༄༅།། གེ་རྒྱལ་པདྨ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-02


མེས་པོའི་དབྱངས་རྟ་འཚོལ་མཁན། གེ་རྒྱལ་པདྨ།

        སྤྱི་ཕན་གྱི་ལས་ལ་གཞོལ་བཞིན་པའི་བོད་ཀྱི་ན་གཞོན་གླུ་པ་གེ་རྒྱལ་པདྨ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་དུ་འཚར་ལོངས་བྱུང་ཞིང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་གླུ་གཞས་སྒྱུ་རྩལ་གྱི་ལམ་ལ་ཞུགས་ནས་ཉན་མཁན་མང་པོའི་ཡིད་ཀྱི་དང་བ་འདྲེན་པའི་གླུ་དབྱངས་མང་པོ་གསར་བརྩམས་བྱས་པར་མ་ཟད། སྲོལ་རྒྱུན་གླུ་གཞས་འཚོལ་སྡུད་དང་མྱུར་སྐྱོབ་ཀྱི་ལས་ལའང་འབད་མུས་སུ་མཆིས།
        ཁོ་རང་ནམ་རྒྱུན་དམངས་ཁྲོད་སྒྱུ་རྩལ་པ་དང་ཉེ་བར་བཅར་ནས་དུས་རབས་ཀྱི་རླབས་རྒྱུན་ཁྲོད་ཉམས་ལ་ཉེ་བའི་གླུ་གཞས་ཀྱི་དབྱངས་རྟ་འཚོལ་སྡུད་དང་མི་རབས་འདིའི་དྲན་ངོགས་ན་ག་ལེར་ཡལ་བཞིན་པའི་སྒྱུ་རྩལ་པ་རྒན་པ་དག་གི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ལ་གཟབ་ཉན་བྱས་ནས་སྲོལ་རྒྱུན་གླུ་གཞས་དང་དེང་གཞས་ཀྱི་མཐུན་སྦྱོར་ལ་མནོ་བསམ་གཏོང་འགོ་བརྩམས། ལས་གཉེར་གྱི་གོ་རིམ་ཁྲོད་ཁོ་ལ་སྲོལ་རྒྱུན་གྱི་གླུ་གཞས་ནི་གངས་རི་བཞིན་དཔང་མཐོ་ལ་རྒྱ་མཚོ་བཞིན་གཏིང་ཟབ་པ། རྩྭ་ཐང་བཞིན་རྒྱ་ཆེ་བའི་ངེས་ཤེས་འདྲོངས་ཤིང་། དམངས་གཞས་དག་ལས་གླུ་གཞས་གསར་རྩོམ་གྱི་སེམས་ཚོར་དང་དབྱངས་རྟ་ནང་འདྲེན་བྱས་ཕྱིན་ཁོའི་གླུ་གཞས་ལ་སྲོལ་རྒྱུན་གླུ་གཞས་ཀྱི་སྲོག་མ་བོར་ཞིང་དུས་རབས་ཀྱི་འཕེལ་འགྱུར་དང་མཐུན་པའི་ཁྱད་ཆོས་ལྡན།
        བོད་ཀྱི་སྲོལ་རྒྱུན་གླུ་གཞས་ཀྱི་རྩ་བ་དམངས་ཁྲོད་དུ་ཡོད་པ་དང་སྒྱུ་རྩལ་པ་རྒན་པ་དག་ནི་གླུ་གཞས་སྒྱུ་རྩལ་གྱི་རྒྱུན་འཛིན་པ་ཡིན་པའི་དངོས་ཡོད་ལ་གཞིགས་ཏེ། གེ་རྒྱལ་པདྨ་ཡིས་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་རྒན་པ་དག་ལ་བཅར་འདྲི་བྱེད་འགོ་བརྩམས། སྔ་རྗེས་སུ་