༄༅། །བོད་མི་རིགས་ཀྱི་བླ་ན་མེད་པའི་གུས་ཞབས་སྲོལ་རྒྱུན་དུ་གྱུར་བའི་ཁ་དར་དང་ཁ་དར་གྱི་མཛད་སྒོ་སྤེལ་ལུགས་རགས་ཙམ་གླེང་བ།

རྩོམ་སྒྲིག་པ། དབང་ཆེན། ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 09-17


       གངས་ལྗོངས་མཐོ་སྒང་ནི་གུས་སྲོལ་མཛད་སྒོའི་ལ་ཧ་ཅང་དོ་སྣང་བྱེད་མཁན་ནི་མི་རིགས་ཤིག་ཡིན། མིག་སྔར་རྒྱལ་སྤྱི་དང་རྒྱལ་ནང་གི་མི་རིགས་སོ་སོའི་བར་གྱི་འབྲེལ་གཏུག་དང་འགྲོ་འོང་ཉིན་བཞིན་ཇེ་མང་ནས་ཇེ་མང་ཡིན་པས་བོད་མི་རིགས་ཀྱི་བླ་ན་མེད་པའི་གུས་ཞབས་སྲོལ་རྒྱུན་ཁ་དར་དང་ཁ་དར་གྱི་མཛད་སྒོ་སྤེལ་ལུགས་དང་འབྲེལ་བའི་གཏམ་དུ་གླེང་རྒྱུ་དེ་ནི། ཁ་ཚ་དགོས་གཏུག་དང་གཙིགས་བཀར་འགངས་ཆེན་དུ་དམིགས་ཤིང་། དཔྱད་གཞི་རྒྱུ་ཆ་འཚོལ་སྡུད་ཐུབ་ཚོད་ལ་ཁུངས་བཅོལ་ནས་ཁ་དར་གྱི་འབྱུང་ཁུངས་དང་ཁ་དར་གྱི་མིང་གི་རྣམ་གྲངས། ཁ་དར་སྟེང་གི་རི་མོ། ཁ་དར་གྱི་དོན་སྙིང་སྟོན་ཚུལ་སོགས་སོ་སོར་འགོད་པ་ལ་དགོངས་འགལ་དང་ཉེས་བཤད་འཚལ་ན་མཁྱེན་ལྡན་རྣམས་ཀྱིས་སྐྱོན་བརྗོད་དང་ལེགས་བཅོས་གནང་བར་ཞུ།
          གཅིག   ཁ་དར་གྱི་འབྱུང་ཁུངས།
       ཁ་དར་ནི་ལོ་ཟླའི་ཕྲེང་བ་འབུམ་དུ་མ་ཁུར་ད་བརྩེགས་པའི་དུས་ཡུན་རིང་པོའི་ནང་བོད་རིགས་ཀྱི་སྤྱི་ཚོགས་འབྲེལ་གཏུག་དང་འགྲོ་འོང་གི་བརྒྱུད་རིམ་ཁྲོད་དུ་གུས་ཞབས་མཚོན་རྟགས་ཤིག་ཡིན་པ་དང་། བོད་མི་རིགས་ཀྱི་གུས་སྲོལ་མཛད་སྒོའི་གྲུབ་ཆ་གཙོ་བོ་ཞིག་ཡིན། ལོ་རྒྱུས་དང་དཔྱད་གཞིའི་རྒྱུ་ཆའི་ནང་དུ་བཀོད་པ་ལྟར་ན། ཁ་དར་གྱི་འབྱུང་ཁུངས་ཐད་བཤད་ཚུལ་མི་འདྲ་བ་འགའ་མཆིས་ཀྱང་མདོར་བསྡུས་ན་བཤད་ཚུལ་གཉིས་ཀྱི་ནང་དུ་འདུ་བར་སེམས་།
