༄༅། །གསོ་བ་རིག་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


     གསོ་རིག་དངོས་ཀྱི་ཚུལ་བཤད་པ།

ས་བཅད་དང་པོ། རྒྱུད་བཞིའི་ལུས་མདོར་བསྟན་པ།

གཅིག རྩ་རྒྱུད།

རྩ་བ་གནས་ལུགས་ངོས་འཛིན་གསོ་བ་སྟེ།།

རྩ་བ་ཐུགས་ཀྱི་རྒྱུད་དུ། གནས་ལུགས་ནད་གཞི། ངོས་འཛིན་རྟགས། གསོ་བྱེད་ཐབས་ཀྱི་རྩ་བ་གསུམ།།

དང་པོ་ལ་རྣམ་པར་མ་གྱུར་པ་ལུས་ཆུ་ལྟ་བུ་དང་། རྣམ་པར་གྱུར་པ་ནད་ཆར་རོམ་ལྟ་བུའི་སྡོང་པོ་གཉིས། ལུས་ཀྱི་ཡལ་ག་ནད་དང་ལུས་ཟུང་དྲི་མ་གསུམ། ནད་ལ་སྲོག་འཛིན་སོགས་རླུང་ལྔ་། འཇུ་བྱེད་སོགས་མཁྲིས་པ་ལྔ། སྟེན་བྱེད་སོགས་བད་ཀན་ལྔ། ཤ་ཁྲག་ཚིལ་རུས་རྐང་དང་ཁུ་བ་སྟེ་དྭངས་མ་བདུན། བཤང་གཅི་རྔུལ་བའི་དྲི་མ་གསུམ་སྟེ་ལོ་འདབ་ཉི་ཤུ་རྩ་ལྔ། ནད་ཀྱི་ཡལ་ག་རྒྱུ་རྐྱེན་འཇུག་སྒོ་རྟེན་གནས་རྒྱུ་ལམ་ལྡང་དུས་འབྲས་བུ་ལྡོག་རྒྱུ་མདོར་དྲིལ་བཅས་དགུ། རྒྱུ་དུག་གསུམ། རྐྱེན་དུས་གདོན་ཟས་དང་སྤྱོད་ལམ་བཞི། ཤ་པགས་རྩ་རུས་དོན་སྣོད་དེ་འཇུག་སྒོ་དྲུག  གནས་ལུས་ཀྱི་སྟོད་སྨད་བར་གསུམ། ལུས་ཟུངས་དྲི་མ་དབང་པོ་དོན་སྣོད་ལྔ་པོ་སོ་སོར་རླུང་མཁྲིས་བད་ཀན་རྒྱུ་བའི་ལམ་བཅོ་ལྔ། ན་སོ་གསུམ་ཡུལ་གསུམ་དུས་གསུམ་སྟེ་ལྡང་དུས་དགུ འཚོ་བ་གསུམ་ཟད་པ་སོགས་འབྲས་བུ་སྲོག་གཅོད་ཀྱི་ནད་དགུ རླུང་མཁྲིས་བད་ཀན་ཞི་མ་ཞི་གཉིས་གཉིས་བཞི་རུ་ལྡོག་པའི་རྒྱུ་བཅུ་གཉིས།དེ་དག་མདོ་དོན་དྲིལ་བ་ཚ་གྲང་གཉིས་སུ་འདུས་པ་སྟེ་ལོ་འདབ་དྲུག་ཅུ་རྩ་གསུམ་མོ། །

གཉིས་པ་ལ་ལྟ་རེག་དྲི་བའི་སྡོང་པོ་གསུམ། ལྟ་ཡལ་ག་ལྕེ་དང་ཆུ་ལ་ལྟ་བ་གཉིས། དེ་རེ་རེ་ལ་ནད་གསུམ་གྱིས་དབྱེ་བས་ལོ་འདབ་དྲུག  རེག་པའི་ཡལ་ག་ནད་གསུམ་དང་ལོ་འདབ་དེ་མཚུངས་གསུམ། དྲི་བའི་ཡལ་ག་སློང་རྐྱེན་ན་ལུགས་གོམས་པའི་སྒོ་ནས་དྲི་བ་གསུམ། ཡང་ལ་རྩུབ་། རྣོ་ཞི་ཚ་བ། ལྕི་ལ་སྣུམ་པའི་ཟས་དང་སྤྱོད་ལམ་གྱིས་རིམ་བཞིན་རླུང་མཁྲིས་བད་ཀན་སློང་བ་སོགས་དྲི་བའི་དབྱེ་བས་ལོ་འདབ་ཉི་ཤུ་རྩ་དགུའོ། །

