར་དུ་འབྱུང་གི་ཡོད་པ་རེད། ་ཅེས་བཤད་པ་ལྟ་བུ་མིང་གཙོ་སྨྲ་བའི་ལྟ་ཚུལ་ཡིན།
          2. རིག་རྩལ་བསྐྱར་གསོའི་དུས་རབས་ཀྱི་བརྡ་སྤྲོད་རིག་པ། རིག་རྩལ་བསྐྱར་གསོའི་སྐབས་ཀྱི་བརྡ་སྤྲོད་རིག་པ་ཞེས་པ་དེ་ནི་གཙོ་བོ་གནའ་བོའི་སྐད་ཡིག་རིག་པ་དང་། ཤར་ཕྱོགས་པའི་སྐད་ཡིག་རིག་པ་དེ་དག་བསྐྱར་གསོ་འབྱུང་བའི་དུས་སྐབས་ཡིན་ཞིང་། དེའང་དུས་རབས་བཅོ་ལྔ་པ་དང་། བཅུ་དྲུག་པའི་སྐབས་སུ་མི་རིགས་མང་པོ་ཞིག་ལ་བརྡ་སྤྲོད་རིག་པའི་གཞུང་ལུགས་བྱུང་ཡོད་པ་སྟེ། ཉི་ཧོང་གི་སྐད་ཡིག་དང་། ཁོ་རེ་ཡའི་སྐད་ཡིག  ཧང་ག་རིའི་སྐད་ཡིག   སི་ཕེན་གྱི་སྐད་ཡིག  ཏ་ཆིའི་སྐད་ཡིག ཧྥ་རན་སིའི་སྐད་ཡིག   དབྱིན་ཇིའི་སྐད་ཡིག   ཕོ་ལན་གྱི་སྐད་ཡིག   ཅེ་ཁེའི་སྐད་ཡིག   མོ་ཞི་ཀོའི་སྐད་ཡིག  ཡ་མི་ཉི་ཡའི་སྐད་ཡིག  པོ་སིའི་སྐད་ཡིག ཨ་ཙི་ཐེ་ཁེའི་སྐད་ཡིག་བཅས་ལ་རིག་གཞུང་ཆགས་ཡོད་པ་དེ་རེད།
          སྐབས་དེར་ཆོས་ལུགས་ཀྱི་དཔེ་རྙིང་རྣམས་ཕྱོགས་སྒྲིག་དང་ཞིབ་འཇུག་བྱས་པ་དེས། གནའ་རབས་ཀྱི་སྐད་ཡིག་སླར་ཡང་བསྐྱར་གསོ་བྱེད་རྒྱུའི་དགོས་པ་བྱུང་བ་དང་། གནའ་བོའི་སྐད་ཡིག་བེད་སྤྱོད་བྱེད་པའི་དམིགས་ཡུལ་ནི། ལ་ཏིང་གི་དཔེ་རྙིང་དང་གྷི་རིག་གི་དཔེ་རྙིང་རྣམས་ལ་ཞིབ་འཇུག་བྱེད་རྒྱུ་དང་། ལྷག་པར་དུ་ལ་ཏིང་གི་དཔེ་རྙིང་རྣམས་ལ་མཆན་འགྲེལ་གྱིས་པར་སྐྲུན་བྱེད་རྒྱུ་དེ་རེད། 《ལ་ཏིང་སྐད་ཡིག་གི་རྨང་གཞི་ལ་དཔྱད་པ་》(སི་ཁ་ལི་ལྗིས་བརྩམས་པ་(Jscaliger1540) ཞེས་པ་དང《ལ་ཏིང་སྐད་ཡིག་གི་ནོར་མཛོད་》(སི་ཏེ་ཧྥེན་གྱིས་བརྩམས་པ། R. stephanus 1553) ཅེས་སྐད་གྲགས་ཆེ་ཤོས་ཀྱི་བསྟན་བཅོས་འདི་དག་བྱུང་བ་ནས་བཟུང་། གྷི་རིག་གི་སྐད་ཡིག་ལ་ཞིབ་འཇུག་གི་ཕྱག་ལས་གནང་བའི་རི་ཁེ་ལིན་དང་།  རྨི་ལོན་ཁེ་ཏིན། (Pn.melahcliton) སི་ཏི་ཧྲིན་(H.sfechaus ) རྣམས་ཀྱིས་ཤར་ཕྱོགས་པའི་སྐད་ཡིག་ལ་ཞིབ་འཇུག་བྱེད་རྒྱུའི་འགོ་ཚུགས་པ་རེད། ཨའ་ཁལ་(Pde Alkal) གྱིས་བརྩམས་པའི་ཨ་ལ་པོའི་བརྡ་སྤྲོད་རིག་པ་ཞེས་པ་སྤྱི་ལོ་1505ལོར་པར་དུ་སྐྲུན་པ་དང་།  རི་ཁེ་ལིན་(Reuchlin)གྱིས་བརྩམས་པའི་ཉི་བྷུར་གྱི་བརྡ་སྤྲོད་རིག་པ་སྤྱི་ལོ་1506ལོར་པར་དུ་སྐྲུན་པའི་རྗེས་སུ། ཞི་པོ་ལེའི་བརྡ་སྤྲོད་མཁན་པོ་བུ་ཁེ་སི་ཐོར་ཧྥུ་(j.buxtonf) དང་། ཨ་ལ་པོའི་བརྡ་སྤྲོད་མཁན་པོ་ཨིར་ཕེ་ནུ་སི་དང་( Erpenius) ལུ་ཏོ་ཧྥུ་(H. Ladolf)རྣམས་ཀྱི་གསུང་རྩོམ་དེ་དག་གི་ཉི་བྷུའི་སྐད་དང་། ཨ་ལ་མིའི་སྐད། ཨ་ལ་པོའི་སྐད། ཨེ་སེ་ཨོ་པི་ཡའི་སྐད་བཅས་ཀྱི་བརྡ་སྤྲོད་རིག་པ་དང་། ཚིག་མཛོད་རྩོམ་སྒྲིག་བྱེད་རྒྱུའི་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་རེད།
          གསུམ། དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་སྐབས་ཀྱི་བརྡ་སྤྲོད་རིག་པ།
          ལོ་རྒྱུས་ཀྱི་འགྱུར་བ་ལ་བརྟེན་ནས་བྱུང་བའི་བརྡ་སྤྲོད་རིག་པ། ལོ་རྒྱུས་ཀྱི་འགྱུར་བ་དང་། སྤྱི་ཚོགས་འཕེལ་རྒྱས། ཚན་རིག་ལ་ངེས་ཤེས་རྙེད་པ་བཅས་ཀྱིས་བརྡ་སྤྲོད་རིག་པའི་གཞུང་ལུགས་དབྱར་མཚོ་ལྟར་རྒྱས་པའི་མཐུན་རྐྱེན་བསྐྲུན་པ་མ་ཟད། འཇིག་རྟེན་ན་སྐད་རིགས་མང་པོ་ཞིག་ཡོད་པར་ཤེས་རྟོགས་བྱུང་ནས་དེ་དག་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་གསལ་པོར་གཏན་འབེབས་བྱེད་པའི་ནུས་པ་ཐོན་ཡོད་པ་རེད།
          ཚོང་ལས་ཀྱི་བྱེད་སྒོ་ཡར་རྒྱས་ཕྱིན་པའི་རྐྱེན་གྱིས་དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་སྐབས་སུ་ལྗོངས་རྒྱུ་བ་རྣམས་ཀྱིས་འཇིག་རྟེན་འདིར་ཡུལ་གྲུ་མི་འདྲ་བ་དང་། སྐད་རིགས་མི་འདྲ་མང་པོ་ཞིག་ཡོད་པ་གསར་དུ་ཤེས་རྟོགས་བྱུང་བར་བརྟེན་སྔོན་ཆད་ཕྱོགས་རེ་བའི་ལྟ་བ་དང་། སྐད་ཡིག་ལ་བརྟེན་ནས་བྲིས་པའི་གཞུང་ལུགས་ཁག་གི་སྐྱོན་ཆ་དེ་དག་མཐོང་ཐུབ་པ་བྱུང་བ་རེད།
          ཡོ་རོབ་གླིང་དུ་ཚན་རིག་དང་། སློབ་གསོ། པར་སྐྲུན་བཅས་ཀྱི་ཤེས་བྱ་ཡར་རྒྱས་བྱུང་བ་ལ་བརྟེན་ནས་སྐད་ཡིག་ཞིབ་འཇུག་བྱེད་རྒྱུའི་ལས་ཀ་ལ་སྐུལ་འདེད་ཆེན་པོ་ཐེབས་པར་བརྟེན་དུས་རབས་འདི་ཉིད་ཀྱི་ནང་དུ་སྐད་རིགས་མང་པོ་ཤན་སྦྱར་བྱས་པའི་ཚིག་མཛོད་གསར་ཐོན་བྱུང་ཡོད་པ་སྟེ།རང་བྱུང་ཚན་རིག་ལ་མཁས་པའི་རྒྱལ་ཁམས་འགྲིམས་མཁན་ཕ་ལ་སི་( Pallas)ཡིས་བརྩམས་པའི་《གོ་ལའི་ཁྱོན་ཡོངས་ཀྱི་སྐད་རིགས་དང་ཡུལ་སྐད་གོ་བསྡུར་གྱི་ཚིག་མཛོད་》 ཅེས་པར་ཡོ་རོབ་གླིང་དང་། ཨེ་ཤའི་ཡའི་གླིང་། ཨ་མེ་རི་ཁའི་གླིང་། ཨ་ཧྥེ་རི་ཁའི་གླིང་བཅས་ཀྱི་སྐད་རིགས་272ཙམ་འདུས་ཡོད་པ་དེ་སྤྱི་ལོ་1787 ནས་1787ལོར་པིའི་ཏེ་པོའི་གྲོང་ཁྱེར་དུ་པར་དུ་བསྐྲུན་པ་དང་། སི་ཕེན་གྱི་མཁས་པ་ཕོན་ཏུ་རོ་( Pan-duro)ཡིས་བརྩམས་པའི་《མཐོང་ཐོས་བྱུང་བའི་སྐད་ཡིག་ཁག་གི་དཀར་ཆག་དང་དེ་དག་གི་ཁྱད་པར་ལ་དཔྱད་པ་དང་ངོ་སྤྲོད་ཞུ་བ་》་ཞེས་པ་སྤྱི་ལོ་1784ལོར་པར་དུ་བསྐྲུན་པ།