          གཅིག་ནི་ཆེས་གནའ་སྔ་མོར་བོད་ཀྱི་རྗེ་བློན་རྣམས་ཀྱི་མགོ་ལ་དཀྲིས་པའི་རས་དཀར་ཡིན་ལ་གུས་ཞབས་མཚོན་བྱེད་ཀྱི་ཁ་དར་མིན་པར་བཤད།དེ་ཅིའི་ཕྱིར་ན་ཕོ་བྲང་པོ་ཏ་ལ་དང་ཁྲ་འབྲུག་དགོན་སོགས་ཀྱི་ནང་རྟེན་ལ་ཞུགས་ཡོད་པའི་བོད་བཙན་པོའི་རྗེ་བློན་རྣམས་ཀྱི་འདྲ་སྐུ་ཡིས་བདེན་དཔང་བྱེད་པར་ངེས། སྤྱིར་མགོ་ནི་མིའི་ལུས་ཁམས་ལ་ཡོད་པའི་བླ་ན་མེད་པའི་དབང་པོ་ཡིན།མགོ་ལ་དཀྲིས་པའི་རས་དཀར་པོ་ནི་ལུས་པོ་ཡོངས་ཀྱི་རྒྱན་གོས་ཚང་མ་ནང་གི་མཆོག་ཏུ་གྱུར་པའི་རྒྱན་གོས་ཤིག་ཡིན། གུས་བཀུར་བྱེད་རིན་ཡོད་ལ་གུས་བཀུར་བྱེད་འོས་པའི་མི་སྣ་ལ་མཇལ་འཕྲད་དང་གཏུག་འདྲེས་བྱེད་སྐབས་སུ་རང་ཉིད་ཀྱི་ལུས་སྟེང་གི་བླ་ན་མེད་པའི་མགོ་རས་དཀར་པོ་བླངས་ནས་རང་ཕར་ཕྱོགས་ལ་ལེགས་སྐྱེས་མཚམས་རྟགས་འབུལ་བ་ཡིས། ཕར་ཕྱོགས་ལ་ཕྱག་འཚལ་བ་ལྟར་གྱི་བླ་ན་མེད་པའི་གུས་ཞབས་མཚོན་པར་བཤད། སྤྱི་ཚོགས་རིམ་གྱིས་འཕོ་འགྱུར་བྱུང་བ་དང་བསྟུན་ནས། མགོ་རས་དཀར་པོ་ཡང་བོད་མི་རིགས་ཀྱི་སྤྱི་ཚོགས་འགྲོ་འོང་ཁྲོད་ཀྱི་གུས་སྲོལ་མཚོན་བྱེད་ཀྱི་འཚམས་རྟགས་སམ་འབུལ་རྟེན་ལེགས་སྐྱེས་ཤིག་ཏུ་གྱུར་ནས་རི་མོ་མཐོ་ཞིང་ཆུ་མོ་དྭངས་ལ་ས་གཞི་གཙང་བའི་བོད་ཆོལ་ཁ་གསུམ་གྱི་ཞིང་མཆོག་ཏུ་ཐུན་མོང་མ་ཡིན་པའི་མི་རིགས་སྲོལ་རྒྱུན་ཞིག་རིམ་གྱིས་དར་ཁྱབ་བྱུང་ཡོད་པར་བཤད། གཉིས་ནི་ཡོན་རྒྱལ་རབས་སྐབས་སུ་ཁ་དར་བོད་དུ་ཐོག་མར་དར་བ་ཡིན་ཟེར། ས་སྐྱའི་བླ་མ་མགྲོན་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་ཧོར་གོང་མ་སེ་ཆེན་ཧན་གྱི་དབུ་བླར་གྱུར་རྗེས། ཕྱིར་རང་ཡུལ་བོད་ཁ་བ་ཅན་གྱི་ཞིང་ཁམས་སུ་ཞབས་ཟུང་གསེར་གྱི་འཁོར་ལོ་ཆིབས་བསྒྱུར་གནང་སྐབས་ཁ་དར་ཅིག་ཁྱེར་ཡོང་བ་ནས་བཟུང་སྟེ། བོད་རིགས་དམངས་ཁྲོད་དུ་བླ་ན་མེད་པའི་གུས་སྲོལ་མཚོན་བྱེད་ཀྱི་ཁ་དར་དང་ཁ་དར་གྱི་གུས་སྲོལ་མཛད་སྒོ་སྤེལ་སྟངས་ཀྱི་མི་རིགས་ཀྱི་བླ་ན་མེད་པའི་གུས་སྲོལ་མཚོན་བྱེད་ཀྱི་ཁ་དར་གྱི་མཛད་སྒོ་སྤེལ་སྟངས་བྱུང་ནས་ཆེས་ཡུན་རིང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པར་ངེས་སོ། །
