༄༅།། 2018ལོའི་ཕྱིར་མིག

ཁྱུང་ཐར་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་རིག་གསར་འགྱུར། སྤེལ་དུས། 01-15


རྨ་ལྷོ། ཁྱུང་ཐར་རྒྱལ།
དང་པོ།དཔེ་ཀློག
        2018ལོ་ནི་ཆེས་སྤྱིར་བཏང་གི་ལོ་ཟླ་དེ་དག་དང་འདྲ་བར་ཕལ་ཆེར་ཁུ་སིམ་མེར་བུད་སོང་།ཡིན་ནའང་འདས་པའི་ལོ་གཅིག་གི་རིང་འདིར།བདག་ལ་མཚོན་ན་དོན་དག་ཁ་ཤས་ཤིག་གླེང་རིན་ཡོད་པར་འདོད་པས་འདི་རུ་ས་བཅད་མ་ལྟོངས་ཙམ་ཞིག་འགོད་པའི་ངལ་བ་ལྷུར་ལེན་རྒྱུ་ཡིན།
        དཔེ་ཀློག་ནི་ཡི་གེ་ཤེས་པའི་མི་ཞིག་ལ་མཚོན་ན།དེ་ནི་རིན་ཐང་གཞལ་དུ་མེད་པའི་སེམས་ཀྱི་ལོངས་སྤྱོད་ཅིག་ཡིན།དཔེ་ཀློག་གིས་ད་གཟོད་མི་ལ་འོད་ཟེར་གྱི་ལམ་ཆེན་སྟོན་ལ།དཔེ་ཀློག་གིས་ད་གཟོད་མི་དང་ཕྱུགས་ཀྱི་ཁྱད་པར་ཕྱེས་པ་རེད།དཔེ་ཀློག་ལ་གོམས་པའི་མི་དེ་ཡ་རབས་ཀྱི་མི་ཞིག་ཡིན་ལ།དཔེ་ཀློག་ལ་དགའ་བའི་མི་རིགས་དེ་མདུན་ལམ་ཡོད་པའི་མི་རིགས་ཤིག་ཡིན།དབུལ་ཕྱུག་དང་ཤེས་རྨོངས།སྔོན་ཐོན་དང་རྗེས་ལུས་སོགས་དཔེ་ཀློག་དང་ཐད་ཀར་འབྲེལ་བ་ཡོད་ཅིང་།མི་ཞིག་གི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ཀྱང་ཐད་ཀར་དཔེ་ཀློག་དང་འབྲེལ་ནས་ཡོད་ཅེས་སྨྲས་ཀྱང་མི་ཆོག་པ་གང་ཡང་མེད།དེ་བས་ནམ་ཡང་དཔེ་ཀློག་ལ་འཇུག་པ་ནི་ཡི་གེ་ཤེས་པའི་མི་ཞིག་ལ་མཚོན་ན་ངེས་པར་དུ་དམ་འཛིན་དང་ཆེས་གལ་ཆེན་ནང་གི་དོན་ཆེན་ཡིན་པའི་བྱ་བ་རླབས་ཆེན་ཞིག་ཏུ་ཆགས་ཡོད།ང་རང་ལ་མཚོན་ན་བྱ་བ་སྣ་ཚོགས་ཀྱི་ཞོར་ནས་ཆུ་ཚོད་རེ་བཙལ་ཏེ་རང་ནུས་ཅི་ཡོད་ཀྱིས་དཔེ་ཀློག་ལ་བསམ་པ་ཡར་སེམས་དང་སྐུད་པ་ཡར་འཁེལ་བྱས་པ་ཡིན་ཡང་།སྔོན་ཆད་ཀྱི་ཡིད་འཛིན་དེ་འདྲ་མེད་པར་མ་ཟད།རྒྱུན་དུ་རྣམ་གཡེང་དང་ལེ་ལོའི་དབང་དུ་ཤོར་བས་དཔེ་ཆ་དེ་དག་ལ་ཆེས་སྤྱིར་བཏང་གི་བག་ཆགས་ཙམ་བཞག་པ་ལས་ཚིག་དོན་གཉིས་ཆར་དེ་འདྲའི་ཞིབ་ཆ་ཐོན་མེད།ལོ་འདིར་བདག་གིས《སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི》ཞེས་པ་དང《བསྟན་པ་ཕྱི་དར་ལས་སྨད་འདུལ་སྐོར་གྱི་ཞིབ་འཇུག》《ན་གཞོན་སྙན་ངག་པ་ཞིག་ལ་སྤྲིངས་པའི་ཡི་གེ》《ཧོར་གླིང་གཡུལ་འགྱེད》《འཕགས་པ་བརྒྱད་སྟོང་བ》སོགས་བསྡོམས་པས་དཔེ་ཆ་ཉེར་བརྒྱད་ཙམ་བཀླགས་ཡོད།《ཧོར་གླིང་གཡུལ་འགྱེད》ལ་མཚོན་ན་ཀློག་ཐེངས་གཉིས་པ་ཡིན་ཞིང་ཚིག་རྒྱན་སྦྱོར་ཚུལ་དང་གཏམ་དཔེ་བེད་སྤྱོད་བྱེད་སྟངས་སོགས་ལ་སྔར་ལས་ངེས་ཤེས་གསལ་པོ་ཐོབ་པར་མ་ཟད།རང་ཉིད་ཀྱིས་ངེས་པར་དུ་སློབ་དགོས་པའི་སྐད་ཆའི་ཚིག་མཛོད་ཅིག་ཏུ་ཡང་བསྐྱར་ངོས་ཟིན་ཐོབ། ཐ་ན་ལེའུ་ཉེར་དགུ་བར་གེ་སར་འཛོམས་པ་སྤུན་གསུམ་དུ་བརྫུས་ཏེ་འབྲུག་མོར་ཞྭ་བཤད་བྱས་པ་དེ་ཁོ་ནའི་སྟེང་ན་ཡང་ང་ཚོས་བསླབ་མི་ཚར་བའི་ཤེས་བྱ་ཧ་ཅང་མང་པོ་ཞིག་ཡོད་པ་རེད།དེ་བཞིན་དུ《འཕགས་པ་བརྒྱད་སྟོང་བ》ཡི་སྐད་བརྡའི་སྦྱོར་ལུགས་སོགས་ལ་ང་ཚོས་དེ་ལས་ལྷག་པར་སློབ་སྦྱོང་བྱེད་དགོས་ཤིང་།གནའ་དཔེ་དེ་དག་ལ་བརྟེན་ནས་ང་ཚོསརང་ཉིད་ཀྱི་སྐད་ཆ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ནི་ཧ་ཅང་དགོས་གལ་ཆེ་བའི་དོན་དག་ཆེས་གལ་བོ་ཆེར་ཆགས་འདུག་སྙམ།དེ་མིན་ད་དུང《སྦྲང་ཆར》དང《མི་རིགས་ཀྱི་རྩོམ་རིག》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ཟླ་ཟེར》《རང་གྲོལ》སོགས་དུས་དེབ་དང《མཚོ་སྔོན་བོད་ཡིག་གསར་འགྱུར》དང《རྨ་ལྷོའི་ཚགས་པར》སོགས་ཆད་ལུས་མེད་པར་ཀློག་པ་ནི་བདག་ལ་མཚོན་ན་རྒྱུན་ལྡན་གྱི་དཔེ་ཀློག་གི་གོམས་གཤིས་ཙམ་ཡིན་པས།དུས་དེབ་དང་ཚགས་པར་དེ་དག་ཕལ་ཆེར་ཁ་ཚང་དུ་བཀླགས་མྱོང་ཡོད། །

གཉིས་པ།ཚོགས་འདུ།
        ཚོགས་འདུའི་སྐོར་འདི་རིག་གནས་པ་ཞིག་ལ་མཚོན་ན་དེ་འདྲའི་དགོས་གལ་མེད་པ་ལྟར་སྣང་ཡང་།འདིར་རིག་གཞུང་དང་རྩོམ་འབྲིར་འབྲེལ་བ་ཡོད་པ་དག་མཚམས་སྦྱོར་བྱེད་པའི་དགོས་པའང་ཅུང་ཙམ་ཡོད་པར་འདོད་པས་ངོ་སྤྲོད་ཙམ་ཞུ་རྒྱུ་ཡིན།ཟླ་དང་པོའི་ནང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཐེངས་བརྒྱད་པའི་འཐུས་མི་ཚོགས་ཆེན་ལ་ཞུགས་པ་དང་།ཟླ་བརྒྱད་པར་ཁམས་ལི་ཐང་ནས་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་ལ་ཞུགས་ཤིང་ལི་ཐང་གི་རྟ་རྒྱུག་དུས་ཆེན་གྱི་མཛད་སྒོ་ལའང་དུས་མཚུངས་སུ་ཞུགས་ཏེ།ས་དེ་གའི་དམངས་སྲོལ་རིག་གནས་སོགས་ལ་བག་ཆགས་རགས་ཙམ་བཞག