ཡུལ་ལུང་སོ་སོར་ཕྱིན་ནས་སྒྱུ་རྩལ་པ་དྲུག་ཅུ་ལྷག་ལ་བཅར་འདྲི་དང་དམངས་ཁྲོད་གླུ་གཞས་བརྒྱ་ལྷག་ཟིན་ཐོར་བཀོད། གཞན་བཅར་འདྲི་དང་ཟིན་ཐོར་བཀོད་པའི་གླུ་གཞས་དེ་དག་ཕབ་བསྐྲུན་སྒྲིག་སྦྱོར་བྱས་ཏེ་གླུ་གཞས་སྒྱུ་རྩལ་ལ་དུངས་ཞེན་ཟབ་པའི་སྐལ་ལྡན་རྣམས་ལ་སེམས་ཀྱི་ལོངས་སྤྱོད་དུ་སྐྱེས་སུ་ཕུལ་བར་སྤྱི་ཚོགས་ཡོངས་ནས་གདེང་འཇོག་དང་དགའ་བསུ་ཆེན་པོ་ཐོབ། ཡུལ་དུས་ཀྱི་དབང་གིས་དམངས་ཁྲོད་ཀྱི་གླུ་གཞས་སྒྱུ་རྩལ་བ་དག་གི་དྭངས་གཙང་གི་སྨོན་འདུན་ལ་བརྒྱུས་པའི་གླུ་སྐད་དག་སྔར་ལས་མང་པོའི་ཉན་མཁན་གྱི་སྙན་དབང་གསོ་བའི་བདུད་རྩི་རུ་གྱུར་མ་ཐུབ་པར་གཞིགས་ནས་སྤྱི་ལོ་2017ལོའི་ཟླ་དགུ་པར་ཁྲེན་ཏུའུ་རུ་མེས་པོའི་དབྱངས་ཞེས་པའི་གླུ་གཞས་སྒྱུ་རྩལ་གྱི་སྡིངས་ཆ་ཆེན་པོ་ཞིག་གཉེར་ནས་སྲོལ་རྒྱུན་གླུ་གཞས་ཀྱི་གཏེར་ཁ་སྔོག་འདོན་དང་སྒྱུ་རྩལ་པ་རྒན་པས་སྒྱུ་རྩལ་ལ་བཅངས་པའི་ལྷད་མེད་ཀྱི་སེམས་གཏམ་དྲོན་མོ་ལྷུག་བརྗོད་དང་ཉམས་མྱོང་བརྗེ་རེས་ཀྱི་སྟེགས་བུ་ཞིག་བསྐྲུན། བོད་ཀྱི་སྲོལ་རྒྱུན་གླུ་གཞས་ལ་དུང་བ་ཟབ་ཅིང་། བོད་གཞས་ཀྱི་མདུན་ལྗོངས་ཐུགས་ནས་དོར་མ་མྱོང་བའི་ལས་རིགས་སོ་སོའི་མི་རྣམས་ཁྲེན་ཏུའུ་རུ་འཛོམས་ནས་སྒྱུ་རྩལ་པ་རྒན་པ་ཉི་ཤུ་ལྷག་གིས་བོད་ཀྱི་གླུ་གཞས་སྒྱུ་རྩལ་ལ་བཞག་པའི་བླ་མེད་ཀྱི་མཛད་རྗེས་ལ་ཡི་རང་དང་ཁོ་ཅག་གི་བརྩོན་པ་དང་རྒྱུན་འཁྱོངས་ལ་གཟེངས་བསྟོད་ཀྱི་གཟུགས་རྟེན་ཕུལ་ནས་རྗེས་རབས་པ་དག་གི་བཀའ་དྲིན་དང་འཚོལ་སྙེག་མཚོན་པར་བྱས།

        གཞན་ཁོའི་《འཇིག་རྟེན་ཁྲ་ཁྲ།》《ཕ་སྐད།》《པོ་ཏ་ལ།》《མེ་ཏོག》《ལྷན་འཛོམས།》《ཕ་ཡུལ།》《མཛེས་པའི་བུ་མོ།》《བྱམས་ལྡན་ཨ་མ།》《སེམས་ཀྱི་བྲག་འགོ》སོགས་སྒྱུ་རྩལ་ཁྱད་ཆོས་ཀྱིས་ཕྱུག་པའི་གླུ་གཞས་མང་པོ་ཀུན་གྱིས་སེམས་ཀྱི་ངལ་དུབ་གསོ་བའི་རྒྱགས་ཕྱེ་ཤིག་ཏུ་ངོས་འཛིན་ནོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1