          བསྟན་བཅོས་དེ་དང་ནང་དོན་ཕྱོགས་འདྲ་བའི་aཇར་མན་གྱི་མཁས་པ་ཆེན་པོ་ཨ་ཏེ་ཡིང་(Adelung)དང་། ཝེ་ཐི་མར་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་ཚིག་མཛོད་《ཀུན་ཁྱབ་ཀྱི་བརྡད་སྤྲོད་རིག་པ་》 ཞེས་པ། སྤྱི་ལོ་1806ནས1817ལོའི་བར་དུ་བརྩམས་པའི་དཔེ་ཆ་དེའི་ནང་དུ། “གནམ་དུ་ཡོད་པའི་ང་ཚོའི་ཕ་དེ་”ཞེས་པའི་ཚིག་གྲུབ་དེ་ཉིད་ལ་སྐད་རིགས་དང་ཡུལ་སྐད་ལྔ་བརྒྱའི་སྒོ་ནས་སྐད་རིགས་ཀྱི་ཁྱད་པར་དཔེར་བརྗོད་དུ་བཞག་ཡོད་ཅིང་། དེའང་ཨེ་ཤའི་ཡའི་གླིང་དང་། ཡོ་རོབ་གླིང་། ཨ་ཧྥི་རི་ཁའི་གླིང་། ལྷོ་ཨ་མེ་རི་ཁ། དབུས་ཨ་མེ་རི་ཁ། བྱང་ཨ་མེ་རི་ཁ་བཅས་ས་གཤིས་རིག་པའི་ལུགས་དང་བསྟུན་ནས་སྐད་རིགས་ཀྱི་དབྱེ་བ་ཕྱེས་ཡོད་པ་རེད།
          དུས་རབས་རིམ་པ་བཞིན་དུ་འཕོ་འགྱུར་བྱུང་བའི་རྐྱེན་གྱིས་འཇིག་རྟེན་ན་སྐད་རིགས་སྣ་ཚོགས་པ་ཞིག་ཡོད་པ་གསར་རྟོགས་བྱུང་སྟབས། མཚན་ཉིད་མཁན་པོ་དང་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་སྐད་རིགས་གཅིག་ནས་མང་པོའི་ཕྱོགས་སུ་སློབ་གཉེར་བྱེད་པའི་ལོ་རྒྱུས་དེ་བྱུང་བ་དང་། སྐད་ཀྱི་འབྱུང་ཁུངས་དེ་འགྲོ་བ་མི་ཡི་ལོ་རྒྱུས་ལ་བརྟེན་ནས་ཞིབ་འཇུག་བྱེད་དགོས་པའི་གནད་དོན་དེ་བཤད་ཡོད་པ་རེད།
          ལྷ་ཡི་ལུང་གིས་མངོན་པ་ཞེས་པའི་གཞུང་ལུགས་དེ་དག་ཡང་དག་མ་ཡིན་པར་རྟོགས་རྗེས་སུ། དུས་རབས་བཅོ་བརྒྱད་པའི་ནང་གི་མཚན་ཉིད་མཁན་པོ་དང་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་འགྲོ་བ་མི་ཡི་རིགས་ལ་ཐོག་མའི་སྐད་དེ་གང་འདྲ་བྱས་ནས་བྱུང་ཡོད་པའི་རྒྱུ་མཚན་བཙལ་བའི་འགོ་ཚུགས་ཤིང་། གནད་དོན་འདི་ཉིད་ཐག་གཅོད་བྱེད་པ་ལ་གལ་ཆེ་ཤོས་ཀྱི་བསྟན་བཅོས་ནི། རུའུ་སིའུ་( Rousseau )ཡིས་བརྩམས་པའི་《འགྲོ་བ་མི་ཡི་རིགས་ཀུན་བདེ་སྡུག་ཆ་མི་སྙོམ་པའི་རྩ་བ་དང་འབྱུང་ཁུངས་ལ་དཔྱད་པ་》 དང་། 《སྐད་ཀྱི་འབྱུང་ཁུངས་ལ་ཚོད་ལྟ་བྱས་པ་》ཞེས་པ་དེ་གཉིས་དང་། ཧིར་ཧིར་( Herder)གྱིས་བརྩམས་པའི་《སྐད་ཀྱི་འབྱུང་ཁུངས་ལ་ཞིབ་འཇུག་བྱས་པ་》 ཞེས་པ་དེ་དག་ཡིན།
          ལོ་རྒྱུས་ཀྱི་བརྒྱུད་རིམ་དེ་སྐད་ཀྱི་འབྱུང་ཁུངས་དང་འབྲེལ་ཡོད་པ་མ་ཟད། སྐད་རིགས་འཕེལ་རྒྱས་འགྲོ་བའི་གནད་དོན་དང་འབྲེལ་ཡོད། མི་ཁག་གཅིག་གིས་སྐད་རིགས་ཀྱི་ལོ་རྒྱུས་དང་འགྲོ་བ་མི་ཡི་རིགས་ཀྱི་ལོ་རྒྱུས་གཉིས་ཕན་ཚུན་ལྷན་ཅིག་ཏུ་བསྡེབས་ནས་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད། ཝི་ཁོ་(vico)ཡིས་བརྩམས་པའི་《མི་རིགས་ཀྱི་ཐུན་མོང་གི་རང་བཞིན་དང་ཚན་རིག་གི་གྲུབ་ཆ་གསར་པ་ལ་དཔྱད་པ་》ཞེས་པའི་ནང་དུ། ལྷ་ཡི་སྐད་དང་། དཔའ་བོའི་སྐད། མི་ཡི་སྐད་དེ་སྐད་རིགས་འཕེལ་རྒྱས་འགྲོ་བའི་དུས་རབས་མི་འདྲ་བ་གསུམ་གཏན་འབེབས་བྱས་ཡོད་པ་ལ། ལྷ་ཡི་སྐད་ཀྱི་དུས་རབས་ཞེས་པ་ནི་རུས་རྒྱུད་ཚོ་པའི་ལམ་ལུགས་ཀྱི་སྐབས་དང་།  དཔའ་བོའི་སྐད་ཀྱི་དུས་རབས་ནི་བཀས་བཀོད་རྒྱུན་འཛིན་གྱི་ལམ་ལུགས་སྐབས་དང་། མི་ཡི་སྐད་ཀྱི་དུས་རབས་ཞེས་པ་ནི་མ་རྩ་རིང་ལུགས་ཀྱི་དུས་རབས་འགོ་ཚུགས་པའི་སྐབས་དེར་ཟེར་ཞིང་། མི་ཡི་འགྲོ་བ་བྱུང་བའི་ལོ་རྒྱུས་ཀྱི་རྗེས་ཐོག་ཏུ་སྐད་ཀྱི་ལོ་རྒྱུས་བྱུང་ཡོད་པར་ངོས་འཛིན་གནང་ཡོད།
          བཞི།  དུས་རབས་བཅུ་དགུ་པའི་ནང་དུ་རྒྱ་ནག་ཏུ་བརྡ་སྤྲོད་རིག་པ་དར་བ།
          སྤྱིར་དུས་རབས་བཅུ་དགུ་པའི་ནང་དུ་གོ་ལའི་ཁྱོན་ཡོངས་སུ་བརྡ་སྤྲོད་རིག་པའི་ཤེས་བྱའི་སྐོར་ལ་འཐུས་སྒོ་ཇེ་ཚང་དང་། ཚན་རིག་ཇེ་རྒྱས་སུ་ཕྱིན་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་རེད། དུས་དེར་རྒྱ་ནག་ཏུ་བརྡ་སྤྲོད་རིག་པའི་གཞུང་ལུགས་ཐོག་མར་དར་ཁྱབ་བྱུང་ཡོད་པ་སྟེ། དེ་ཡང་པེ་ཅིན་སློབ་གྲྭ་ཆེན་མོའི་སྒྲ་རམས་པ། སྐུ་ཞབས་ཆེན་ཆི་ཤང་( 岑麒祥) ལགས་ཀྱིས་བརྩམས་པའི་《བརྡ་སྤྲོད་རིག་པའི་བྱུང་བ་མདོར་ཙམ་བརྗོད་པ་》(པེ་ཅིན་སློབ་གྲྭ་ཆེན་མོའི་པར་མ་ཤ་344. 8. )ལས། རང་རྒྱལ་ལ་གནའ་བོའི་དུས་སུ་བརྡ་སྤྲོད་རིག་པ་ལ་ཞིབ་འཇུག་བྱས་པ་ཞིག་མེད་ཀྱང་། ཆེས་སྔ་བའི་དུས་ནས་དཔེ་རྙིང་མཆན་འགྲེལ་བྱེད་པ་པོ་རྣམས་ཀྱིས་ཚིག་དང་། ཚིག་གྲོགས། ཚིག་ཕྲད་བཅས་བེད་སྤྱོད་བྱས་ཡོད་ལ། ཏ་མིང་དང་། མན་ཇུ་གཉིས་ཀྱི་དུས་སུ་ལྷག་པར་དུ་ཚིག་དང་། ཚིག་ཕྲད་སྐོར་རྣམས་ཕྱོགས་སྒྲིག་བྱས་ཏེ་འགྲེལ་བཤད་གནང་ཡོད་པ། དཔེར་ན་ཏ་མིང་རྒྱལ་རབས་སྐབས་ལུ་ཨུའེ་(卢纬)ཡིས་བརྩམས་པའི་《ཚིག་གྲོགས་ཀྱི་སྐོར་》( 助语辞 )དང་། ཡོན་རེན་ལིན་(袁仁林 )གྱིས་བརྩམས་པའི་《ཚིག་ཕྲད་བཤད་པ་》 བཅས་དང་། མན་ཇུ་རྒྱལ་རབས་སྐབས་ཀྱི་ལིའུ་ཆིས་( 刘淇)《ཚིག་གྲོགས་ལ་རགས་ཙམ་དབྱེ་བ་》་(助字辦略) དང་། ཝང་ཡིང་ཀྲིས་(王引之 )བརྩམས་པའི་《གསུང་རབ་ཀྱི་ཚིག་འགྲེལ་》(经传释词)ལ་སོགས་པ་མང་པོ་ཞིག་ཡོད་ཀྱང་། དེ་དག་ནི་བརྡ་རྙིང་འགྲེལ་བཤད་ཀྱི་ཕྱོགས་གཏོགས་སུ་བགྲངས་པ་ལས། བརྡ་སྤྲོད་རིག་པ་ཞེས་ངོས་འཛིན་སྲོལ་བྱུང་མི་འདུག   དེས་ན་གནའ་བོའི་དུས་ནས་བཟུང་ཀྲུང་གོའི་མི་ལས་བརྡ་སྤྲོད་རིག་པ་བཤད་མཁན་ངོ་མ་དེ་མཱ་ཅན་ཀྲུང་( 马建忠)ཁོ་ན་ཡིན། ཞེས་གསུངས་པ་ལྟར་རེད།
