༄༅། །རྒྱ་བླ་ཞེས་པའི་ཐ་སྙད་དཀྲོལ་སྟངས་ཤིག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-25


                   དེང་སང་བོད་རྣམས་ཀྱི་ཁ་བརྡ་རིང་མོའི་ཁྲོད་དུ་རྒྱ་བླ་རྒྱ་བླ་ཟེར་ནས་རྒྱུན་དུ་གླེང་བཞིན་ཡོད། རྒྱ་བླ་ཞེས་པའི་ཐ་སྙད་དེ་གསར་བ་ཞིག་ཡིན་མིན་བརྗོད་དཀའ་མོད། དོན་ལ་བོད་ཀྱི་མི་རྒྱ་ནག་གི་རྒྱལ་པོའི་དབུ་བླ་དང་རྒྱ་རིགས་ཀྱི་མིའི་བླ་མ་མཛད་མཁན་ལ་གོ། དེ་ལ་འཇམ་མགོན་ས་སྐྱ་པཎྜི་ཏ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། གཡུང་སྟོན་རྡོ་རྗེ་དཔལ་བཟང་དང་། བྱམས་ཆེན་ཤཱཀྱ་ཡེ་ཤེས་དང་། རྒྱལ་དབང་གོང་ས་ལྔ་པ་ཆེན་མོ་སོགས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་པཎ་ཆེན་སྐུ་ཕྲེང་རིམ་པ་དང་།  ཀརྨ་པཀྵི་སོགས་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་རིམ་བྱོན་དང་། ཞྭ་དམར་སྐུ་ཕྲེང་རིམ་བྱོན་དང་། ལྕང་སྐྱ་སྐུ་ཕྲེང་རིམ་བྱོན་དང་། ཐུའུ་བཀྭན་སྐུ་ཕྲེང་ན་རིམ་སོགས་བླ་མ་ཤིན་ཏུ་མང་པོ་ཞིག་ཡོད་ལ། ད་ལྟ་ནི་རྒྱ་ནག་གི་རྒྱལ་པོའི་དབུ་བླ་ཟེར་བ་ཞིག་མེད་མོད། དཔོན་རིགས་ཆེ་ཆུང་དང་རྒྱ་རིགས་ཀྱི་བླ་མར་གྱུར་ཅིང་རྒྱ་ནག་གི་གྲོང་ཁྱེར་སོ་སོར་རྒྱུན་དུ་བྱོན་བཞིན་པའི་བོད་ཀྱི་རབ་སྔགས་དག་ལ་རྒྱ་བླ་ཟེར་འདུག་པས་དོན་ལ་རྒྱ་ནག་མི་རིགས་ཀྱི་མིའི་བླ་མ་དེ་ལ་རྒྱ་བླར་འབོད་པ་ནི་བསྙོན་དུ་མེད་དོ། །