གསུམ་པ་ལ་ཟས་སྤྱོད་སྨན་དཔྱད་ཀྱི་སྡོང་པོ་བཞི། ཟས་ཀྱི་ཡལ་ག་ཟས་གསུམ་སྐོམ་གསུམ་སྟེ་དྲུག  རླུང་ཟས་བཅུ་བཞི། མཁྲིས་ཟས་བཅུ་གཉིས། བད་ཀན་ཟས་སྐོམ་དགུ་སྟེ་ལོ་འདབ་སུམ་ཅུ་སོ་ལྔ། སྤྱོད་ལམ་གྱི་ཡལ་ག་རང་རང་དང་སྦྱར་བའི་གཉེན་པོ་གསུམ། རེ་རེ་ལ་གནས་དང་སྤྱོད་ལམ་གྱིས་དབྱེ་བའི་ལོ་འདབ་དྲུག  སྨན་གྱི་ཡལ་ག་རླུང་སྨན་སོགས་གསུམ་ལ་རོ་ནུས་གཉིས་གཉིས་དབྱེ་བས་དྲུག  རླུང་ལ་ཁུ་བ་དང་སྨན་མར། མཁྲིས་པར་ཐང་དང་ཅུར་ནིས། བད་ཀན་ལ་རིལ་བུ་ཏྲེས་སམ་སྟེ་ཞི་བྱེད་དྲུག  རླུང་འཇམ་རྩི། མཁྲིས་པ་བཤལ། བད་ཀན་སྐྱུགས་ཀྱིས་སྦྱོང་བ་སྟེ། སྦྱོང་བྱེད་གསུམ་བཅས་དྲིལ་བས་བཅོ་ལྔ། རླུང་ལ་རོ་མངར་སྐྱུར་ལན་ཚྭ་གསུམ། ནུས་པ་སྣུམ་ལྕི་འཇམ་པ་གསུམ་སོགས་གཞན་གཉིས་ལའང་དེ་བཞིན་སྦྱར་བས་བཅོ་བརྒྱད། ཁུ་བ་གསུམ། སྨན་མར་ལྔ། ཐང་དང་ཕྱེ་མ་བཞི་བཞི། རིལ་བུ་གཉིས། ཏྲེས་སམ་ལྔ། སྦྱོང་བྱེད་སྔ་མ་ལ་གསུམ། བར་མ་ལ་བཞི། ཕྱི་མ་ལ་གཉིས་ཏེ་དྲིལ་བས་དགུ། སྔ་ཕྱི་བསྡོམས་པས་ལོ་འདབ་ལྔ་བཅུ་ཐམ་པ། དཔྱད་ཀྱི་ཡལ་ག་རླུང་མཁྲིས་བད་ཀན་གྱི་དཔྱད་གསུམ། སྔ་མ་ལ་བཀུ་མཉེ་དང་ཧོར་གྱི་མེ་བཙའ་གཉིས། བར་མ་ལ་རྔུལ་དབྱིང་གཏར་ག་ཆུའི་འཁྲུལ་འཁོར། ཕྱི་མ་ལ་དུག་དང་མེ་བཙའ་བཅས་ལོ་འདབ་བདུན་ཏེ། མདོར་ན་གསོ་ཡུལ་ནད་གཞི་ལ་རྣམ་གྲངས་བརྒྱད་ཅུ་རྩ་བརྒྱད། ངོས་བཟུང་བརྟག་པ་ལ་སུམ་ཅུ་སོ་བརྒྱད། གསོ་བྱེད་གཉེན་པོའི་ཐབས་དགུ་བཅུ་རྩ་བརྒྱད་ཀྱི་ནང་དུ་གསོ་བ་རིག་པའི་དོན་མ་ལུས་པ་གཏན་ལ་དབབ་ནས་མྱ་ངན་མེད་པའི་ལྗོན་ཤིང་གི་དཔེ་དང་སྦྱར་བར་མཛད་དེ། དེ་ལྟར་ལེགས་པར་ཤེས་ཤིང་ལག་ཏུ་བླང་པས་ནད་མེད་པ་དང་ཚེ་རིང་བ་གཉིས་མེ་ཏོག ཆོས་དང་ནོར་དང་འདེབས་འབྱོར་པ་འབྲས་བུའི་མཐུན་དཔེར་སྦྱོར་བ་ནི་རྒྱུད་ཉིད་ལས།  རྩ་བ་གསུམ་ལས་འདྲིལ་པའི་སྡོང་པོ་དགུ། །གྱེས་པའི་ཡལ་ག་བཞི་བཅུ་རྩ་བདུན་ཏེ། །ལོ་འདབ་ཉིས་བརྒྱ་རྩ་བཞིར་རྒྱས་པ་ཡིན། །གསལ་བའི་མེ་ཏོག་འབྲས་བུ་ལྔ་རུ་སྨིན། །འདི་དག་རྩ་བའི་རྒྱུད་ཀྱི་སྡོམ་དུ་བཤད། །ཅེས་གསུངས་སོ།།