          མ་ཅན་ཀྲུང་ནི་སྤྱི་ལོ་1845ལོར་སྐྱེས་ཤིང་1900ལོར་སྐུ་གཤེགས། སྐུ་ན་གཞོན་པའི་སྐབས་སུ་ཧྥ་རན་སིའི་རྒྱལ་ཁབ་ཏུ་ཕྱིན་ཏེ། ལ་ཏིང་གི་སྐད་ཡིག་ལ་སློབ་སྦྱོང་གནང་། རང་རྒྱལ་དུ་ཕྱིར་ཕེབས་པ་དང་། ལ་ཏིང་གི་ཡི་གེའི་རྣམ་བཞག་ལ་དཔེ་བགྱིས་ནས་《མ་ཧྲི་ཝེན་ཐུང་》 ( 马氏文通)ཞེས་པ། བོད་སྐད་དུ་མ་ཧྲིའི་བརྡ་སྤྲོད་པ་ཞེས་པ་ལེའུ་བཅུའི་བདག་ཉིད་ཅན་ཞིག་བརྩམས་པ་དེ་ནི་རྒྱ་ནག་ཏུ་བརྡ་སྤྲོད་རིག་པའི་གཞུང་ལུགས་དར་བའི་ཐོག་མ་ཡིན། དེ་ནས་བཟུང་བསྟན་བཅོས་དེ་ལ་གཞིར་བཟུང་ནས་བརྡ་སྤྲོད་རིག་པའི་གཞུང་ཆེ་ཕྲ་སྣ་ཚོགས་པ་ཞིག་བརྩམས་ཏེ། སློབ་གྲྭ་ཆེ་འབྲིང་ཁག་ཏུ་སློབ་ཁྲིད་བྱེད་བཞིན་ཡོད་པ་དཔེར་ན། ཝུ་མིང་ཧའོ་(吴明洁)ཡིས་བརྩམས་པའི་《འབྲིང་རིམ་སློབ་གྲྭའི་བརྡ་སྤྲོད་གནད་བསྡུས་》 ཞེས་པ་དང་། ཀྲང་ཧྲི་ཀྲའོ་( 章士钊)ཡིས་བརྩམས་པའི་《རྒྱལ་ཁབ་རིག་གནས་ཀྱི་བསྟན་བཅོས་འབྲིང་རིམ་》(中等国文典)ཞེས་པ་རྣམས་ལྟ་བུ་རེད། ལིའུ་ཧྥུ་དང་། (刘复) དང་། ཡང་ཧྲུའུ་ཏ་(杨树达) སོགས་སློབ་གྲྭ་ཆེན་མོའི་དགེ་རྒན་འགའ་ཞིག་གིས་འདི་ལ་སྐྱོན་བརྗོད་ཅུང་ཟད་རེ་གནང་ཡོད།
          ལིའུ་ཧྥུ་ནི་སྤྱི་ལོ་1891ལོར་སྐྱེས་ཤིང་1934 ལོར་སྐུ་གཤེགས། སྐུ་ན་གཞོན་པའི་དུས་སུ་དབྱིན་ཇི་དང་། ཧྥ་རན་སིའི་རྒྱལ་ཁབ་ཏུ་སློབ་སྦྱོང་ལ་ཕེབས་ཏེ་བརྡ་སྤྲོད་རིག་པའི་གཞུང་ལ་སློབ་གཉེར་དང་ཞིབ་འཇུག་མཐར་ཕྱིན་པར་གནང་། 《སྒྲའི་གདངས་བཞི་ལ་ཚོད་ལྟ་བྱས་པའི་ཟིན་བྲིས་》ཞེས་པ་བརྩམས། རང་རྒྱལ་དུ་ཕྱིར་ལོག་རྗེས་པེ་ཅིང་སློབ་གྲྭ་ཆེན་མོའི་ནང་དུ་སློབ་ཁྲིད་གནང་། སྔོན་ཕྱི་རྒྱལ་དུ་མ་ཕྱིན་གོང་གི་པེ་ཅིན་སློབ་གྲྭ་ཆེན་མོར་སློབ་ཁྲིད་བྱས་པའི་མ་ཟིན་སྣུམ་པར་བཏབ་པ་དེ་ལ་དག་བཅོས་དང་ལེགས་སྒྲིག་གནང་སྟེ་《ཀྲུང་གོའི་བརྡ་སྤྲོད་རིག་པའི་མཐའ་དཔྱད་》ཞེས་པ་དེ་བརྩམས། འདི་ལ་དཔྱད་གཞིའི་ཡིག་ཆ་གཙོ་བོར་ཆིན་རྒྱལ་རབས་གོང་གི་གནའ་བོའི་དཔེ་རྙིང་རྣམས་ཡིན་ལ། ཞིབ་འཇུག་བྱེད་སྟངས་ཀྱི་ཐབས་ཤེས་དབྱིན་ཇིའི་རྒྱལ་ཁབ་ཀྱི་མི། སི་ཝེ་ཐིས་བརྩམས་པའི་《དབྱིན་ཡིག་གི་བརྡ་སྤྲོད་གསར་པ་》(Aneweng LishGrammar) ཞེས་པ་དེ་ལ་དཔེ་བླངས་ནས་བརྩམས་ཤིང་། སྐབས་འགར་《མ་ཧྲིའི་བརྡ་སྤྲོད་པ་》ལ་སྐྱོན་བརྗོད་གནང་ཡོད་པ་རེད།
          ཡང་ཧྲུའུ་ཏ་ནི་སྤྱི་ལོ་1885ལོར་ཧུའུ་ནན་ཁྲང་ཧྲ་ས་ཁུལ་(湖南长沙) དུ་སྐྱེས་ཤིང་1956ལོར་སྐུ་གཤེགས་པ་རེད། དུས་རྒྱུན་དུ་ཆིན་ཧྭ་སློབ་གྲྭ་ཆེན་མོའི་ནང་དུ་སློབ་ཁྲིད་ཀྱི་ཕྱག་ལས་གནང་ཡོད་ཅིང་། ཁོང་གིས་བརྩམས་པའི་བསྟན་བཅོས་ལ་《མིང་དོན་བརྡ་དཀྲོལ་》(词诠)དང་། 《མཐོ་རིམ་གྱི་བརྡ་སྤྲོད་པ་》(高等国文化)《མ་ཧྲིའི་བརྡ་སྤྲོད་རིག་པའི་འཁྲུལ་སེལ་》 (马氏文通刊误)བཅས་ཡོད་ལ། དེ་ལས་《མིང་དོན་བརྡ་དཀྲོལ་》ནི་གཙོ་བོ་རྒྱ་ཡིག་གི་ཚིག་ཕྲད་སྐོར་རྣམས་ལ་འགྲེལ་བཤད་བྱས་པ་ཞིག་དང་། བསྟན་བཅོས་གཞན་གཉིས་ནི་མིང་གི་དབྱེ་བ་མི་འདྲ་བ་སྟོན་པ་གཙོ་བོར་བྱས་པའི་བརྡ་སྤྲོད་པའི་ཡན་ལག་ཞིབ་རྒྱས་སུ་བཀོད་པའི་གཞུང་ལུགས་ཤིག་ཡིན་ལ། 《མ་ཧྲིའི་བརྡ་སྤྲོད་པ་》ཡི་གཞུང་གི་ནོར་བ་འགའ་ལ་དཔྱད་པ་ཡང་བྱས་ཡོད།
          འདི་དག་ནི་རྒྱ་ནག་ཡུལ་དུ་དར་བའི་བརྡ་སྤྲོད་རིག་པའི་གཞུང་གི་ཐོག་མ་ཡིན་ལ། དུས་ཕྱིས་རྒྱ་ནག་ཡུལ་དུ་བརྡ་སྤྲོད་རིག་པའི་གཞུང་ལུགས་ཡར་རྒྱས་འགྲོ་བའི་རྨང་གཞི་ཡང་ཡིན། ། ལྔ་བཞིའི་ལས་འགུལ་གྱིས་དུས་འགྱུར་བྱུང་བ་ནས་བཟུང་། ཀྲུང་གོའི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ཚན་རིག  རིག་གནས་བཅས་ཀྱི་གོང་འཕེལ་འགྲོ་བའི་མྱུར་ཚད་དེ་བསམ་ཡུལ་ལས་འདས་པ་ཞིག་བྱུང་ཡོད་པ་དང་དུས་མཚུངས་སུ་བརྡ་སྤྲོད་རིག་པའི་སྐོར་ལ་ཡང་། རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་ཡིད་སྨོན་བྱེད་མི་དགོས་པའི་ཡར་རྒྱས་བྱུང་ཡོད་པ་ནི་དབང་པོའི་མངོན་སུམ་དུ་གྱུར་ཡོད་པ་འདི་རེད།
ས་བཅད་གཉིས་པ། བྱེ་བྲག་བོད་གངས་ཅན་གྱི་ཡུལ་དུ་བརྡ་སྤྲོད་རིག་པ་དར་ཚུལ།
          གཅིག   གནའ་བོའི་སྐད་ཡིག་རིག་པ།
          བོད་ཀྱི་ཡུལ་འདིར་ད་ཕན་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་ཙམ་གྱི་གོང་རོལ་ན། ཆོས་དང་རིག་གནས་སྐོར་གྱི་རྩོམ་རིག་མང་པོ་ཞིག་བྱུང་ཡོད་པ་དང་མཉམ་དུ་སྐད་ཡིག་རིག་པའི་ཤེས་བྱའི་སྐོར་གྱི་གཞི་རྐང་ཚུགས་ཡོད་པ་ལོ་རྒྱུས་དེབ་ཐེར་རྣམས་ལས་གསལ་ཞིང་། དེ་ཡང་《བརྡ་་་སྤྲོད་ཉི་ཤུ་བདུན་པ་》ལས། ཤེས་རབ་ཕུལ་གྱི་འཕྲུལ་ཡིག་བཞི་བཅུ་ལ། ། ཐབས་ཀྱི་མཆོག་གི་ང་རོ་དབྱངས་སུ་དྲངས། ། ཐབས་ཤེས་ཟུང་དུ་འབྲེལ་བའི་བྱིན་བརླབས་ལས། །མིང་དང་ཚིག་འབྲེལ་ལེའུ་བམ་པོར་ཕྱེས། ། སྒོ་བཞི་མཛོད་ལྔའི་གླེགས་བམ་ཁྲི་འབུམ་བྲིས། ། ཞེས་དང་། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》་ལས། ། ། བོད་ཀྱི་ཡེ་གེ་ནི་སངས་རྒྱས་ཀྱིས་མཛད་དེ། མདོ་ལས། ཡི་གེ་སུམ་ཅུའི་བོན་གྱི་ཁོག་ཡང་ཕུབ། ། མགོ་ཡིས་ལམ་དྲང་ཤད་ཀྱིས་མདོར་བཅད། ། ཚིག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། ། གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ ཡིས། །སྐབས་སྦྱོར་དོན་བདུན་ཡན་ལག་བརྒྱད་པར་བཏགས། ཞེས་སོགས་གསུངས་པ་བཞིན་ནོ། དེ་ལ་འདིར་ཡི་གེ་བྱེད་པོ་སངས་རྒྱས་ཞེས་བཤད་པ་ནི་གཤེན་རབ་མི་བོ་ཆེ་ལ་ཟེར་ཞིང་། དེ་ནི་སྤྱི་ལོའི་སྔོན་གྱི་ལོ་657པའི་ཤིང་བྱི་ལོར་གངས་ཏི་སིའི་ཞོལ། མཚོ་མ་ཕམ་གྱི་འགྲམ། ཞང་ཞུང་འོལ་མོ་ལུང་རིང་ཞེས་པ་དེང་གི་མངའ་རིས་ས་ཁུལ་གྱི་པུ་རངས་ཀྱི་ཕྱོགས་དེར་འཁྲུངས་ཤིང་སྤྱི་ལོའི་སྔོན་གྱི་576པའི་ཤིང་བྱ་ལོར་དེར་སྐུ་གཤེགས། དེ་ནི་གཞོན་ནུའི་དུས་སུ་ངང་རྒྱུད་བཟང་ཞིང་བློ་རིག་བཀྲ་བ། ཐབས་ཤེས་ཀྱི་རྩལ་ལ་སྐྱེ་བོ་གཞན་གྱིས་འགྲན་ནུས་མེད་པ་ཞིག་བྱུང་བ་དེས། དུས་ཟིང་དང་། འཁྲུག་རྩོད་ཀྱི་ཡོ་ལང་ཆེ་བའི་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་ནང་དུ་རང་མཉམ་གྱི་བྲན་གཡོག་བདག་པོའི་རྒྱལ་ཕྲན་གཞན་རྣམས་དང་གཉེན་འབྲེལ་གྱི་མཐུན་ལམ་གཏོད་དེ་ཞི་བདེའི་ཐབས་ལ་བརྩོན། དུས་མཚུངས་སུ་དབྱངས་གསལ་སོ་བཞི་དང་། མགོ་ཏིག་ཤད་གསུམ་གྱི་རྣམ་བཞག་དང་ལྡན་པའི་ཡི་གེ་བཟོས་ཏེ། བོན་གྱི་སྒོ་བཞི་མཛོད་ལྔ་སོགས་ཀྱི་བསྟན་བཅོས་བརྩམས། དེ་ལ་མིང་དང་། ཚིག་དང་། ལེའུ་དང་། བམ་པོ་བཅས་ཀྱི་དབྱེ་བ་ཕྱེས་ཡོད་པ་འདི་དག་ནི་སྐད་ཡིག་རིག་པ་ལ་ཞིབ་འཇུག་བྱེད་པའི་དབུ་ཐོག་མར་བརྙེས་པ་ཡིན་ཞེས་ཟེར་ཆོག   ཡིན་ནའང་དུས་རབས་འདིའི་གོང་དུ་ཡི་གེའི་རྨང་གཞི་ཙམ་བྱུང་ཡོད་མེད་དང་། བྲིས་པའི་ཡིག་ཆ་ཡོད་མེད་ནི་སླད་ནས་དཔྱད་ཡུལ་ཡིན་ལ། སྐབས་འདིར་དར་སྲོལ་བྱུང་བའི་ཡི་གེ་འདིའང་དང་པོ་ཞང་ཞུང་ངམ་མངའ་རིས་ཀྱི་ཡུལ་འདི་ཙམ་ལ་དར་ཞིང་དེ་ནས་རིམ་བཞིན་དུ་དར་ཁྱབ་བྱུང་ཡོད་པ་ནི་བྱ་དངོས་ཐམས་ཅད་འཕེལ་རྒྱས་འགྲོ་ཚུལ་གྱི་ཆོས་ཉིད་ཅིག་ཡིན། གཤེན་རབ་སྐུ་གཤེགས་པའི་རྗེས་སུ་སྲས་གཏོ་བུ་འབུམ་སངས་དང་། དཔྱད་བུ་ཁྲི་ཤེས་དང་། ལུང་འདྲེན་གསལ་བ་སོགས་ཀྱིས་གཤེན་རབ་ཀྱི་གསུང་དང་། རང་གིས་ཟིན་བྲིས་བཏབ་པའི་ལྷ་གསོལ་བ་དང་། གཡང་ལེན་པ། འདྲེ་བཀར་བ། མོ་དཔྱད་སོགས་ཉེ་མཁོའི་སྐོར་དང་། བོན་ཆོས་དང་སྨན་རྩིས་སོགས་ཀྱི་ཡིག་ཆ་སྐོར་རྣམས་ཕྱོགས་སྒྲིག་དང་འཆད་ཉན་བྱས་པ་དེས་སྐད་ཡིག་རིག་པ་ཡར་རྒྱས་འགྲོ་བའི་སྐུལ་འདེད་ཆེན་པོ་བྱས་ཡོད།
          སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པའི་ནང་ཙམ་ན་སྤུ་རྒྱལ་གཉའ་ཁྲི་བཙན་པོས་ཡུལ་ཡར་ལུང་དུ་རྒྱལ་ས་བཙུགས། ཞང་ཞུང་རྒྱལ་ཕྲན་སོགས་དེང་དུས་ཀྱི་མངའ་རིས་སྐོར་གསུམ་ཕུད་པའི་བོད་ཁམས་ཡོངས་ལ་གཅིག་གྱུར་བྱས། ཞང་ཞུང་ཡུལ་ནས་གཤེན་ནམ་མཁའ་སྣང་བའི་མདོག་ཅན་གདན་དྲངས་ནས་མཆོད་གནས་མཛད། བོན་ཆོས་དང་རིག་གནས་དབུས་གཙང་གི་ཡུལ་དུ་དར་སྤེལ་བཏང་། སྐབས་དེར་བོན་ཤེས་པ་ཅན་བཅུ་གཉིས་ཞེས་པའི་ཤེས་རིག་གི་སྡེ་ཚན་མི་འདྲ་བ་བཅུ་གཉིས་བྱུང་ཡོད་པ་དེ་དག་རང་རང་གི་ཤེས་རིག་དང་འབྲེལ་བའི་ཆེད་སྤྱོད་ཀྱི་ཐ་སྙད་མང་པོར་བྱུང་ཡོད་པ་དེ་དག་རང་རང་གི་ཤེས་རིག་དང་འབྲེལ་བའི་ཆེད་སྤྱོད་ཀྱི་ཐ་སྙད་མང་པོར་བྱུང་ཡོད་པ་དེ་དག་འཇིག་རྟེན་ཕལ་པ་རྣམས་ལ་ཡོངས་སུ་མ་གྲགས་པས་མཁས་པའི་ཡིག་སྐད་ཅེས་པ་དེ་བྱུང་།
          དེ་ནས་ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་ཙམ་ན། བོད་རྒྱལ་དགུ་པ་སྤུ་དེ་གུང་རྒྱལ་གྱིས། སྔར་གྱི་བོན་བསྟན་ཉམས་པ་རྣམས་བསྐྱར་གསོ་བྱས་ཤིང་། བོན་ཁྲི་སྲིད་པའི་ཐོ་ཆེན་འཛུགས་པར་བཞེད་དེ། ཞང་ཞུང་ཡུལ་ནས་ཁྱུང་པོ་མུ་ཁྱུང་རྒྱན་དང་། ལྷ་ཁྱུང་རྒྱན་སྐུ་མཆེད་གཉིས་གདན་དྲངས་ནས་བོད་ཡུལ་དུ་འབུམ་སྡེ་ལྔ་དང་། བོན་སྒོ་བཅུ་གཉིས་དང་། བོན་གྱི་མཛོད་སྒོ་མང་པོ་དང་། ཕྲ་མོ་བཅུ་དང་། ཐེག་པ་ཐ་དད་པའི་བོན་སྒོ་མང་པོ་སྤེལ་ནས་སླར་ཡང་བསྟན་པ་དར་བ་བྱས། བོན་གྱི་རིག་གཞུང་ལ་སློབ་གཉེར་བྱེད་པའི་མཁས་པ་ཡང་མི་ཉུང་བ་ཙམ་ཐོན། དུས་དེ་ཙམ་ན་འཛམ་བུ་གླིང་གི་རྒྱན་ཆེན་པོ་དྲུག་ཅེས་པ། སྟག་གཟིག་གི་མཁས་པ་དམུ་ཙ་དྲ་ཧེ་པེ་ནི་རིག་གནས་ལྔ་ལ་མཁས་པ། རྒྱ་གར་མཁས་པ་ལྷ་བདག་སྔགས་དྲོ་ནི་ནང་རིག་པ་ལ་མཁས་པ། རྒྱ་ནག་གི་མཁས་པ་ལེགས་ཏང་རྨང་པོ་ནི་ཕྱི་རིག་པ་ལ་མཁས་པ། ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་ནི་གསོ་བ་རིག་པ་ལ་མཁས་པ། ཞང་ཞུང་གི་མཁས་པ་ཅོ་མིན་གྱེར་རྒྱུད་ནི་སྒྲ་རིག་པ་ལ་མཁས་པ། བོད་ཀྱི་མི་ཉག་གི་མཁས་པ་ནམ་ར་ཅོ་སྐུ་ནི་སྲིད་པའི་རྒྱུད་ལ་མཁས་པ་བཅས་བྱུང་ཡོད་པ་དེ་དག་བོད་ཡུལ་དབུས་སུ་བྱོན་པ་མ་གསལ་ཡང་། དེ་དག་ལ་གཏུགས་པའི་མཁས་པ་མང་པོ་བྱུང་ཡོད་ཚུལ་ལེགས་བཤད་རིན་པོ་་ཆེའི་གཏེར་མཛོད་ལས་གསལ་བ་ལྟར་ན། བར་གྱི་ལེགས་དྲུག་གི་དུས་སྐབས་ཙམ་ན།  ཞང་ཞུང་གི་ཡུལ་འདིར་སྐད་དང་ཡི་གེའི་རྣམ་བཞག་སོགས་བརྡ་སྤྲོད་རིག་པའི་སྐོར་ལ་ཞིབ་འཇུག་བྱེད་པའི་ལས་ལ་ཡར་རྒྱས་ཆེན་པོ་ཐོབ་ཡོད་པ་གསལ་ཏེ། ཡུལ་དེར་སྒྲ་རིག་པ་ལ་མཁས་པའི་ཅོ་མིན་གྱེར་རྒྱུད་ཅེས་པའི་བརྡ་སྤྲོད་མཁན་པོ་ཞིག་བྱུང་ཡོད་པ་གསལ་བའི་ཕྱིར། གཞན་ཡང་དུས་དེར་བོན་གྱི་མཁས་པ་མང་པོ། ཕྱོགས་གཞན་གྱི་མཁས་པ་རྣམས་ལ་གཏུགས་ཏེ་རང་གི་རྩོམ་རིག་རིག་གཞུང་འཕེལ་རྒྱས་གཏོང་བའི་མཛད་པ་དེ་དག་གིས་ཀྱང་བརྡ་སྤྲོད་པའི་རིག་པ་གོང་འཕེལ་འགྲོ་བའི་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད་དེ། བརྗོད་བྱར་ཆོས་དང་། ནོར་དང་། ཐར་པ་དང་། འདོད་པ་བཅས་སྡེ་བཞིའི་བསྡུས་པའི་བྱ་དངོས་མང་པོ་ཞིག་ལ། རྗོད་བྱེད་ཀྱི་མིང་དང་ཚིག་གི་ཐ་སྙད་མང་པོ་གསར་བཟོ་དང་དར་སྤེལ་བྱུང་ཡོད་པ་རེད། དེ་ལྟར་དུས་རབས་རིམ་བྱུང་གི་རིག་གནས་འཕེལ་རྒྱས་ཕྱིན་པའི་དབང་གིས་བོད་སྐད་ཀྱི་ཐ་སྙད་དེ་འཐུས་སྒོ་ཇེ་ཚང་དུ་ཕྱིན་ཡོད།
          གཉིས། བརྡ་སྤྲོད་རིག་པའི་གཞུང་དངོས་དར་ཚུལ།