གཉིས།    ཁ་དར་གྱི་ཐོབ་ཐང་རིམ་པའི་རྣམ་གྲངས།
           སྤྱིར་ཁ་དར་ཞེས་པ་བོད་མི་རིགས་ཀྱི་བླ་ན་མེད་པའི་གུས་སྲོལ་མཚོན་བྱེད་དམ་གུས་སྲོལ་གྱི་མཚན་རྟགས་ལེགས་སྐྱེས་ཤིག་ཡིན། ཁ་དར་འབུལ་གཏོང་བྱེད་ཡུལ་གང་ཡིན་ཡང་དེ་ལ་གུས་བཀུར་ཆེན་པོ་དང་གཡོ་ལྷན་མེད་པ། ལྷག་བསམ་རྣམ་དག་བཅས་མཚོན་པ་རེད། ཁ་དར་གྱི་ཐོབ་ཐང་རིམ་པའི་ཆ་ནས་དབྱེ་འབྱེད་བྱེད་པ་གཤམ་གསལ། ཐོབ་ཐང་རིམ་པ་ཆེས་མཐོ་བའི་དམིགས་བསལ་ཅན་ལ་ཁ་དར་ནང་མཛོད་ཟེར། ཁ་དར་དེའི་རང་ཚད་ལ་སྨི་ལྔ་ནས་དྲུག་བར་དང་། ཞེང་ཚད་ལ་ཁྲི་ཙེ་དོ་ཡར་མར་ཡོད་པ་རེད། ཐོབ་ཐང་རིམ་པ་ཨང་དང་པོ་གྲས་ལ་ཁ་དར་ལ་ཤེད་དང་། ཐོབ་ཐང་རིམ་པ་ཨང་གཉིས་པ་གྲས་ལ་ཁ་དར་ཟུབ་ཤེད། ཐོབ་ཐང་རིམ་པ་ཨང་གསུམ་པ་གྲས་ལ་ཁ་དར་བསོད་བཏགས་བཅས་ཟེར་བ་རེད། ཁ་དར་དེ་གསུམ་པ་སྤྱིར་བཏང་རིང་ཚད་ལ་ཁྲི་ཙི་གསུམ་ནས་དྲུག་བར་ཡིན་པ་དང་། ཞེང་ཚད་ལ་ཁྲི་ཙི་གང་ལྷག་ཡོད་པ་རེད། ཁ་དར་གང་ཡིན་རུང་ཐོག་མའི་རྒྱུ་རྩ་སྣུམ་བུ་དང་དེ་ནས་རེས་དཀར། དེ་ནས་ཚི་འདྲིས་སྲིན་བལ་ལམ་དར་སེང་འཁེལ་འཐག་གིས་རྒྱུ་རྩ་ལས་གྲུབ་ཡོད་པ་རེད།
གསུམ། ཁ་དར་གྱི་་མིང་གི་རྣམ་གྲངས།
           ཁ་དར་གྱི་མིང་གི་རྣམ་གྲངས་སྐོར་ལ་གླིང་སྒྲུང་གི་ཚིག་མཛོད་ཚིག་རྒྱན་ནོར་བུའི་བང་མཛོད་དུ་དར་གྱི་ཕྱག་ལེན་བཤད་པས་ན། རྩེ་མོ་སྒྲོ་ཡི་དར་ཆེན་གྱི། །ཟངས་སྐུད་ལས་དར་འདེམ་དགུ་ལ། ། སངས་རྒྱས་སྟོང་གི་འདྲ་སྐུ་དང་། ། དར་མཛོད་རྡོ་རྗེ་འབུལ་རྣམ་གཉིས། །ཤུགས་གཙང་དཀར་མོ་ལེབ་ཡག་དང