གཉིས། བཤད་རྒྱུད།

གསོ་བྱ་གསོ་བྱེད་གསོ་ཚུལ་གསོ་བས་བཤད།།

བཤད་པ་སྐུ་ཡི་རྒྱུད་ཀྱི་བསྟན་བྱ་གསོ་རིག་ཐམས་ཅད་ཚུལ་བཞིར་དྲིལ་བ་ནི་འོག་ཏུ་ཅུང་ཟད་འཆད་པར་འགྱུར་རོ།།

གསུམ།    མན་ངག་རྒྱུད།

ལུས་དང་བྱིས་པ་མོ་ནད་གདོན་མཚོན་དུག   རྒས་པ་རོ་ཙའི་མན་ངག་ཡན་ལག་བརྒྱད།།

མན་ངག་ཡོན་ཏན་རྒྱུད་ལེའུ་དགུ་བཅུ་རྩ་གཉིས་ཡོད་པ་ལས།  ལུས་ཀྱི་བཅོས་ལེའུ་བདུན།   བྱིས་པ་དང་མོད་ནད་ལགསུམ་གསུམ།  གདོན་དང་མཚོན་རྨ་ལ་ལྔ་ལྔ།  དུག་ལ་གསུམ། རྒས་པ་གསོ་བའི་ཐབས་བཅུད་ལེན་ལ་གཅིག   རོ་ཙ་དང་དེའི་ཡན་ལག་བུད་མེད་བཙའ་སྲུང་གི་ཐབས་ལ་གཉིས་བཅས་ཀྱིས་གསོ་བྱེད་གཉེན་པོའི་མང་ངག་རྫོགས་པར་བསྟན་པ་སྟེ།  སྤྱིར་ལུས་ལ་སོགས་པ་དེ་རྣམས་གསོ་ཡུལ་གྱི་ཡན་ལག་བརྒྱད་དུ་ཡོངས་སུ་གྲགས་ཤིང་།  གསོ་དཔྱད་ཆེ་ཆུང་ཐམས་ཅད་དེ་ལས་འཕྲོས་པ་ཤ་སྟག་གོ།

བཞི།  ཕྱི་མ་རྒྱུད།

ནད་དང་གཉེན་པོ་ཐབས་སུ་ཕྱི་མར་དྲིལ།།

རྒྱས་པར་བཤད་པ་དེ་དག་གསོ་ཡུལ་གྱི་ནད།  གསོ་བྱེད་གཉེན་པོ་གསོ་བའི་ཐབས་གསུམ་ཞེས་ཕྱི་མ་ཕྲིན་ལས་ཀྱི་རྒྱུད་དུ་ལག་ལེན་སྙིང་པོར་དྲིལ་ནས་བསྟན་ཏེ།  དེའང་གསོ་ཡུལ་གནད་དལ་རྒྱས་པར་སྟོང་དང་ཉིས་བརྒྱ།  བསྡུ་ན་ཀུན་བཏགས་གདོན།  ལྟར་སྣང་འཕྲལ།  ཡོངས་གྲུབ་ཚེ།  གཞན་དབང་སྔོན་ལས་ཀྱི་ནད་བཞི་པོ་རེ་རེ་ལ་བརྒྱ་དང་གཅིག་སྟེ།  བསྡོམས་པས་བཞི་བརྒྱ་རྩ་བཞི།  དེ་ལས་ཀྱང་བཅོས་དགོས་ཤིང་ བཅོས་སུ་ཡོད་པ་ཡོངས་གྲུབ་ཚེའི་ནད་བརྒྱ་རྩ་གཅིག་གསོ་བྱེད་གཉེན་པོ་ལ་སྟོང་དང་རྩ་གཉིས།  མདོར་བསྡུས་པས་སྨན་དཔྱད་ཟས་སྤྱོད་བཞི་།  སྨན་ལ་ཞི་བྱེད་སྦྱོང་བྱེད་གཉིས།  དཔྱད་ལ་འཇམ་རྩུབ་གཉིས། ཟས་ལ་ཕན་གནོད་གཉིས།  སྤྱོད་ལམ་དྲག་དལ་གཉིས་ཏེ་མདོར་དྲིལ་བའི་གཉེན་པོ་བཅུར་གསུངས་སོ།།

གསོ་ཐབས་ལག་ལེན་སུམ་བརྒྱ་དྲུག་ཅུ་སྟེ། །  མདོར་བསྡུས་བརྟག་ཐབས་གསོ་ཚུལ་བཅོས་ཐབས་གསུམ།།