          1.སྤྱི་ལོའི་དུས་རབས་བདུན་པའི་ནང་དུ་བརྡ་སྤྲོད་རིག་པ་ཐོག་མར་དར་བ། བོད་ཀྱི་བརྡ་སྤྲོད་རིག་པ་དེ་ཐུ་མི་སམ་བྷོ་ཊས་སྤྱི་ལོའི་དུས་རབས་བདུན་པའི་ནང་དུ་བརྩམས་ཡོད་པ་ནི་འཇིག་རྟེན་འདིར་ཡོངས་གྲགས་ཡིན་ལ། དེའང་ཐུ་མི་སམ་བྷོ་ཊ་ནི་སྤྱི་ལོ་619པའི་ས་ཡོས་ལོར་སྐུ་འཁྲུངས། 633པའི་ཆུ་སྦྲུལ་ལོར་རྒྱ་གར་དུ་ཕེབས་ནས། པཎྜི་ཏ་ལྷ་རིག་པའི་སེང་གེ་དང་། བྲམ་ཟེ་ལི་བི་ཀ་ར་རྣམ་གཉིས་བསྟེན་ནས་ལོ་དྲུག་ཙམ་བཞུགས། ལེགས་སྦྱར་གྱི་སྐད་ཡིག་དང་བརྡ་སྤྲོད་རིག་པའི་གཞུང་ལ་སྦྱང་པ་མཐར་ཕྱིན་པར་གནང་སྟེ་མཁས་པར་མཁྱེན། བོད་དུ་ཕྱིར་ཕེབས་པ་དང་བོད་ཀྱི་ཡིག་གཟུགས་ལ་ལེགས་བཅོས་གནང་ཞིང་། བརྡ་སྤྲོད་རིག་པའི་གཞུང་སྐབས་བརྒྱད་ཀྱི་བདག་ཉིད་ཅན་དེ་བརྩམས། (འདི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལས་མ་གསལ་ཡང་། འཕགས་ཡུལ་དུ་བྲམ་ཟེ་པ་ཎི་པས་བརྩམས་པའི་《བརྡ་སྤྲོད་པའི་རྣམ་བཞག་སྐབས་བརྒྱད་པ་》 ཞེས་པ་ཞིག་ཡོད་པ་དེ་ལ་གཞི་བཟུང་ནས་བྲིས་པ་མིན་ནམ་སྙམ་པས་དཔྱད་པར་བྱའོ་)དེ་ལ་བརྟེན་ནས་སྐད་ལས་རིགས་གཉིས་ལ་མཁས་པའི་སློབ་མ་གསོ་སྐྱོང་བྱས། རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་ལོས་བཞི་ཙམ་ལ་བཅད་རྒྱར་བཞུགས་ཏེ་བརྡ་སྤྲོད་རིག་པ་ལ་སློབ་གཉེར་གནང་། དེ་ནས་རྒྱལ་ས་པོས་ཡུལ་གྲུ་སོ་སོར་ཕོ་ཉ་བ་མངགས་ནས་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤང་ཀ་ར། ཁ་ཆེ་ཏ་ནུ། བལ་པོ་ཤཱི་ལ་མཉྫུ། རྒྱ་ནག་གི་ཧྭ་ཤང་མ་ཧཱ་དེ་བ་(འདི་ཀ་མ་ལ་ཤི་ལ་དང་རྩོད་པ་བྱེད་པའི་ཧ་ཤང་དེ་མིན་) ལོ་ཙཱ་བ་ཐུ་མི་སམ་བྷོ་ཊ། ཐུ་མིའི་སློབ་མ་དྷྭརྨ་ཀོ་ཥ། ལྷ་ལུང་རྡོ་རྗེ་དཔལ་སོགས་གདན་འཛོམས་པར་བྱས་ནས་གསུང་རབ་བོད་ཀྱི་སྐད་དུ་བསྒྱུར་བའི་ལས་གྲྭ་ཐོག་མར་བཙུགས་སོ། སྐབས་དེར་ལེགས་སྦྱར་གྱི་ཡི་གེའི་སྒྲ་ཚབ་ཏུ་བོད་ཡིག་འབྲི་བའི་སྲོལ་འདི་བྱུང་ཡོད་པར་ངེས་ལ། སླད་ནས་དེ་རིམ་པས་བཞིན་འཕེལ་རྒྱས་ཕྱིན་པ་ལ་སྔགས་ཡིག་ཟེར།
          སྐབས་དེར་བོད་སྐད་དུ་བསྒྱུར་བའི་གསུང་རབ་གཙོ་བོ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་ཅེས་པ་ནི། 1. ཟ་མ་ཏོག་བཀོད་པ། 2. ཕྱག་སྟོང་སྤྱན་སྟོང་གི་གཟུངས། 3. པདྨ་སྙིང་པོའི་མདོ། 4. ཞལ་བཅུ་གཅིག་པའི་མདོ། 5. བཅུ་གཅིག་པའི་ཞལ་གྱི་གཟུངས། 6. དོན་ཡོད་ཞགས་པ། 7. དོན་ཞགས་ཕྱི་མ། 8. པདྨ་མཆོག 9. དབང་བསྒྱུར་འཁོར་ལོ། 10. ཆོ་ག་སྔགས་ཀྱི་རྒྱུད། 11. ཡིད་བཞིན་ནོར་བུའི་གཟུངས། 12. སྙིང་རྗེ་ཆེན་པོ་མི་བཤོལ་བ། 13. འོད་ཟེར་རྣམ་བཀོད། 14. པདྨ་ཅོད་པན་གྱི་རྒྱུད། 15.ཡི་གེ་དྲུག་པའི་མདོ། 16. དམ་ཆོས་པད་དཀར། 17. པུཎྜ་རི་ཀའི་མདོ། 18. ཆུ་ཀླུང་སྣ་ཚོགས་པའི་མདོ། 19. སྣང་བ་རོལ་པའི་མདོ། 20. མཚན་བརྒྱ་རྩ་བརྒྱད་པ། 21. མཚན་རབ་ཡོངས་སུ་བསྟན་པའི་མདོ་རྣམས་སོ། གཞན་ཡང་འདུས་པ་རིན་པོ་ཆེའི་ཏོག་གི་གཟུངས། ཟླ་བ་སྒྲོན་མེའི་མདོ་སྟེ་མཚན་གཞན་དུ་མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ། མདོ་སྡེ་དཀོན་མཆོག་སྤྲིན། དམ་པ་ཏོག་དཀར་གྱི་མདོ། དགེ་བ་བཅུའི་མདོ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་སྟེ་མཚན་གཞན་འབུམ་པར་གྲགས་པ་རྣམས་ཀྱང་དུས་དེར་བསྒྱུར་བར་གྲགས་ལ། ལྷ་ཐོ་ཐོ་རི་སྙན་བཙན་གྱི་སྐབས་སུ་བྱུང་བའི་དཔང་སྐོང་ཕྱག་རྒྱ་པ་དང་། མདོ་ཟ་མ་ཏོག   ཙིནྟམ་ཎིའི་གཟུངས། མདོ་སྡེ་ལས་རྣམ་འབྱེད་རྣམས་ཀྱང་དུས་དེར་བསྒྱུར་བར་མཛད། དེ་ལྟར་གསུང་རབ་ཐོག་མར་བོད་དུ་བསྒྱུར་བའི་སྐབས་དེར་རྒྱ་གར་གྱི་རིག་གཞུང་ཁག་ཏུ་གསལ་བའི་བརྗོད་དོན་རྣམས་དང་ཉེ་བའི་མིང་དང་ཚིག་གི་ཐ་སྙད་ཕུན་སུམ་ཚོགས་པོ་ཞིག་ཡོད་པ་འདི་ནི། མེས་པོ་གོང་མ་རྣམས་ཀྱིས་བོན་ལུགས་ཀྱི་ཆོས་དང་རིག་གནས་དར་སྤེལ་བྱེད་པའི་སྐབས་སུ། ལོ་ངོ་བརྒྱ་ཕྲག་མང་པོའི་བརྒྱུད་རིམ་ནང་དུ་ཕྱོགས་བསྡུས་དང་གསར་གཏོད་བྱས་པའི་གྲུབ་འབྲས་ཤིག་ཡིན་པ་ལས། དུས་དེར་རྒྱ་གར་གྱི་རིག་གཞུང་ཁག་ཏུ་གང་ཡོད་ཀྱི་མིང་དང་། ཚིག་གི་ཐ་སྙད་དེ་དག་བོད་ཀྱི་སྐད་ལ་གསར་བཟོ་བྱེད་ཆོག་ཆོག་ཏུ་མེད་པ་ནི་རིག་པས་བརྟག་ན་ཤེས་ཐུབ།
          སྐབས་དེར་ཐུ་མི་སམ་བྷོ་ཊས་བརྩམས་པའི་བརྡ་སྤྲོད་རིག་པའི་གཞུང་དེ་ནི་ཆེས་ཆ་ཚང་བ་ཞིག་ཏུ་ཡོད་པར་ངེས་ཏེ། དེང་འདིར་བཞུགས་པའི་སུམ་རྟགས་གཉིས་ནི་སྒྲའི་སྐྱེ་གནས་དང་། རྐྱེན་གྱི་བྱེད་རྩོལ། ཕྲད་དང་རྣམ་དབྱེ། བྱ་བྱེད་ལས་གསུམ། བདག་གཞན་དུས་གསུམ་སོགས་ཀྱི་དབྱེ་བ་གསལ་པོར་ཕྱེས་ཡོད་པ་འདི་རེད།
          2. བསྟན་པ་སྔ་དར་སྐབས་སུ་བརྡ་སྤྲོད་རིག་པ་དར་རྒྱས་བྱུང་བ། དེའང་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་ན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་ནས་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། མཁན་པོ་བོ་ངྷི་སྭ་ཏྭ་སོགས་རྒྱ་གར་གྱི་པཎྜི་ཏ་མང་པོ་བོད་དུ་གདན་འདྲེན་ཞུས། བོད་དུ་བེེ་རོ་ཙ་ན། ལྡན་མ་རྩེ་མང་།  ཁ་ཆེ་ཨ་ནནྟ་སྟེ་ལོ་ཙཱ་བ་རྒན་པ་གསུམ། གཉགས་ཛྙ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་བར་པ་གསུམ། ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་གཞོན་ནུ་གསུམ་བཅས་ལོ་ཙཱ་བ་རབ་དགུར་གྲགས་པ་གསོ་སྐྱོང་གནང་སྟེ། མདོ་སྔགས་ཀྱི་གསུང་རབ་མང་པོ་བོད་སྐད་དུ་བསྒྱུར་ཞིང་དཀར་ཆག་ལྡན་དཀར་མ་བརྩམས། དུས་དེར་བྱུང་བའི་བརྡ་སྤྲོད་རིག་པའི་གཞུང་ལུགས་གྲགས་ཆེ་ཤོས་ནི། 