དེའི་གཞུག་ཏུ་ཟི་ལིང་ནས་འཚོགས་པའི་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་ཚོགས་འདུར་ཞུགས་ཤིང་རང་ཞིང་གི་རྩོམ་པ་པོ་རྣམས་དང་མཉམ་དུ་བག་ཕེབས་ཀྱིས་ཁ་བརྡ་དང་ཕན་ཚུན་རྒྱུས་ལོན་ཟབ་མོ་བྱེད་པའི་གོ་སྐབས་ཡག་པོ་བྱུང་།ཟི་ལིང་ནས་ད་དུང་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གིས་འགན་སྒྲུབ་བྱས་པའི་རྒྱལ་ཡོངས་སློབ་གྲྭ་ཆེན་མོ་བའི་སྙན་ངག་གྱེར་འདོན་དགོངས་ཚོགས་སུ་ཞུགས་ཏེ།ལང་ཚོའི་མཛེས་སྡུག་རྣམ་པར་གྲོལ་བའི་སློབ་ཆེན་སློབ་མ་དེ་དག་གི་སྙན་པའི་ངག་གི་ལོངས་སྤྱོད་དང་མཛེས་པའི་ལུས་ཀྱི་ཉམས་འགྱུར་སོགས་ཀྱིས་ཡིད་ཀྱི་མཚོ་མོ་དབང་མེད་དུ་སྐྱོམ་པར་བྱས།ཟླ་བཅུ་པར་ཟི་ལིང་ནས་འཚོགས་པའི་མཚོ་སྔོན་དང་ཀན་སུའུ།ཟི་ཁྲོན་གསུམ་གྱི་བོད་སྐད་བརྙན་འཕྲིན་གསར་འགྱུར་མཐུན་སྦྱོར་ཚོགས་འདུ་སྐབས་དང་པོ་དང་།མཚོ་སྔོན་ཞིང་ཆེན་གསར་འགྱུར་བྱ་སྒྲུབ་པའི་མཐུན་ཚོགས།མཚོ་སྔོན་ཞིང་ཆེན་གསར་འགྱུར་མཐུན་ཚོགས་གྱི་ཐེངས་བདུན་པའི་ལས་འཛིན་གྲོས་ཚོགས་ལ་ཞུགས་ཤིང་།ཟླ་བཅུ་གཅིག་པར་ན་གོར་མོ་ནས་བསྡུས་པའི2018ལོའི་ན་གོར་མོའི་སྨྱན་བྱེད་མཉམ་འདྲེས་ཚོགས་འདུ་དང་མཚོ་ལྷོ་ནས་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཕུལ་བྱུང་བརྩམས་ཆོས་ལ་བྱ་དགའ་གནང་བའི་ཚོགས་འདུར་ཞུགས་ཞིང་།ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་གཏེར་ལེན་ཁ་ནས་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་མཉམ་འབྲེལ་ཚོགས་ཆེན་སོགས་ལ་ཞུགས་ཏེ།གསར་འགྱུར་དང་རྩོམ་འབྲིའི་ཕྱོགས་ཀྱི་ཤེས་བྱ་མང་པོ་ཞིག་ལ་གསར་དུ་འབྲེལ་འདྲིས་དང་བག་ཆགས་ཟབ་མོ་བཞག

གསུམ་པ།རྩོམ་འབྲི།