དང་པོ་ལ་རེག་པ་རྩ།  མཐོང་བ་ཆུ་ལ་བརྟག་པ་གཉིས།  གཉིས་པ་གསོ་ཚུལ་རྣམ་པ་དགུ།   གསུམ་པ་ལ།  ཞི་བྱེད་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ཐལ་སྨན་ཁཎྟ་སྨན་ཆང་བཅས་སྡེ་ཚན་བརྒྱད།  དེའི་ལོག་གནོན་རིན་པོ་ཆེའི་སྦྱོར་བ།  ཐུག་ཕྲད་སྔོ་སྦྱོར་གྱི་སྡེ།  སྦྱོང་བྱེད་སྔོན་འགྲོ་སྣུམ་འཚོས།  བཤལ་སྐྱུགས་སྣ་སྨན་འཇམ་རྩི་ནི་རུ་ཧ་སྟེ་དངོས་གཞི་ལས་ལྔ།  ལོག་གནོན་རྩ་སྦྱོང་སྟེ་བདུན།  དཔྱད་ལ་གཏར་བསྲེག་དུག་ལུམ་བྱུགས་པ།  ལོག་གནོན་ཐུར་མའི་དཔྱད་བཅས་ཉི་ཤུ་རྩ་གསུམ།  ཐལ་སྨན་སོགས་ཕྱི་མ་ལྔ་ཞི་བྱེད་རྩ་བའི་སྡེ་ཚན་ལྔར་འདུས་པས་ལག་ལེན་བཅོ་བརྒྱད་ཀྱི་གྲངས་སུ་དྲིལ་བ་ཡིན་ནོ།།

ས་བཅད་གཉིས་པ། གསོ་བའི་ཚུལ་བཞི་རྒྱས་པར་བཤད་པ།

དང་པོ། མདོར་བསྟན་པ།

གསོ་བྱ་གང་ཕྱིར་ལུས་དང་གང་གསོ་ནད། །གསོ་བྱེད་སྤྱོད་ལམ་ཟས་སྨན་དཔྱད་རྣམས་ཏེ། །གསོ་ཐབས་ནད་མེད་གནས་དང་གནས་འགྱུར་གསོ། །གསོ་མཁན་རྩ་བ་ཡན་ལག་བཅས་པས་བསྡུས།།

གོང་དུ་སྨོས་པའི་བཤད་པའི་རྒྱུད་ཀྱི་སྡོམ་ཉིད་གསོ་རིག་སྤྱིའི་མདོ་ཆིངས་ཆེན་པོ་ཡིན་པས་དེ་ཉིད་ཅུང་ཟད་བཀྲོལ་ན། གསོ་བྱའི་ཡུལ་ལ་གང་གི་ཕྱིར་གསོ་བ་ལུས། གང་ཞིག་གསོ་བ་དེ་ལས་འབྱུང་བའི་ནད་གཉིས། གསོ་བྱེད་ཀྱི་གཉེན་པོ་སྤྱོད་ལམ་ཟས་སྨན་དཔྱད་དང་བཞི། ནད་དེ་གཉེན་པོས་ཇི་ལྟར་གསོ་བའི་ཚུལ་ལམ་ཐབས་ལ་ནད་མེད་རིང་དུ་གནས་པ་དང་། རྣམ་འགྱུར་གསོ་བའི་ཐབས་གཉིས། ནད་མེད་རིང་དུ་གནས་པ་དང་། རྣམ་འགྱུར་གསོ་བའི་ཐབས་གཉིས། གསོ་བྱེད་ཀྱི་མཁན་པོ་སྨན་པ་རྩ་བ་བཞི་ལ་ཡན་ལག་བཅུ་གཅིག་ལྡན་པ་དང་བཅས་པས་གསོ་རིག་གི་ལུས་ཡོངས་སུ་རྫོགས་པ་བསྡུས་སོ།།

གཉིས་པ། རྒྱས་པར་བཤད་པ།

1. གསོ་བྱ།

(1)ལུས།

ལུས་ལ་རྒྱུ་རྐྱེན་རྟགས་ཀྱིས་ཆགས་ཚུལ་རྟོགས། །འདྲ་དཔེ་ཉམས་སྦྱར་ལུས་ཟུང་རྩ་དང་གནས། །བུ་གའི་གནས་ལུགས་གནོད་བྱ་གནོད་བྱེད་ཀྱི། །མཚན་ཉིད་ལས་དབྱེ་འཇིག་ལྟས་གཏན་ལ་དབབ།།