་། སྒང་དར་ནོར་བུ་མཚར་ལུ་གསུམ། །ལས་དག་སྐྱེས་མཆོག་རྒྱན་དར་བཞི། །གཙོ་ཡིན་འདྲ་དར་སྣ་ལྔ་འབུམ། །དྲིལ་བརྒྱབ་སུམ་བརྒྱ་ཉེ་གཉིས་ཡོད། ། དེ་ཡང་དར་གྱི་བཤད་པ་ལ། །དཀར་མོ་གངས་དཀར་ཤར་ཡག་དང་། །མཛོད་དར་ཉིན་མོ་བདེ་ལེགས་གཉིས། །སྤྲ་དར་ཁ་ཆེའི་ནང་དར་གསུམ། །ལེ་བརྒན་སྔོན་མོ་ཆུ་དར་བཞི། །ལྭ་ཏ་གསེར་གྱི་མེ་ཏོག་ལྔ། །མཆོང་དར་ལེབ་སྔོན་དུང་དཀྲིས་དྲུག ། པར་མཛོད་དཀར་ཆེན་ཟླ་འོད་བཅས་འཛམ་གླིང་ཆེན་ནོར་དར་གཡང་ལ། །དྲིལ་བརྒྱབ་ཆིག་སྟོང་གཉིས་བརྒྱ་ཡོད། །དེ་ཡང་དར་གྱི་བཤད་པ་ལ།། ལས་མཛོད་བཀྲ་ཤིས་ཁ་བཏགས་དང་། རྒྱན་དྲུག་ནོར་བུ་མེ་ཏོག་གཉིས། །རྒྱན་བཞི་གསེར་གྱི་ཡི་གེ་གསུམ། ། གུ་མི་མུག་ཏིག་འབུམ་རིས་བཞི། །དར་ཆེན་འཇའ་ཚོན་འཁྱུག་པའི་ནོར། །དར་སྣ་མི་འདྲ་བྱེད་བ་འབུམ། །དྲིལ་བརྒྱ་ཉིས་བརྒྱ་ལྔ་བཅུ་ཡོད། །དེ་འོག་དར་གྱི་བཤད་པ་ལ།། སྟེང་རིས་ཁྲ་བོའི་འཛུམ་རིས་དང་། །གཟིག་རིས་དཀར་མོ་ཤམ་ཆེན་གཉིས།།ཀླུ་དར་གླེག་འོད་འཁྱུག་ལྕེ་གསུམ། །བྱ་བཀྲ་འཇའ་ཚོན་དགུ་ཐིག་བཞི། །པད་མའི་ལས་དར་པད་དཀར་ཅན། །ལས་དར་གསུམ་གྱི་དམ་བུ་བཅས།།དར་སྣ་མི་འདྲ་དུང་ཕྱུར་གཅིག །དྲིལ་བརྒྱབ་དགུ་བརྒྱ་བདུན་ཅུ་ཡོད། །དྲིལ་རེའི་མིང་ཡང་གྲངས་ལས་འདས། །རེ་རེ་བཤད་ཚེ་བགྲངས་ཚོད་མེད། །ཅེས་དང་། འབྲུག་མོའི་དར་བཤད་ལས། དཀར་པོ་དར་ལ་ཡུག་གསུམ་ཡོད། །ལྷ་ཚངས་པ་རྫོངས་བའི་རྫོངས་དར་ཡིན། རྫོངས་དར་མ་ཡིན་འཛོམས་དར་ཡིན། །སེར་པོ་དར་ལ་ཡུག་གསུམ་ཡོད། །གཉན་སྐུ་ལྷ་རྫོངས་པའི་རྫོངས་དར་ཡིན།།རྫོངས་དར་མ་ཡིན་འཛོམས་དར་ཡིན། །དམར་པོའི་དར་ལ་ཡུག་གསུམ་ཡོད། །སྔོན་མོ་དར་ལ་ཡུག་གསུམ་ཡོད་།། ཀླུ་བཙུགས་ན་རྫོངས་པའི་རྫོངས་དར་ཡིན། ། རྫོངས་དར་མ་ཡིན་འཛོམས་དར་ཡིན།དམར་པོ་དར་ལ་དར་ཡུག་