《གནས་བརྒྱད་རྩ་འགྲེལ་》ཞེས་པ་དེ་ཡིན་ཞིང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལས་གཞུང་འདི་རྩོམ་པ་པོ་ལོ་ཙཱ་བ་ལྕེ་ཁྱི་འབྲུག་ཡིན་པར་བཤད་ཀྱང་། བེ་དཀར་གཡའ་སེལ་ལས། ལྕེ་ཁྱི་འབྲུག་གིས་བསྒྱུར་བར་བཤད། གང་ལྟར་ཡང་གཞུང་འདི་ནི་ཆ་ཧ་ཅང་ཚང་བ་ཞིག་སྟེ། བྱེད་པའི་གནས་དང་། བསྡུ་བའི་གནས། བསྒྱུར་བའི་གནས། དྲང་བའི་གནས། འཇུག་པའི་གནས། རྣམ་པར་དབྱེ་བའི་གནས། ཕྱོགས་ཀྱི་གནས། དངོས་པོའི་གནས་བཅས་གནས་བརྒྱད་ཀྱི་སྒོ་ནས་བསྟན་པ་ཞིག་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་པའི་རྗེས་སུ་ལོ་ཙཱ་བ་གཞོན་པ་སྐ་ཅོག་ཞང་གསུམ་གྱིས་ཡི་གེ་ཟོར་ཡང་བའི་ཆེད་དུ་དགོས་པ་ཆེར་མེད་པའི་མགོ་འདོགས་ཀྱི་ཡི་གེ་ཁ་ཤས་འཕྲི་བ་དང་། མིང་རྐྱང་གི་ཡི་གེ་རྣམས་ཀྱང་སོ་སོའི་སྒྲ་གདངས་དྲག་ཞན་གྱི་འགྲོས་དང་བསྟུན་ནས་བརྗོད་བདེ་བའི་ཚིག་གྲོགས་དང་སྦྱར་ནས་བཟོ་བཅོས་བྱས་པ་ལ་སྐད་གསར་བཅད་ཐེངས་དང་པོ་ཞེས་ཟེར་སྲོལ་བྱུང་ཡོད།
          སྤྱི་ལོའི་དུས་རབས་དགུ་པའི་དུས་སྟོད་ཙམ་དུ་མངའ་བདག་ཁྲི་རལ་པ་ཅན་གྱི་སྐབས་སུ་སྐད་ཡིག་དར་རྒྱས་བྱུང་བའི་ཚུལ་མཁས་པའི་དགའ་སྟོན་ལས། “སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཆོས་ཀྱི་བརྡ་བོད་སྐད་ལ་མ་གྲགས་པ་མང་བ་ཞིག་རྒྱ་ནག་དང་། ལི་ཡུལ་དང་། ཡུལ་དབུས་དང་། ཟ་ཧོར་དང་། ཁ་ཆེ་སོགས་སྣ་ཚོགས་ནས་བསྒྱུར་བས་བརྡ་མི་འདྲ་བ་མང་པོས་མི་གོ་ཞིང་སློབ་དཀའ་བར་གཟིགས་ནས། ཉི་འོག་གི་མཁན་པོ་ཨ་ཙརྱ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཤཱི་ལེནྡྲ་བོ་དྷི་དང་། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་དྷྭརྨ་རཀྵི་ཏ་དང་། དྷྭརྨ་ཏཱ་ཤཱི་ལ་དང་། ལོ་ཙཱ་བ་མཁས་པ་ཛྙཱ་ན་སེ་ན་དང་། ཛ་ཡ་རཀྵི་ཏ་དང་། མཛྙུ་ཤྲི་ཝརྨ་དང་། རཏྣེནྡྲ་ཤཱི་ལ་ལ་སོགས་པ་རྣམས་ལ་ཐེག་པ་ཆེ་ཆུང་ལས་བྱུང་བའི་ཆོས་རྣམས་རྒྱ་གར་གྱི་ཡུལ་དབུས་ལས་བྱུང་བའི་བརྡ་དང་མཐུན་པར་བསྒྱུར་ཞིང་ཀུན་གྱིས་སློབ་ཏུ་རུང་ན། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་བ་དང་། ཆད་ལྷག་སྤང་པའི་ཕྱིར་དཀར་ཆགས་ཀྱང་བྲིས་ཤིག་ཅེས་བཀའ་བསྩལ་ཏེ། ལོ་པཎ་དེ་རྣམས་དང་ཁྱད་པར་དྲིན་ཆེན་གྱི་ལོ་པཎ་གསུམ་ཞེས་གྲགས་པ་ཛི་ན་མི་ཏྲ་དང་། ད་ནི་ཤཱི་ལ་དང་། ཞང་ཡེ་ཤེས་སྡེ་གསུམ་གྱིས་གཏན་ལ་ཕབ་སྟེ་གནའི་བརྡ་གོ་དཀའ་བ་རྣམས་དོར་ནས་ཡུལ་དབུས་དང་མཐུན་པའི་གོ་སླ་ཞིང་འདོན་བདེ་བར་བྱས། ཡི་གེ་ཉུང་བའི་ཆེད་དུ་མ་མྱ་ད་དྲག་རྐྱང་པའི་འ་བརྟེན་སོགས་དོར་ཏེ། གཞུང་ཚད་རྣམས་ཀྱང་བམ་གྲངས་སོགས་ངེས་པར་དཀར་ཆག་ཏུ་བསྣན་ཏེ། སྤྱིར་ཁྲི་སྲོང་གི་དུས་ཀྱི་དཀར་ཆག་ཕོ་བྲང་ལྡན་དཀར་མ་དང་། ཕྱིས་མཆིམས་ཕུར་མ་དང་འཕང་ཐང་མ་སྟེ་གསུམ་དུ་བྱུང་ལ་དཀོར་མཛོད་དུ་བཀའ་གཙིགས་ཀྱི་ཟླ་ལ་གཅེས་སྤྲས་སུ་འཇོག་གོ།” ཅེས་གསུངས་པ་འདི་ནི་ལོ་པཎ་རྣམས་ཀྱིས་བྱས་པའི་སྐད་གསར་བཅད་གཉིས་པ་ཡིན། དུས་དེར་《སྒྲ་སྦྱོར་བམ་གཉིས་》དང་། 《བྱེ་བྲག་རྟོགས་བྱེད་ཆེན་མོ་》 《ཆོས་ཀྱི་རྣམ་གྲངས་》སོགས་ཚིག་མཛོད་ཀྱང་མང་པོ་ཞིག་བརྩམས་གྲུབ་བྱུང་ཡོད།”
          3. བསྟན་པ་ཕྱི་དར་གྱི་སྐབས་སུ་བརྡ་སྤྲོད་རིག་པ་ཉམས་གསོ་བྱུང་ཚུལ། སྤྱི་ལོ་841པའི་ལྕགས་བྱ་ལོར་བོད་རྒྱལ་གླང་དར་མ་དཀྲོངས་ཤིང་དབུ་གཡོ་ཕྱོགས་གཉིས་སུ་གྱེས་ཏེ་ནང་འཁྲུག་བྱུང་བའི་རྐྱེན་གྱིས་སྤྱི་ལོ་869པའི་ས་གླང་ལོར་འབངས་གྱེན་ལོག་བྱས་ཏེ་བོད་ཀྱི་སྲིད་་དབང་སིལ་བུར་འཐོར། ཆོས་དང་རིག་གནས་མཐའ་དག་ལ་ཉམས་རྒུད་ཚབས་ཆེན་ཐེབས། དེ་ནས་སྤྱི་ལོའི་དུས་རབས་བཅུ་པའི་དུས་དཀྱིལ་ཙམ་དུ་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། མར་པ་ཆོས་ཀྱི་བློ་གྲོས་སོགས་ཀྱིས་སྒྲ་རིག་པ་ལ་སློབ་གཉེར་དང་དར་སྤེལ་མ་བྱས་ཀྱི་བར་དུ། ལོ་གྲངས་བརྒྱད་ཅུར་ཉེ་སྐོར་ཞིག་གི་རིང་ལ་བརྡ་སྤྲོད་པའི་སྐོར་ལག་ལེན་དང་ཞིབ་འཇུག་བྱེད་མཁན་མེད་པ་མ་ཟད། བརྡ་སྤྲོད་རིག་པའི་གཞུང་བརྒྱད་ལས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་མ་གཏོགས་པའི་གཞུང་གཞན་དྲུག་པོ་བརླགས་ཟིན་སྟབས། དུས་དེར་ཐོག་མར་བརྡ་སྤྲོད་རིག་པ་ཉམས་གསོ་དང་ཞིབ་འཇུག་བྱེད་རྒྱུར་དཀའ་བལ་མི་ཉུང་བ་ཞིག་འཕྲད་ཡོད་པ་རེད། སྐབས་དེར་ལོ་ཙཱ་བ་རིན་ཆེན་བཟང་པོས་གཙོ་བོར་མཛད་ནས་སྔར་འགྱུར་ནང་གི་བརྡ་རྙིང་པ་རྣམས་སྐད་གསར་པ་དང་བསྟུན་ནས་དག་བཅོས་བྱས་ཏེ་གཏན་ལ་ཕབ་པ་ལ་སྐད་གསར་བཅད་གསུམ་པ་ཟེར་བ་དེ་རེད། ཐོག་མར་བརྡ་སྤྲོད་རིག་པ་ལ་ཞིབ་འཇུག་བྱས་ནས་རྩོམ་པའི་སྐོར་ལ་པཎྜི་ཏ་སྨྲི་ཏི་ཛ་ནས་མཛད་པའི་《སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་》དང་། རྔོག་ལོ་ཆེན་པོས་མཛད་པའི་《དག་ཡིག་ཉེར་མཁོ་》 ས་སྐྱ་བསོད་ནམས་རྩེ་མོས་མཛད་པའི་《བྱིས་པ་བདེ་འཇུག་》ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་《སྒྲ་འཇུག་》དང་《ཚིག་གཏེར་》དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་མཛད་པའི་《ཚོགས་གསུམ་གསལ་བ་》 སོགས་བྱུང་ཡོད་པ་དེ་དག་ལས། 《བྱིས་པ་བདེ་འཇུག་》ཏུ་བོད་ཡིག་གི་དབྱངས་གསལ་སོ་བཞིའི་ངོ་བོ་དང་། དབྱེ་བ། སྒྲའི་སྐྱེ་གནས། རྐྱེན་གྱི་བྱེད་རྩོལ།ཀློག་པའི་ཐབས་སོགས་རེ་རེ་བཞིན་དཔྱད་པ་གསུམ་གྱི་སྒོ་ནས་གཏན་ལ་ཕབ་ཡོད་པ་མ་ཟད། མིང་གཞིའི་ཡི་གེ་རྣམས་ལ་བརྩེགས་འདོགས་འཕུལ་བརྟེན་དབྱངས་དང་བཅས་པ་སྦྱར་ནས་ཀློག་ཚེ། བརྗོད་དུ་རུང་བའི་སྒྲ་གདངས་ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ཞེ་ལྔ་ཡོད་པ་དང་། དེ་དག་ལས་བོད་ལ་ཉེ་བར་མཁོ་བའི་ཡི་གེ་སྟོང་ཕྲག་བརྒྱད་ཙམ་ཡོད་པ་གཏན་འབེབས་གནང་ཡོད་པ་འདི་ནི་དེང་དུས་ཀྱང་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་ཚད་མར་འཛིན་པའི་བསྟན་བཅོས་ཤིག་ཡིན།
          སྐབས་དེར་ས་སྐྱའི་དགོན་པ་འདིར་བོད་ཀྱི་རིག་གནས་གོང་འཕེལ་གཏོང་ཡུལ་གྱི་ལྟེ་གནས་ཤིག་ཆགས་ཡོད་པས། དེ་གར་བོད་ཀྱི་བརྡ་སྤྲོད་རིག་པ་ལ་ཞིབ་འཇུག་བྱེད་པ་དང་དུས་མཚུངས་སུ་ལེགས་སྦྱར་གྱི་སྒྲ་གཞུང་རྣམས་བོད་སྐད་དུ་བསྒྱུར་ཅིང་ཕན་ཚུན་གོ་བསྡུར་དང་ཞིབ་འཇུག་བྱས་ཡོད་པ་སྟེ། རབ་བྱུང་བཞི་པའི་ནང་ཙམ་དུ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སྒྲ་གཞུང་ཙནྡྲ་པ་དང་། ཀ་ལཱ་པ་གཉིས་བོད་ཡིག་ཏུ་བསྒྱུར་ཅིང་འཆད་ཉན་དར་སྤེལ་བྱས། དཔང་ལོ་བློ་གྲོས་བརྟན་པས་ཀ་ལཱ་པའི་གཞུང་ལ་འགྲེལ་པ་དུར་སིང་སོགས་བརྩམས། ཙནྡྲ་པའི་གཞུང་ལ་ལོ་ཆེན་ཐུགས་རྗེ་དཔལ་བ་དང་། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པ་སོགས་འགྲེལ་པ་འགའ་ཞིག་བྱུང་། དེ་རྗེས་རབ་བྱུང་བཅུ་པའི་ནང་ཙམ་དུ་ཇོ་ནང་ཏ་རཱ་ན་ཐས་དབྱངས་ཅན་སྒྲ་མདོ་བོད་ཡིག་ཏུ་བསྒྱུར་ཅིང་སྒྲ་འགྲེལ་ཆེན་མོ་མཛད་དེ་འཆད་ཉན་སྔར་ལས་རྒྱས་པར་བྱུང་། དེ་རྗེས་འདར་ལོ་ཚེ་དབང་རབ་བརྟན་གྱིས་འགྱུར་བཅོས་མཛད་ཅིང་འགྲེལ་པ་གསལ་ལྡན་ཞེས་པ་མཛད་པ་ནི་དེང་སང་སྡེ་དགེའི་བསྟན་འགྱུར་གྱི་པར་ཤིང་ཁྲོད་དུ་བཞུགས་པ་འདི་ཉིད་ཡིན་པས་འཕྲིན་ལས་ཤིན་ཏུ་ཆེ།
          དེ་ལྟར་དུས་རབས་རིམ་བྱུང་གི་ནང་དུ་བོད་ཀྱི་མཁས་པ་མང་པོ་ཞིག་གིས་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཉམས་རྒུད་སོང་བ་དེ་དག་ཉམས་གསོ་བྱེད་པའི་ཆེད་དུ། ལེགས་སྦྱར་གྱི་སྒྲ་རིག་པའི་གཞུང་ལ་ཐུགས་བརྩོན་མཐར་ཕྱིན་གནང་། དེའི་འགྲོས་དང་བསྟུན་ནས་ཕྲད་དང་རྣམ་དབྱེའི་སྐོར་དང་། བྱ་བྱེད་ཀྱི་སྐོར་མང་པོ་ཡང་དག་པའི་སྒོ་ནས་གཏན་འབེབས་བྱས་པ་མ་ཟད། ཡི་གེ་རྣམས་ཀྱི་སྒྲའི་སྐྱེ་གནས་ཀྱང་ལེགས་སྦྱར་ལྟར་བརྒྱད་དུ་ངོས་འཛིན་བྱས་ཡོད་པ་རེད། རྗེས་འཇུག་གི་ཡི་གེ་རྣམས་སྤྱིའི་དབྱེ་བ་དང་། བྱེ་བྲག་གི་དབྱེ་བ་ཕྱེ་བའི་སྐབས་སུ་སོ་སོའི་བློ་ཚད་དང་བསྟུན་པའི་ངོས་འཛིན་སྟངས་མི་འདྲ་བ་མང་པོ་ཞིག་བྱུང་ཡོད་པར་སྣང་ཡང་། དཔྱད་པ་འདི་དག་གིས་རིག་པ་འདི་ཉིད་ཡང་དག་པའི་ལམ་ལ་འདེད་པའི་མཐུན་རྐྱེན་བཟང་པོ་ཞིག་བྱས་ཡོད། རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་མི་འདྲ་བར་བྱུང་བའི་སྐོར་རྣམས་མཁས་པ་དག་གི་བཞེད་ཚུལ་མི་འདྲ་བ་རེའུ་མིག་ཏུ་བཀོད་པ་འདི་ལྟར། 
༄།རྗེས་འཇུག་གི་ཡི་གེ་རྣམས་ལ་རྟགས་གསུམ་དུ་དབྱེ་བའི་སྐབས་སྔོན་བྱོན་མཁས་པའི་བཞེད་པ་དུ་མའི་རེའུ་མིག
           4. བརྡ་སྤྲོད་རིག་པ་དེ་གཅིག་གྱུར་ཅན་དང་། ཆ་ཡོངས་སུ་ཚང་བའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ། དེའང་གངས་རིའི་ལྗོངས་འདིར་བརྡ་སྤྲོད་སྨྲ་བ་ལ་ཐུ་མི་གཉིས་པར་གྲགས་པའི་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་སྟེ་སྤྱི་ལོ་1700ལོར་མདོ་ཁམས་སྡེ་དགེའི་ཡུལ་གྲུའི་ནང་ཚན་ཨ་ལོ་དིང་རི་སྒང་དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་དཔལ་འབྱོར་དགོན་དུ་སློབ་སྦྱོང་གི་གྲལ་དུ་ཞུགས་པས་མཁས་པའི་མཚན་སྙན་རྒྱས། སྐུ་ནར་སོན་པ་དང་མདོ་དབུས་ཁམས་གསུམ་གྱིས་མཚོན་བོད་ཁམས་ཡོངས་ཀྱི་ས་གནས་ཁག་ལ་ཞབས་ཀྱིས་བཅགས་ནས་རིག་གནས་སྤྱི་དང་། ཁྱད་པར་བརྡ་སྤྲོད་རིག་པའི་སྐོར་ལ་ཞིབ་འཇུག་གནང་ཆེད། ཡུལ་གྲུ་མང་པོའི་སྐད་གདངས་ལ་བརྟག་དཔྱད་དང་ཞིབ་འཇུག་གནང་བ་མ་ཟད། བལ་ཡུལ་དང་རྒྱ་གར་སོགས་སུ་ཕེབས་ནས་མི་རིགས་དེ་དག་གི་སྐད་ཡིག་དང་བརྡ་སྤྲོད་རིག་པའི་གཞུང་ལ་གསན་སྦྱོང་མཐར་ཕྱིན་པ་མཛད། སྔར་གྱི་་མཁས་པ་རྣམས་ཀྱིས་མཛད་པའི་སྒྲ་གཞུང་ཀ་ཙན་དབྱངས་གསུམ་ཐམས་ཅད་གསར་འགྱུར་མཛད། ཁྱད་པར་དུ་ཙནྡྲ་པའི་གཞུང་ལ་སྔར་མེད་པའི་འགྲེལ་ཆེན་པུ་སྟེ་གཉིས་མཛད་པ་ལ་སི་ཏུའི་སྒྲ་འགྲེལ་ཆེན་མོ་ཞེས་གྲགས། འཇང་ཡུལ་དུ་བྱོན་པའི་ཞོར་དུ་ཉེ་སྐོར་གྱི་རྒྱ་ནག་གི་ཡུལ་འགའ་ཞིག་ལ་ཕེབས་ནས་རྒྱ་ནག་གི་སྐད་ཡིག་ཀྱང་སྦྱངས་ཤིང་། རྒྱའི་གསོ་བ་རིག་པ་དང་། ཞིང་རྩིས་སོགས་པུ་སྟེ་ཁ་ཤས་བོད་ཡིག་ཏུ་བསྒྱུར་ཅིང་ཤིང་པར་བརྐོས་པ་དེང་དུས་ཀྱང་བཞུགས།