གང་གི་དོན་དུ་གསོ་བ་ལུས་ལ་ཆགས་པའི་རྒྱུ་དཀར་དམར་རྣམ་ཤེས་གསུམ། འཕེལ་བའི་རྐྱེན་ལྟེ་འཁོར་དང་བུ་སྣོད་ཀྱི་རྩ་ལས་བྱུང་བའི་བཅུད་བཙའ་བའི་རྟགས་དང་བཅས་པས་ཆགས་པའི(1)ཚུལ་རྟོགས། རྟེན་ཁང་བཟང་བརྟེན་པ་རྒྱལ་བློན་བཙུན་འབངས་དང་བཅས་པའི་འབྲི་དཔེ་སྦྱར་བས་ལུས་གནས་ཀྱི(2)ཉམས་ཤེས། ནད་དང་དྭངས་སྙིགས་ཤ་རུས་ལ་སོགས་པའི་ལྡང་ཚད་ལུས་ཟུངས་ཀྱི་གནས་ལུགས། ཆགས་སྲིད་འབྲེལ་པ་ཚེ་སྟེ་འབྲེལ་པ་རྩའི་གནས་ལུགས། ཤ་ཚིལ་རུས་པ་ཆུ་རྒྱུས་དོན་སྣོད་རྩའི་གནད་བདུན་ཏེ་གཉན་པ་གནད་ཀྱི་གནས་ལུགས། ཕྱི་ནང་དྭངས་སྙིགས་ཟས་ཀྱི་རྒྱུ་ལམ་བུ་གའི་གནས་ལུགས་བཞིས་ལུས་ཀྱི་གནས(3)ལུགས་རྟོགས། གནོད་བྱ་ཁམས་ལ་ལུས་ཟུང་བདུན་དང་དྲི་མ་གསུམ། གནོད་བྱེད་ཉེས་པ་རླུང་མཁྲིས་བད་ཀན་ནང་གསེས་དབྱེ་བ་བཅོ་ལྔ་དང་བཅས་པ། གྲུབ་ཚུལ་རང་བཞིན་མེ་དྲོད་ལྟོ་བ་གནས་པ་བྱེད་ལས་མཚན་ཉིད་ཀྱི་སྒོ་ནས་ལུས་ཀྱི(4)མཚན་ཉིད་རྟོགས། སྤྱིར་སྒོ་གསུམ་དགེ་མི་དགེ་ལུང་མ་བསྟན་ལ་སྤྱོད་ཅིང་བྱེ་བྲག་དབང་པོ་ལྔ་ཡིས་རང་གིས་ཡུལ་ལ་སྤྱོད་པ་ལུས་ཀྱི་ལས(5) དང་། རྟེན་ཕོ་མོ་མ་ནིང་། ན་ཚོད་རྒན་བྱིས་དར་མ། རང་བཞིན་ཉེས་གསུམ་སོ་སོའི་མི། ནད་རྣམ་པར་མ་གུར་པ་དང་གྱུར་པའི་དབྱེ་བས་དེ་དག(6)རྟོགས། རིང་བ་ཉེ་བ་མ་ངེས་ངེས་པ་ཅན་བཞིས་ལུས་འཇིག་པའི་ལྟས་གཏན་ལ་དབབ་པ(7)སྟེ་ནང་གསེས་དུ་མ་དང་བཅས་པའི་རྣམ་གྲངས་བདུན་གྱིས་གང་གསོ་བ་ལུས་ཀྱི་གནས་ལུགས་ལ་མཁས་པར་བྱའོ།།

(2)ནད།

ནད་ལ་དུག་གསུམ་ཉེས་གསུམ་ཉེ་རིང་རྒྱུ། །སྐྱེ་མཆེད་གསོག་ལྡང་སློང་རྐྱེན་སྐྱེད་བྱེད་དེ། །ལམ་དྲུག་ཞུགས་པའི་མཚན་ཉིད་འཕེལ་ཟད་འཁྲུགས། །རྒྱུ་དང་རྟེན་དང་རྣམ་པའི་སྒོ་ནས་དབྱེ།།