        2018ལོར་མཚོན་ན་བདག་གི་རྩོམ་འབྲིའི་ལས་ཀའང་མཚམས་མ་བཞག་པར་མུ་མཐུད་དེ་རྒྱུན་འཁྱོངས་བྱེད་ཐུབ་པ་བྱུང་ཡོད།ཟླ་དང་པོའི་ནང་བདག་གི་དཔྱད་རྩོམ་དེབ《བོད་རིག་པའི་དཔྱད་གླེང་མུ་ཏིག་དཀར་པོའི་སྒྲོམ་ཆུང་》ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་སྙན་དེབ《རང་གི་རུས་པར་བརྐོས་པར་ཡི་གེ》ཞེས་པའང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་སྐྲུན་གྱི་ཆོག་མཆན་ཐོབ་ཡོད།《དགྲ་ལྷའི་རྒྱལ་པོ་བྲག་དཀར་སྤུན་གསུམ་གྱི་རྟོགས་བརྗོད་ལྷ་གཉན་དགྱེས་པའི་རོལ་མོ》ཞེས་པ་དང《རྟོགས་བརྗོད་དཔྱིད་ཀྱི་ཆར་དཀར》ཞེས་པའི་སྙན་ངག་རིང་པོ་གཉིས་བྲིས་ཤིང་ལོ་འདིའི《མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ》དེབ་བཞི་པ་དང་《གངས་རྒྱན་མེ་ཏོག》དེབ་བཞི་པ་གཉིས་སུ་བཀོད།སྒྲུང་གཏམ《ས་འོག་ཏུ་འཛུལ་བའི་མི་རབས》ཞེས་པ་དང་སྙན་ངག《ཁྱོད་རང་གཏན་དུ་གཟིམ་པར་གྱིས》ཞེས་པ་སོགས་སྔ་རྗེས་སུ《མཚོ་སྔོན་བོད་ཡིག་གསར་འགྱུར》དང《སྦྲང་ཆར》《མི་རིགས་ཀྱི་རྩོམ་རིག》སོགས་སུ་བཀོད།བདག་གིས་གཙོ་འགན་བྱས་ཏེ་བྲིས་པའི《དཀར་པོ་གཤོང་བཀྲ་ཤིས་ཆོས་རྫོང་དགོན་གྱི་ལོ་རྒྱུས》ཀྱང་སྲིད་གྲོས་རྩེ་ཁོག་རྫོང་གི་རིག་གནས་ལོ་རྒྱུས་དཔྱད་ཡིག་དེབ་བཞི་པར་བཀོད་།དེ་མིན་བསྒྱུར་རྩོམ《ཨེར་ཀོའུ་ནཱ་ལ་འགྲོ་ཚུལ》དང《ཁ་བ》སོགས《མི་རིགས་རྩོམ་རིག》དུས་དེབ་དུ་སྤྲད་དེ་པར་འགོད་བྱེད་པར་བསྒུག་ཡོད།ད་དུང་ངོ་སྤྲོད་བྱེད་རྒྱུ་ཞིག་ལ་བདག་གི་སྙན་ངག《བོད་ལྗོངས་སུ་ཉུལ་བའི་ཟིན་ཐོ》དང་ལྷུག་རྩོམ《སྐྱིད་པོ་རི》《བྲག་དཀར་སྤུན་གསུམ》སྒྲུང་གཏམ《སླེ་བོ》སོགས་ལོ་ཙྭ་བ་ཨ་ལྡོང་དཔའ་རྡོ་ཐར་དང་མཛེས་སེ།པདྨ་ལྷུན་གྲུབ།ཀྲའོ་ཡུག་ཉན་སོགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་ཏེ།མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་འབྲོང་དཔེ་ཚོགས་སུ་དཔར་སྐྲུན་གནང་ཡོད།འདི་དག་ནི་བདག་ལ་མཚོན་ན་ལོ་འདིའི་གྲུབ་འབྲས་གལ་ཆེན་དུ་བརྩི་རིགས་ཤིང་།2018ལོའི་རང་ཉིད་ཀྱི་སྤྱི་སྡོམ་ཐེངས་ཤིག་ཀྱང་ཡིན་པར་བསམས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1