           དེ་ལྟར་འཕགས་བོད་གཉིས་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཕན་ཚུན་གོ་བསྡུར་གྱི་སྒོ་ནས་ཞིབ་འཇུག་མཛད། བོད་ཀྱི་བརྡ་སྤྲོད་རིག་པ་ལ་མཁོ་བའི་ལེགས་ཆ་རྣམས་བླངས་ཏེ་སྔར་ཉམས་པ་རྣམས་བསྐྱར་གསོ་དང་། སུམ་རྟགས་གཉིས་ཀྱི་གཞུང་ལ་རྒྱས་འགྲེལ་མཛད། ལེགས་སྦྱར་གྱི་ཡི་གེ་ལ་སྒྲའི་སྐྱེ་གནས་བརྒྱད་ཅེས་བགྲངས་བ་དེ་ཉིད། བོད་སྐད་ལ་སྐྱེ་གནས་མགྲིན་པ། རྐན།  སོ།  མཆུ།  ལྕེ། སྣ་བཅས་དྲུག་ལས་མེད་པ་གཏན་འབེབས་གནང་། རྗེས་འཇུག་གི་ཡི་གེ་རྣམས་མིང་གཞིའི་ཡི་གེ་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་ཀྱི་འགྱུར་ཚུལ་ཆོས་ཉིད་དང་མཐུན་པར་ངོས་འཛིན་གནང་སྟེ་ཕོ་མོ་མ་ནིང་སོགས་ཀྱི་དབྱེ་བ་གསར་དུ་ཕྱེས་པ། དེའང་ག་ད་བ་ས་བཞི་ཕོ། ང་མ་འ་གསུམ་མོ། ན་ར་ལ་གསུམ་མ་ནིང་བཅས་སྤྱིར་རྟགས་གསུམ་དུ་དབྱེ་བ་དང་། བྱེ་བྲག་ནང་གསེས་ཀྱི་དབྱེ་བའི་སྐབས་སུ་རྗེས་འཇུག་ག་ལ་ཡང་འཇུག་ས་ཞུགས་པ་སྐྱེས་བུ་རབ་དང་། བ་ལ་ཡང་འཇུག་ཞུགས་པ་སྐྱེས་བུ་འབྲིང་། དེ་རྣམས་ཡང་འཇུག་མེད་པ་མིང་གཞི་རྣམས་ལ་འཇུག་པའི་ཚེ་སྐྱེས་བུ་ཐ་མ། རྗེས་འཇུག་མོ་ཡིག་དང་མ་གཉིས་ལ་ཡང་འཇུག་དང་བཅས་པ་མིང་གཞི་རྣམས་ལ་ཞུགས་པའི་ཚེ་མོ་ཙམ་དང་། ང་མ་གཉིས་དང་འ་ཡིག་མཐའ་ཅན་རྣམས་ནི་ཤིན་ཏུ་མོ། རྗེས་འཇུག་མ་ནིང་ན་ར་ལ་གསུམ་མིང་གཞི་ཕོ་ལ་ཡང་འཇུག་ཡོད་མེད་གང་ལྟར་ཞུགས་ཀྱང་སྒྲ་དྲག་པ་དང་། མིང་གཞི་མོ་ལ་ཡང་འཇུག་མེད་པར་ཞུགས་ན་སྒྲ་གདངས་ཞན་པར་འགྱུར་བས་དེ་གཉིས་ལ་འགྱུར་བ་མ་ནིང་། མིང་གཞི་མོ་ལ་ཡང་འཇུག་དང་བཅས་པ་ཞུགས་ན་དྲག་ཞན་གཉིས་ཀ་ཐོན་པས་མཚན་གཉིས་མ་ནིང་།  མིང་གཞི་མ་ནིང་ལ་ཡང་འཇུག་ཡོད་མེད་གང་ལྟར་ཞུགས་ཀྱང་སྒྲ་གདངས་བར་མ་རུ་གནས་པ་མཚན་མེད་མ་ནིང་ཞེས་གཏན་ལ་ཕབ། སུམ་ཅུ་པའི་སྐབས་སུ་བྱུང་བའི་ནོར་འཁྲུལ་ཅན་གྱི་ལྟ་བ་འགའ་ཞིག་བྱུང་བ་དག་སུན་འབྱིན་དང་། ལ་དོན་་སོགས་ཕྲད་དང་རྣམ་དབྱེའི་སྐོར་གྱི་དཀའ་གནད་འགའ་ཞིག་ལ་མཐའ་དཔྱད་དང་ཐག་གཅོད་གནང་བའི་ལེགས་བཤད་དུ་མའི་དཔལ་གྱིས་ཕྱུག་པའི་སུམ་རྟགས་འགྲེལ་ཆེན་《མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་》ཞེས་པ་དེ་བརྩམས་ཤིང་འཆད་ཉན་དང་དར་སྤེལ་བྱས་པ་ནས་བཟུང་། བོད་ཀྱི་བརྡ་སྤྲོད་རིག་པའི་ཞིབ་འཇུག་གི་ཁ་ཕྱོགས་དེ་བརྒྱ་ཆ་གོ་དགུ་ཙམ་གཅིག་གྱུར་གྱི་ཕྱོགས་སུ་ཕྱིན་ཡོད་པ་རེད།  དེ་ལྟར་སུམ་རྟགས་ཀྱི་གཞུང་དེ་ཉིད་དུས་ཡུན་ཐུང་ངུ་ཙམ་གྱི་ནང་དུ་བོད་ཁམས་ཡོངས་ལ་བདེ་བླག་ཏུ་དར་ཁྱབ་ཕྱིན་པའི་རྒྱུ་མཚན་གཙོ་བོ་དེ། བོད་ས་གནས་སྲིད་གཞུང་གི་མཐོ་རིམ་མི་སྣའི་སྐུལ་འདེད་དང་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་ཡོད་པ་སུམ་རྟགས་འགྲེལ་ཆེན་གྱི་མཇུག་ཏུ་“སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་གི་རྒྱས་འགྲེལ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་འདི་ནི་དོན་གཉེར་ཅན་དུ་མས་སྔོན་དུ་ཡང་ཡང་བསྐུལ་བ་ལ་བརྟེན་ནས་ལྡོམ་བུ་པ་གཙུག་ལག་ཆོས་ཀྱི་སྣང་བ་ཞེས་བྱ་བས་རང་ལོ་སུམ་ཅུ་པ་ལ་གཞུང་སྔ་མའི་འགྲེལ་པ་བརྩམས་པ་གཡེང་བའི་རྐྱེན་དུ་མས་འཕྲོ་ལུས་ཤིང་། སླར་རང་ལོ་སུམ་ཅུ་རྩ་བདུན་དུ་སོན་པ་མེ་འབྲུག་ལོར། གྲུབ་པའི་རིགས་སུ་འཁྲུངས་ཤིང་གཙུག་ལག་མང་པོར་གཟིགས་པའི་སྤྱན་རས་པད་མའི་འདབ་མ་ལྟར་ཡངས་བའི་གངས་ཅན་གྱི་སའི་དབང་ཕྱུག་དམ་པའི་བཀའི་མདུན་ན་འདོན་ཆེན་པོར་གྱུར་པ་ཞབས་དྲུང་མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱི་ཞལ་སྔ་ནས་མེ་ཏོག་དང་བཅས་ཏེ་དངོས་སུ་སྐུལ་བར་མཛད་པ་དང་། སླར་ཡང་བཀའ་དྲིན་གྱི་སྒོ་ནས་ཡང་ཡང་སྐུལ་བར་མཛད་པས་བཀའ་བཞིན་བགྱིད་པར་ཡིད་ལ་བརྣག་ཀྱང་སྐབས་འགར་བསྙེན་སྒྲུབ་སོགས་ཆོས་ལྡན་གྱི་བྱ་བ་དང་ཕལ་ཆེར་བཟློག་ཏུ་མེད་པའི་གཞན་དབང་གི་ཁོལ་པོ་ཉིད་དུ་འཕྱན་པའི་རྣམ་པར་གཡེང་བ་བར་མེད་དུ་གཏིབས་པས་རེ་ཞིག་འགྱང་ཡང་། རང་ལོ་བཞི་བཅུ་རྩ་ལྔ་པར་སོན་པ་རབ་བྱུང་བཅུ་གཉིས་པ་མིག་དམར་ཤིང་ཕོ་བྱི་བའི་ལོར་སྔར་བརྩམས་ཟིན་པ་རྣམས་ལ་དག་ཐེར་དང་། སྔ་མའི་འཕྲོས་དང་རྟགས་འཇུག་གི་འགྲེལ་པ་བཅས་སྤོ་ཟླའི་དབང་ཕྱོགས་ཟླ་བ་གྲོ་ཞུན་གྱི་འགྲུབ་སྦྱོར་དང་ལྡན་པའི་རྒྱལ་བའི་ཚེས་ཀྱི་ནམ་ལངས་འཁྲུལ་མེད་བདུད་རྩིའི་ཐུན་དང་ལྡན་པའི་དུས་དགེ་བ་ཐུབ་བསྟན་ཆོས་འཁོར་གྱི་གཙུག་ལག་ཁང་དུ་ཡོངས་སུ་གྲུབ་པ་འདིའི་དགེ་བས་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་ལུས་ཅན་མཐའ་དག་སྨྲ་བའི་དབང་ཕྱུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་གྱུར་ཅིག་”ཅེས་པ་ལ་བརྟགས་ན་ཤེས་སོ།
           དེ་ནས་བཟུང་བོད་ཀྱི་བརྡ་སྤྲོད་རིག་པ་དེ་གཅིག་གྱུར་ཅན་དང་། ཆ་ཡོངས་སུ་ཚང་བའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད་པ་སྟེ། ཀརྨ་སྨོན་ལམ་འོད་ཟེར་ལྷག་བསམ་བསྟན་པའི་རྒྱལ་མཚན་གྱིས་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་མཛད་པའི་《སུམ་རྟགས་འགྲེལ་པ་ལེགས་བཤད་སྣང་བ་》(ལྷག་བསམ་སུམ་རྟགས་)དངུལ་ཆུ་དྷྭརྨ་བ་དྲས་རབ་བྱུང་བཅུ་བཞི་པའི་མེ་སྟག་སྟེ་སྤྱི་ལོ་1866ལོར་བརྩམས་པའི་སུམ་རྟགས་འགྲེལ་པ་《སི་ཏུའི་ཞལ་ལུང་》གསེར་ཏོག་ཚུལ་ཁྲིམས་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་ལྕགས་ཡོས་སྤྱི་ལོ་1891ལོར་བརྩམས་པའི་སུམ་རྟགས་འགྲེལ་པ་《ངོ་མཚར་འཕྲུལ་གྱི་ལྡེའུ་མིག་》ཞེ་ཆེན་རྒྱལ་ཚབ་པདྨ་འགྱུར་མེད་རྣམ་རྒྱལ་གྱིས་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་སྟེ་སྤྱི་ལོ་1922ལོར་བརྩམས་པའི་སུམ་རྟགས་འགྲེལ་པ་《བློ་གསལ་མགུལ་རྒྱན་》སོགས་མདོ་དབུས་ཁམས་གསུམ་གྱི་མཁས་པ་རྣམས་ཀྱིས་བརྩམས་པའི་སུམ་རྟགས་འགྲེལ་པ་ཐམས་ཅད་ཀྱི་ཁུངས་དེ་《སི་ཏུའི་འགྲེལ་ཆེན་》ལ་བཅོལ་ནས་བརྩམས་ཡོད་པ་གསལ་ལོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1