གང་གསོ་བའི་ནད་ལ། རིང་བ་མ་རིག་པ་ལས་བྱུང་བའི་དུག་གསུམ་དང་ཉེ་བའི་རྒྱུ་དེས་བསྐྱེད་པའི་ཉེས་པ་གསུམ་ནི་ནད་ཀྱི་རྒྱུ།(1)དུས་དབང་པོ་སྤྱོད་ལམ་དམན་ལྷག་ལོག་པ་སྐྱེ་མཆེད་ཀྱི་རྐྱེན། རྒྱུ་ངོ་བོ་དུས་ཀྱི་སྒོ་ནས་གསོག་ལྡང་ཞི་གསུམ་བྱེད་པ་གསོག་ལྡང་གི་རྐྱེན། ཐུན་མོང་ཁྱད་པར་སློང་པའི་རྐྱེན་ཏེ་ནད་སྐྱེད་བྱེད་ཀྱི་རྐྱེན་གསུམ(2)།ཉེས་གསུམ་རང་གནས་འཕང་བྱའི་ཡུལ་ལ་འཕེན་བྱེད་ཀྱི་རྐྱེན་བཞིས་འཕངས་པ་འཇུག་སྒོའི་ལམ་དྲུག་ཏུ་ཞུགས་ནས་རང་གནས་ས་རྟེན་པ་ནད་འཇུག་ཚུལ(3)། ཞུགས་ནས་ནད་ལུས་ཟུང་དྲི་མ་གསུམ་པོ་ལྡང་ཚད་ལས་འཕེལ་བ་དང་ཟད་པ་དང་ཕན་ཚུན་འཁྲུགས་པ་གསུམ་པོ་ནད་ཀྱི་མཚན་ཉིད(4)། སྔོན་གྱི་ལས། ཚེ་འདིའི་ཉེས་པ། དེ་གཉིས་འདྲེས་པ་ལས་འབྱུང་བ་སྟེ་རྒྱུའི་དབྱེ་བ་གསུམ། སྐྱེས་པ་བུད་མེད་བྱིས་པ་རགས་པ་ཀུན་ཁྱབ་ཐུན་མོང་སྟེ་རྟེན་གྱི་དབྱེ་བ་ལྔ། ཕྱི་མ་ལ་ཉེས་པ་གཙོ་བོ་རིགས་དང་གནས་ཀྱི་དབྱེ་བ་གསུམ། ནང་གསེས་དང་བཅས་པ་ནོད་བྱ་ཉི་ཤུ་རྩ་ལྔ་ལ་རྐྱང་པ་ལྡན་འདུས་འདྲེས་པའི་རིགས་ཀྱི་རྣམ་པའི་སྒོ་ནས་དབྱེ་བ་གྲངས་མེད་པ་རྣམས་ནི་ནད་ཀྱི་དབྱེ་བ(5)སྟེ་རྣམ་གྲངས་ལྔ་ཡི་སྒོ་ནས་གསོ་བྱ་ནད་ཀྱི་མཚན་ཉིད་ལེགས་པར་རྟོགས་པར་བྱའོ།།

2. གསོ་བྱེད།

སྤྱོད་ལམ་རྒྱུན་སྤྱོད་དུས་སྤྱོད་གནས་སྐབས་ཏེ། །ཟས་ཚུལ་བསྡམ་དང་ཟས་ཚོད་རན་པར་བཟའ། །སྨན་ལ་རོ་ནུས་ཞུ་རྗེས་སྦྱོར་བའི་ཐབས། །འཇམ་རྩུབ་དྲུག་དཔྱད་དེ་ཡི་ཆ་བྱད་བཅས། ། ནད་གསོ་བྱེད་གཉེན་པོ་རྣམས་ཀྱི་ཐོག་མར་གལ་ཆེ་བ་བྱ་བ་སྤྱོད་ལམ་གནས་ལ།  ཚེ་རྐྱང་འཇིག་རྟེན་པ་དང་དམ་པ་རྣམས་ཀྱི་རྒྱུན་དུ་སྤྱོད་པ། དུས་དྲུག་ཏུ་གསོག་ལྡང་གི་གཉེན་པོ་བསྟེན་པའི་དུས་སྤྱོད། ནད་མི་སྐྱེ་བ་དང་སྐྱེས་པ་ཞི་བའི་གནས་སྐབས་ཀྱི་སྤྱོད་ལམ་སྟེ་གསུམ་མོ།།

འཚོ་བ་ཟས་ལ། བཟའ་བྱའི་ཟས་དང་བཏུང་བྱའི་སྐོམ་གྱི་ཚུལ་ལམ་རྣམས་གྲངས་ཤེས་པར་བྱ་བ། ལུས་ལ་མི་འཕྲོད་པ་བསྡམ་པར་བྱ་བ། ཟས་ཀྱི་ཚོད་རན་པར་བཟའ་བ་གསུམ་མོ། སྦྱོར་བ་སྨན་ལ་རོ་དྲུག་ནུས་པ་བརྒྱད་ལས་སྐྱེས་པའི་ཡོན་ཏན་བཅུ་བདུན་ཞུ་རྗེས་གསུམ་རྣམས་ནད་ཀྱི་འབྱུང་བའི་གཉེན་པོར་སྤྲད་པའི་རོ་བསྡེབས་སྦྱོར་བ་ལྔ་བཅུ་རྩ་བདུག་དང་རྐྱང་པ་དྲུག་བཅས་དྲུག་ཅུ་རྩ་གསུམ་ནི་སོ་སོར་འཕེལ་ཟད་བདུན་ཅུ་རྩ་བཞིའི་གཉེན་པོར་སྦྱར་ཞིང་། ནུས་པར་སྦྱོར་བ་ཞི་སྦྱོང་གཉིས་ནད་རིགས་སྤྱིའི་གཉེན་པོར་སྦྱོར་བའི་ཐབས་ལ་མཁས་པར་བྱ་བ་དང་། ཆ་བྱད་དཔྱད་ལ། འཇམ་པོའི་དཔྱད་དུག་ལུམ་བྱུགས་པ། རྩུབ་པའི་དཔྱད་གཏར་སྲེག་དབུག་པ། དྲག་པོའི་དཔྱད་འདྲལ་གཅོད་འདྲུད་དང་འབྱིན་པ་བཞི། དེ་དག་གི་ཆ་བྱད་ཟུག་རྔུ་བརྟག་པའི་དཔྱད་ཁབ་མགོ་སོགས་བཅུ་བཞི། ཟུག་རྔུ་འབྱིན་པ་སེང་གེ་ལ་སོགས་སྐམ་པའང་རིགས་དྲུག  ཤ་འདྲལ་ཁྲག་དབྱུང་བྱེའུའི་སྒྲོ་འདྲ་སོགས་བཙག་བུའི་སྡེ་དྲུག  བཙག་དབུགས་འདྲེན་དཔྱད་སྒྲུབས་ཐུར་སྨྱུ་གུ་ལ་སོགས་ཐུར་མ་དགུ། གཅེའུ་རྔབས་ར་བུམ་པ་ལ་སོགས་ཆ་བྱད་ཕྲན་བུ་དང་བཅས་པ་སྟེ། དེ་དག་གིས་རྣམ་པར་གྱུར་པའི་ནད་ཀྱི་རིགས་སྙིང་རྗེས་གསོ་བ་ལ་བརྩོན་པ་བྱའོ།།