གསུམ། །དཔའ་དགྲ་ལྷ་རྫོངས་བའི་རྫོངས་བའི་ཡིན། །རྫོངས་དར་མ་ཡིན་འཛོམ་དར་ཡིན། །མེ་ལ་མི་འཇིགས་དར་སྣ་གསུམ། །ཆུ་ལ་མི་འཇིགས་དར་སྣ་གསུམ། །ཉིན་མོ་བདེ་ལེགས་ཁ་དགུ་ཡོད། །གེ་སར་ཁྱེད་ཀྱི་རྫོངས་དར་ཡིན། །རྫོངས་དར་མ་ཡིན་འཛོམས་དར་ཡིན། །ཞེས་སོགས་ཁ་དར་གྱི་མིང་གི་རྣམ་གྲངས་སྐོར་ལ་བཤད་པ་མང་དུ་མཆིས་སོ། །
བཞི།  ཁ་དར་སྟེང་གི་རི་མོ། །
                སྤྱིར་བོད་མི་རིགས་ཀྱི་བླ་ན་མེད་པའི་གུས་ཞབས་སྲོལ་རྒྱུན་གྱི་ཁ་དར་སྟེང་གི་རི་མོ་རྣམས་ཀྱིས། ཁ་རྗེ་རླུང་རྟ་དར་ཞིང་བསམ་དོན་བདེ་བླག་འགྲུབ་པ་དང་། དགེ་མཚན་དཔལ་དུ་བརྗིད་ཅིང་ལེགས་པའི་རྟེན་འབྲེལ་འགྲིག་པའི་མཚོན་བྱེད་ཀྱི་བཤད་སྲོལ་རྒྱུན་འབྱམས་སུ་གྱུར་པ་རེད། ང་ཚོ་ནམ་རྒྱུན་འཚོ་བའི་ཁྲོད་དུ་རིག་རྒྱུ་མཐོང་རྒྱུ་ཡོད་པའི་ཁ་དར་རྣམས་ཀྱི་སྟེང་གི་རི་མོ་ཕལ་ཆེར་གཤམ་གསལ་ལྟར་ངེས་ཏེ། ཤིང་ལོ་པ་ཊའི་རི་མོ་དང་སྤྲིན་རིས། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། པད་མ་འདབ་བརྒྱད། ཁྱུང་འདབ་བརྒྱད། ཁྱུང་འབྲུག་ཁ་སྤྲོད། འདོད་ཡོན་སྣ་ལྔ་སོགས་ཀྱི་རི་མོ་ཡོད་པ་དང་། གཞན་ཡང་རྒྱལ་བ་རིགས་ལྔའི་འདྲ་སྐུ་ཡོད་པ་དང་། བོད་ཡིག་གི་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། ཉིན་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་ཀུན་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག་ཅེས་དང་།དཔོན་སློབ་མི་འགྱུར་ལྷན་གཅིག་འགྲོགས། སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་ཆད། ། སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག་སོགས་བྲིས་ཡོད་པ་ལགས་སོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1