རྔ་བ་ཁུལ་གྱི་འཕྲོད་བསྟེན་འཕེལ་རྒྱས།

ཨོ་རྒྱན་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-04


   དམངས་ཡོངས་ལ་བདེ་ཐང་མེད་ན། འབྱོར་འབྲིང་སྤྱི་ཚོགས་ཟེར་བ་ཞིག་གང་ན་ཡོད། སྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུའི་རིང་། རྔ་བ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་རིགས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། སྔོན་ཆད་ཀྱི་སྨན་ཁང་རྙིང་རལ་ནས་དེང་གི་དེང་རབས་ཅན་གྱི་ཐོག་ཁང་ཆེན་མོ། རྗེས་ལུས་ཀྱི་སྨན་བཅོས་བརྟག་ཆས་ནས་སྒྲ་འདས་Bདང་CTསོགས་སྔོན་ཐོན་གྱི་སྨན་བཅོས་བརྟག་ཆས། ནད་བཅོས་དཀའ་ངལ་ཆེ་བ་ནས་སྨན་བཅོས་འགན་ལེན་སོགས་ཀྱི་བར་བློ་ཡུལ་ལས་འདས་པའི་འཕེལ་རྒྱས་བྱུང་སྟེ། བདེ་ཐང་ཞབས་ཞུ་ཇེ་བཟང་ཇེ་ལེགས་སུ་སོང་ནས་མང་ཚོགས་ལ་བདེ་སྐྱིད་འོད་སྣང་སྤྲོས་ཡོད།

ནད་བརྒྱ་བྱུང་ཡང་སྨན་བཅོས་ལ་དཀའ་ངལ་མེད།
   དུས་རབས་གོང་མའི་ལོ་རབས་50བར། རྔ་བ་ཁུལ་གྱི་འཕྲིན་ལམ་དང་འགྲིམ་འགྲུལ་སྟབས་མི་བདེ་ལ། སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་ཤིན་ཏུ་ཞན། སྐབས་དེར། མའོ་རྫོང་དང་ལིས་རྫོང་། ཟུང་ཆུ། ཝུན་ཁྲོན། བཙན་ལྷ། ཆུ་ཆེན་སོགས་སུ་སྨན་བཅོས་ཁང་6དང་སྨན་བཅོས་མི་སྣ་25ལས་མེད་པས། ཆ་སྙོམས་མི་ཁྲི་རེར་སྨན་བཅོས་མི་སྣ1རེ་ལས་མེད། མང་ཚོགས་ནད་ཀྱིས་བཟུང་ན་སྨན་བཅོས་ཤིན་ཏུ་དཀའ་བ་རེད།
   སྒྱུར་བཅོས་སྒོ་འབྱེད་བྱས་རྗེས།  རྔ་བ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ཇེ་ལེགས་སུ་སོང་ནས། ད་ལྟ་ཁུལ་ཡོངས་ལ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་1682དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་76.3ཡོད། ནད་ཁྲི་4717དང་སྒོར་ཁྲི་གཅིག་ཡན་གྱི་སྨན་བཅོས་སྒྲིག་ཆས་5397། སྨན་བཅོས་མི་སྣ་9095ཡོད་པས། མི་སྟོང་རེར་སྨན་པ་2.38དང་ཐོ་འགོད་ནད་གཡོག་2.17ཡོད། ནད་ཅི་ཞིག་བྱུང་ཡང་སྨན་པ་བསྟེན་པར་དཀའ་ངལ་མེད་ལ་སྨན་བཅོས་ལའང་དཀའ་ངལ་མེད།

སྨན་བཅོས་འགན་སྲུང་བཟང་བས། སྨན་ཡོན་ཚང་མ་རང་གིས་སྟེར་མི་དགོས།
        མི་རེ་རེ་བདེ་ཞིང་ཐང་ན། འཚོ་བ་བདེ་ཞིང་སྐྱིད་པ་ནི་དུས་རབས་ཀྱི་འབོད་སྐུལ་ཡིན་ལ། མི་དམངས་ཀྱི་རེ་སྒུག་ཡང་ཡིན།
        རྔ་བ་ཁུལ་གྱིས་སྨན་བཅོས་ཁོར་ཡུག་ཇེ་བཟང་དང་སྨན་བཅོས་འགྲོ་སོང་ཇེ་ཉུང་དུ་གཏོང་བར་ནུས་ཤུགས་གང་ཡོད་ཕུལ་བ་དང་། དམངས་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ལག་ཏུ་བསྟར་བར་མ་ཟད། ཞིང་གྲོང་གི་སྨན་བཅོས་འགན་སྲུང་ཡང་གང་ནུས་ཅི་ཐུབ་ཀྱིས་ལག་ཏུ་བསྟར་བས། རོང་འབྲོག་མང་ཚོགས་ཀྱིས་ནད་ཆེ་ཆུང་ཅི་རིགས་སྨན་བཅོས་བྱས་ཀྱང་སྨན་ཡོན་ཚང་མ་རང་གིས་སྟེར་མི་དགོས།
        ཁུལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་དུ་ཞུགས་ཚད་བརྒྱ་ཆ་100ལ་བསླེབས་ཤིང་། ད་བར། འཕྲོད་བསྟེན་སྨན་བཅོས་རོགས་དངུལ་སྒོར་ཁྲི་6404བཏང་ནས་། མི་ཁྲི་2.82ལ་རོགས་སྐྱོར་བྱས་ཡོད། མང་ཚོགས་ཀྱིས་ནད་སྟོན་དཀའ་བ་དང་བཅོས་དཀའ་བའི་གནད་དོན་ཚད་ངེས་ཅན་ནས་བསལ་ཡོད། མང་ཚོགས་ལ་བདེ་ཐང་གི་འོད་སྣང་དྲོད་ལམ་ལེར་འཆར་ཡོད།
        མི་དམངས་ཀྱི་བདེ་ཐང་གཙོ་བོར་བཟུང་བའི་སྨན་བཅོས་སྒྱུར་བཅོས་ཀྱི་འབྲས་བཟང་ལ་བརྟེན་ནས། རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་བདེ་སྐྱིད་ཀྱི་འོད་སྣང་འཕྲོས་ཡོད་ལ། བདེ་ཐང་གི་ལམ་དུ་རེ་བ་དང་སྤོབས་པས་ཞུགས་བཞིན་མཆིས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1