3. གསོ་ཐབས།

(1)ནད་མེད་གནས་ཤིང་འཚོ་བ།

ནད་མེད་བདེར་གནས་རགས་པའི་ནད་ལས་བསྲིང་།

རྣམ་པར་མ་གྱུར་པ་ནད་མེད་ཀྱི་ཐ་མལ་གྱི་ལུས་པོ་མིན་པར་གནས་པ་དང་རིང་དུ་འཚོ་ཞིང་བདེ་བར་གནས་པའི་ཐབས་མཆོག་ནད་ཀྱི་རྒྱུ་རྐྱེན་སྤང་བ་ལ་བསླབ། ལོ་ཟླ་མང་དུ་འདས་པས་ལུས་ཟུངས་ཀྱི་སྟོབས་འགྲིབས་ཏེ་རྟེན་རྙིང་ནས་རགས་པས་ཚེ་ཟད་པར་ཉེ་བས་བཅུད་ལེན་སྦྱོར་བས་སྟོབས་སྐྱེད་ཅིང་ཚེ་བསྲིང་བར་བྱའོ།།

(2)ནད་གསོ་བར་བྱ་བ།

ན་བ་རྒྱུ་དང་མཚན་ཉིད་ཕན་གནོད་བསྟེན། །ངན་གཡོ་སྐྱོན་རང་སྤང་བླང་མུ་བཞིས་བརྟག  །སྤྱི་དང་བྱེ་བྲག་ཁྱད་པར་ཚུལ་གྱིས་རང་སྤང་བླང་མུ་བཞིས་བརྟག  །སྤྱི་དང་བྱེ་བྲག་ཁྱད་པར་ཚུལ་གྱིས་གསོ།།ཐུན་མོང་ཁྱད་པར་གསོ་བའི་ཐབས་ལྡན་བྱ། །

ན་བ་གསོ་བའི་ཐོག་མར་ངོས་འཛིན་རྟཊ་ལ་མཁས་པར་བྱ་དགོས་པས། དེའང་སློང་བྱེད་རྒྱུ། མཚན་ཉིད་རྟཊ། ཕན་གནོད་གོམས་པ་བསྟེན་པ་གསུམ་གྱིས་ཉེས་པ་དངོས་སུ་བརྟག  ངན་གཡོ་སྐྱོན་ཏེ་ཐབས་ཀྱི་སྒོ་ནས་མི་ཤེས་པའི་གྲགས་པ་མི་ཕོག་པར་བརྟག  ན་བ་ཐམས་ཅད་འཚོ་བ་མ་ཡིན་ཞིང་ཐམས་ཅད་འཆི་བའང་མ་ཡིན་པས་གསོ་སླ་བ་དང་གསོ་དཀའ་བ་དང་གསོ་རུང་བ་ཙམ་དང་སྤང་བར་བ་བ་སྟེ་སྤང་བླང་མུ་བཞིའི་སྒོ་ནས་བརྟག 

རྟོགས་ནས་ཇི་ལྟར་གསོ་བར་བྱེད་པས་གསོ་ཚུལ། གསོ་ཐབས་གཉིས། དང་པོ་ལ་གསུམ། ཉེས་གསུམ་གསོ་དུས་ཞི་བྱེད་དང་ལྡང་དུས་སྦྱོང་བྱེད་ཀྱིས་བཅོས་ཤིང་ཞི་བའི་སྐབས་སུ་མི་འཁྲུགས་པར་བྱ་བ་སྤྱིའི་གསོ་ཚུལ། མ་ཞུར་བཅས་པ་དང་རྐྱང་པ་དང་གཞན་དབང་ཅན་གསུམ་གང་མཚམས་སུ་བཅོས་པ་བྱེ་བྲག་གི་གསོ་ཚུལ། མ་རྟོགས་དོགས་པ་དང་བཅས་པ་ལ་སད་མདའ་བཏང་བ། ངོས་ཟིན་ངེས་པ་རྙེད་ནས་སྨན་དཔྱད་དངོས་སུ་སྦྱོར་བ། གཉེན་པོའི་ཐོག་ཏུ་མི་འབབས་པ་ལ་ནད་ལམ་དུ་གཟུང་བ། སྔར་བཅོས་དམན་ལྟག་ལོག་པ་ལ་གཉེན་པོ་བསྒྱུར་བ། ཤིན་ཏུ་སྟོབས་ཆེན་གྱི་ནད་ལ་གཉེན་པོ་རྩལ་སྤྲུགས་པ། ནད་སྟོབས་ཆུང་ངུའི་རིགས་ལ་གཉེན་པོ་ཆ་ཡིས་བསྐྱེད་པ། ཉེས་གསུམ་རྐྱང་པའི་ནད་ལ་གཉེན་པོ་གཞན་གནོད་མེད་པ། ལྡན་པ་དང་འདུས་པའི་ནད་ལ་འདུ་བ་ཆ་སྙོམས་སུ་བཅོས་པ། ཐམས་ཅད་ལའང་བཅོས་བྱ་འཆོས་བྱེད་འཚམས་ཤིང་མ་ནོར་བ་སྟེ་ཁྱད་པར་གྱི་གསོ་ཚུལ་དགུ་ཡིས་ནད་རྣམས་གསོ་བར་བྱ་ཞིང་། ཐུན་མོང་གསོ་ཡུལ་ཟུངས་ཟད་སོགས་བརྟ་བར་བྱ་བ་དང་། ཚོ་ཆེས་སོགས་ཉམས་དམད་པའི་ཐབས་གཉིས། ཁྱད་པར་ཚ་བ་བསིལ། གྲང་བ་དྲོད། རླུང་སྣུམ་དྲོ་སོགས་ཉེས་གསུམ་སོ་སོར་བའི་ཐབས་དང་ལྡན་པར་བྱའོ།།

4. གསོ་མཁན།

སྨན་པ་རྒྱུ་དྲུག་མཆོག་གྱུར་ལས་ལ་མཁན། །རང་གཞན་འཕྲལ་ཡུན་བདེ་ལེགས་འབྲས་བུ་སྤྱོད། །

གསོ་བའི་བྱ་བ་བྱེད་པའི་སྨན་པའི་མཚན་ཉིད་ཀྱང་རྒྱུ་དྲུག་དང་ལྡན་པ་སྟེ། བློ་གྲོས་ཆེ་བ་བློ་བརྟན་པོ་བློ་གཟེག་པ་སྟེ་བློ་དང་ལྡན་པ། བྱམས་པ་དང་སྙིང་རྗེ་ལྡན་པ་བསམ་པ་དཀར་བ། བློ་བཞག་དྲུག་གཟུང་བྱ་གཉིས་ཤེས་པ་གསུམ་སྟེ་དམ་ཚིག་དང་ལྡན་པ། ལག་པ་བཟོ་ངག་ཚིག་སྙན་རིག་པ་བཀྲ་བ་སྟེ་རྣམ་པ་བཟོ་བ། བདག་དོན་བསླབ་སྦྱོང་དང་གཞན་དོན་གསོ་དཔྱད་ལ་ལེ་ལོ་མེད་པས་བྱ་བ་ལ་བརྩོན་པ། དམ་པའི་མཚན་ཉིད་ལྡན་ཅིང་ཕུན་མོང་གི་ཀུན་སྤྱོད་ལེགས་པ་སོགས་མི་ཆོས་ལ་མཁས་པ་རྣམས་སོ། །དེའང་རིགས་བརྒྱུད་མེད་ཅིང་མཐོང་གོམས་ཆུང་བ་སོགས་ཐ་མའི་སྐྱོན་བཅུ་གཉིས་སྤངས་ཤིང་མཆོག་གི་ཡོན་ཏན་རྣམས་དང་ལྡན་པ། ཐུན་མོང་སྒོ་གསུམ་གསོ་དཔྱད་ཀྱི་ལས་དང་ཁྱད་པར་ལྟ་སྒོམ་སྤྱོད་པའི་བྱ་བ་ལ་མཁས་པ་སྟེ། དེ་ལྟ་བུའི་ཚུལ་རྣམས་ཇི་སྐད་བཤད་པ་ལྟར་ཚད་དང་ལྡན་པར་འབྲེལ་བས་རང་གཞན་གཉིས་ཀ་འཕྲལ་དང་ཀུན་ཏུ་བདེ་ལེགས་ཀྱི་འབྲས་བུ་ལ་སྤྱོད་པར་འགྱུར་རོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1