                  དེ་ལ་རྒྱ་རིགས་ཀྱི་མིའི་བླ་མར་གྱུར་པའི་སྤྲུལ་སྐུ་དང་། མཁན་པོ་དང་། ཁྱིམ་སྔགས་པ་དང་། བླ་ཕྲན་དང་། ཆོས་པ་ཕལ་བ་སོགས་རྟེན་རིགས་མང་པོ་ཞིག་འདུ། འོན་ཀྱང་དེ་དག་ནི་ཕལ་མོ་ཆེ་བོད་ཡུལ་གྱི་དགོན་པ་རེའི་དགོན་བདག་མིན་པ་དཀོན་པས་ཕལ་མོ་ཆེ་བོད་ཀྱི་དགོན་བདག་ལགས། སྔོན་དགོན་བདག་མིན་ཡང་རྒྱ་ཡུལ་དུ་ཕེབས་ཏེ་འབུལ་སྡུད་བགྱིས་ནས་ནོར་བརྙེད་པ་དག་གིས་བོད་དགོན་རེ་ལ་རྟེན་དང་ལྷ་ཁང་བཞེངས་པ་དང་། གྲྭ་འགྱེད་བཏང་བ་སོགས་ཀྱིས་སྤྲུལ་སྐུའི་མིང་ཐོབ་པ་དང་། དགོན་བདག་གི་གོ་ས་ཐོབ་པ་ཤིན་ཏུ་མང་ངོ་། །

                   དགོན་བདག་མ་ཐོབ་ཀྱང་སྤྲུལ་སྐུའི་མིང་མ་ཐོབ་པ་ནི་དཀོན་ལ། བོད་ཀྱི་བླ་ཆེན་དང་དགོན་ཆེན་རེའི་རྒྱབ་སྐྱོར་དང་དཔང་ཡིག་ཐེལ་ལྡན་མ་ཐོབ་པ་ནི་དེ་བས་ཀྱང་དཀོན། འདིའི་གྲས་སུ་སྐྱ་བོ་རང་ག་བ་མགོ་འཕྲུལ་ལ་བྱང་བ་དང་། རྒྱལ་ཁབ་ཀྱི་ལས་བྱེད་ངལ་གསོ་བ་རྒྱ་སྐད་ལ་བྱང་བ་དང་། སྔགས་རྒན་རེའི་ཆུང་མ་ཡིན་པ་དང་། ཇོ་མོ་སོགས་སྔོན་རང་ཡུལ་ནས་མི་དཀྱུས་མ་ལས་ཀྱང་དཀྱུས་མ་ཡིན་པ་ཡང་མི་ཉུང་ཙམ་མཆིས། མདོར་ན་རྒྱ་བླའི་ཁྲོད་དུ་བོད་ཀྱི་བླ་ཆེན་དང་། མཁན་ཆེན་དང་།   མཁས་ཆེན་གྲགས་ཅན་ནས་བླ་མ་བསྟེན་མ་མྱོང་བའི་རྒད་པོ་དང་རྒད་མོ་རང་ག་བ་ཡན་ཆད་ཡོད། རྒྱ་བླ་ཕལ་ཆེ་བའི་རྒྱ་ཡུལ་ལ་ཕེབས་པའི་དམིགས་ཡུལ་གཙོ་བོ་ནི་འབུལ་ནོར་སྡུད་རྒྱུ་ཉག་གཅིག་དེ་ཡིན་གྱི་བསྟན་པའི་ཆེད་དུ་མིན་ལ། རྒྱ་རིགས་དད་ལྡན་གྱི་ཆེད་དུ་དེ་བས་ཀྱང་མིན། དེ་ཡང་ཁོང་ཅག་ལ་དབང་བའི་དགོན་པ་དང་སྡེ་བ་ཉི་ཚེ་བའི་ཆེད་དུ་རྟེན་བཞེངས་པ་དང་། ལྷ་ཁང་སྐྲུན་པ་དང་། སློབ་གྲྭ་འཛུགས་པ་ལ་སོགས་པའི་ཆེད་དུ་འབུལ་སྡུད་གཉེར་བའི་དམིགས་ཡུལ་ཅན་མང་མོད་ཞོར་དུ་རང་ལའང་ནོར་མང་པོ་ཐོབ་ཐུབ་པས་དོན་ལ་རང་དོན་དུ་རྒྱ་བླ་བྱེད་པའི་ལས་གཉེར་བ་ཡིན་པ་ཡང་ཤིན་ཏུ་མང་ཞིང་། དགོན་པས་ཆེད་དུ་བཏང་བའང་ཡོད་ལ། རྟེན་བཞེངས་དང་གཞན་ཕན་གྱི་བྱ་བ་སྒྲུབ་བཞིན་ཡོད་པར་ཁ་གཡར་བ་དང་རྫུན་རྐྱང་པའི་སྒོས་རང་ཁོ་ནའི་ཆེད་དུ་ནོར་སྡུད་ཀྱིན་མཆིས་པ་ཡང་མང་ངོ་།  །

                    ནོར་སྡུད་ཚུལ་དེ་ནི་ཐམས་ཅད་ཀྱིས་དགོན་པ་འདེབས་པ་དང་། ལྷ་སྐུ་ལྷ་ཁང་བཞེངས་པ་དང་། གསུང་རབ་སྤེལ་ཞིང་མཆོད་རྟེན་བརྩེགས་པ་དང་། བཤད་གྲྭ་དང་སྒྲུབ་གྲྭ་འཛུག་པ་དང་། སློབ་གྲྭ་དང་། རྒན་གསོ་ཁང་དང་། སྨན་ཁང་སྐྲུན་པ་དང་། ལམ་དང་ཟམ་པ་བཟོ་དགོས་པ་དང་། ཐ་ན་སྤྲང་འགྱེད་དགོས་ཚུལ་སོགས་རྒྱ་ཁྱབ་ཏུ་བསྒྲགས་ཏེ་སློབ་མ་སྡུད་ཅིང་ཕྱུག་པོ་འཚོལ་བཞིན་ཡོད་དོ།  །

                    ནོར་སྡུད་ཐབས་དེ་ཡང་དབང་བསྐུར་ཆོས་འཆད་ཀྱི་སྒོ་ནས་སྡུད་པ་དང་། མ་ཎི་ས་ཏྭ་སོགས་བསླབ་ཅིང་པྲ་རྩིས་མོ་འདེབས་ཀྱིས་བསྡུད་པ་དང་། གསུར་དང་སྦྱིན་སྲེག་དང་། ཚོགས་མཆོད་དང་གཡང་འབོད་སོགས་རིམ་གྲོ་ཕྲན་བུའི་སྒོས་སྡུད་པ་དང་། སྐྱེ་བ་སྔ་ཕྱི་ངོས་འཛིན་པ་དང་ལྷ་མཐོང་འདྲེ་མཐོང་སོགས་རྫུན་ཁོ་ནའི་འཁོར་ལོ་བསྐོར་ཏེ་ལེན་པ་སོགས་སྣ་ཚོགས་ཤིག་མཆིས། འགའ་རེས་གསུར་དང་བྱབ་འཁྲུས་ཙམ་ཡང་འདོན་མི་ཤེས་པར་མ་ཎི་བཏོན་ཅིང་སྒྲུང་གླུ་གྱེར་ཏེ་འབུལ་བ་ལེན་མཁན་ཡང་ཡོད་དོ། །

                       རྒྱ་བླའི་ཁྲོད་དུ་ཆོས་འཆད་དབང་སྐུར་དང་། རིམ་གྲོ་མོ་རྩིས་སོགས་ཚུལ་བཞིན་ཤེས་ནས་བྱེད་པ་དང་། རང་གི་སྒོ་གསུམ་དང་ཀུན་སྤྱོད་ཀྱང་ཚུལ་བཞིན་ལེགས་པོའི་སྒོ་ནས་རྒྱ་ནོར་སྡུད་མཁན་ཡང་མི་ཉུང་ཙམ་མཆིས། བོད་ཡུལ་ནས་བླ་ཆེན་དང་། རྩིས་པོ་ཆེ་དང་། སྙན་གྲགས་ཅན་དང་། འཁོར་སློབ་དད་ལྡན་མང་བའི་རྩ་ཆེན་དང་བཟང་པོར་གྲགས་པའི་གང་ཟག་མང་པོས་ཀྱང་རྒྱ་ཡུལ་ནས་རྒྱ་ཕོ་ཕྱུག་པོ་ལ་ཁྱོད་ངའི་སྐྱེ་བ་སྔ་མའི་ཕ་དང་སྤུན་དང་སློབ་མ་དང་། ཐ་ན་རང་གི་བླ་མའི་སྐྱེ་བ་ཡིན་ཟེར་བ་དང་། ཚེ་འདིའི་ཆོས་བདག་དང་། སློབ་མའི་མཆོག་ཡིན་ཟེར་བ་དང་། རྒྱ་རྒད་མོ་ཕྱུག་པོ་ལ་ཚེ་སྔོན་གྱི་མ་དང་ཕྱི་མོ་ཡིན་ཟེར་བ་དང་། རྒྱ་མོ་ན་ཆུང་དང་མཛེས་མ་ལ་སྐྱེ་བ་སྔ་མའི་སྲིང་མོ་དང་ཆུང་མ་ཡིན་ཟེར་བ་སོགས་རྫུན་ཐབས་སྣ་ཚོགས་ཀྱིས་རང་གི་དབང་དུ་འདུ་ཐབས་དང་ལག་གི་ནོར་དེ་ལོན་ཐབས་ལ་འབད་བཞིན་མཆིས་པས་རྒྱ་ཡུལ་དུ་རྫུན་ལབ་མཁན་དང་། གཞན་བསླུ་མཁན་དང་། རྒྱ་ནོར་ཅི་ཐོབ་གང་ཐོབ་བྱེད་མཁན་དེ་ནི་རྒྱ་བླ་རྫུན་པ་དང་ངན་ཤོས་དེ་ཁོ་ན་མིན་པར་ངེས། རྒྱ་བླ་ངན་ཤོས་དག་ལ་བོད་ནས་རྩིས་དང་རྒྱབ་སྐྱོར་རམ་འདེགས་ཆེན་པོ་མི་ཐོབ་པས་དེ་འདྲའི་རྫུན་ལས་ཆེན་པོ་བྱེད་མི་ནུས། རྒྱ་ཕོ་ཕྱུག་པོ་ལ་སངས་རྒྱས་བྱང་སེམས་དང་མཁས་གྲུབ་ཆེན་པོའི་སྐྱེ་བའི་མཚན་གསོལ་བ་དང་། རྒྱ་མོ་མཛེས་མ་དང་ནོར་ལྡན་དག་ལྷ་མོ་དང་མཁའ་འགྲོ་མར་ལུང་བསྟན་ཏེ་སྡེ་སྣོད་གསུམ་མཚོན་གྱི་ཞྭ་དང་རབ་བྱུང་གི་ན་བཟའ་བསྐྱོན་ནས་ཁྲི་ལ་འཇོག་མཁན་དག་ནི་རྒྱ་བླ་བོད་ནས་རྩིས་པོ་ཆེ་དང་ནུས་པ་ཆེ་བ་དག་ཡིན་པ་སྨྲོས་ཅི་དགོས། རྒྱ་རིགས་ནི་མིང་དང་གྲགས་པ་ལ་དགའ་བས་རང་བཞིན་གྱི་བླ་སྤྲུལ་ཙམ་གྱིས་སྐྱེ་བ་སྔ་ཕྱི་དང་མིང་ཆེན་པོ་རེ་བཏགས་ཀྱང་ཡིད་མི་ཆེས། དེ་ཕྱིར་རྒྱལ་བའི་བསྟན་པའི་རྣམ་བཞག་དང་མི་མཐུན་པར་བྱེད་པ་ལ་ནི་རྒྱ་བླ་བོད་ནས་རྩིས་ཆེ་མི་ཆེ་གཉིས་ཀ་འདྲ་བ་མ་ཟད་རྩིས་པོ་ཆེ་དེ་ལྷག་པར་སྡུག། འོན་ཀྱང་བོད་མི་རྣམས་ཀྱིས་རྒྱ་བླ་བོད་ནས་རྩིས་པོ་ཆེར་བརྩི་བ་རྣམས་ཡར་ཕུད། བོད་ཡུལ་གྱི་བླ་གྲྭ་རྒྱ་འབྲེལ་མེད་པ་དག་བཟང་ཕྱོགས་སུ་བཞག། དེ་འཕྲོའི་རྒྱ་བླ་དཀྱུས་མ་དག་ལ་རྒྱ་བླ་རྒྱ་བླ་ཟེར་ནས་བདུད་ཀྱི་རྒྱལ་པོ་དང་། ཇག་པའི་དཔོན་པོ་དང་། བཤན་པའི་གཙོ་བོ་ལས་ཀྱང་འཐུ་བ་སྐད་དུ་སྨོད་ཀྱིན་འདུག་མོད། འདི་ལ་བློ་གཟུ་བོའི་སྒོ་ནས་དཔྱད་ན་བོད་ཡུལ་གྱི་བླ་སྤྲུལ་མཁན་གསུམ་དང་དགེ་སློང་དང་སྔགས་འཆང་ཚུལ་མཐུན་ཚད་ལྡན་དག་མ་གཏོགས་པའི་ལྷག་མའི་བླ་སྤྲུལ་མཁན་གསུམ་དང་དགེ་ཚུལ་སློང་དང་། སྔགས་འཆང་དང་གྲུབ་ཐོབ་གཏེར་སྟོན་དུ་ཁས་འཆེ་བ་རྣམས་ལ་ལྟོས་ན་རྒྱ་བླ་དག་གིས་བཟང་ཞིང་དེ་དག་རང་གཞན་དང་བསྟན་པ་ལ་ཕན་པ་དང་མཛད་རྗེས་ཆེ་ཞིང་། དེ་ཡང་ཆ་སྙོམས་པོ་ཙམ་ལགས། དེ་ལྟར་མི་འཐད་དེ། རྒྱ་བླ་དག་རྒྱུ་ནོར་གྱི་ཆེད་ཁོ་ནར་རྒྱུ་བས་སོ་ཞེ་ན། བོད་དུ་རབ་སྔགས་དེ་བས་མང་བ་ཞིག་ནོར་གྱི་ཆེད་དུ་བྱ་བ་སྣ་ཚོགས་བྱེད་པ་ལ་རྒྱ་བླ་ལས་ཐུ་བ་ཙམ་ཡིན་ལ། གྲངས་ཀའི་ཁྱད་པར་ནི་གནམ་སའི་ཚད་དུ་སོན། རྒྱ་བླ་མང་པོས་རྒྱ་མོ་རིག་མར་བཞེས་པའམ་རྒྱ་མོ་ལ་འཁྲིག་པ་སྤྱད་ཀྱིན་འདུག་ཅེ་ན། བོད་དུ་གྲུབ་ཐོབ་ཏུ་ཁས་འཆེ་བ་དང་། གཏེར་སྟོན་དུ་ཁས་འཆེ་བ་ཤིན་ཏུ་མང་པོས་རིག་མ་བཞེས་པ་དང་། རིག་མ་ཆེན་ཆུན་མང་པོ་བཞེས་པ་དང་། བདག་པོ་ཅན་གྱི་བུད་མེད་ལ་བྱི་རྐུན་བྱེད་པ་དང་། ཐ་ན་བཙུན་མ་འབེབས་པ་ལ་སོགས་པ་བྱེད་ཅིང་། བུད་མེད་མཛེས་མ་ལ་ངའི་ཡུམ་སྐལ་དང་། ཐབས་གྲོགས་ཡིན་ཟེར་ནས་ངོ་ཚ་འཛེམ་བག་མེད་པར་འཕྲོག་པ་དང་རྗེས་འདེད་བྱེད་པ་ལ་སོགས་པ་ནི་རྒྱ་བླ་ལས་ཀྱང་ཐུ་བར་བྱེད་བཞིན་ཡོད་པ་དང་། ད་དུང་ས་ཆ་མང་པོར་གྲྭ་བ་དཀྱུས་མའི་ནང་དུ་ཁྱིམ་ཐབས་བསྐྱངས་ཏེ་ཆུང་མ་བླངས་པ་མང་པོ་མཆིས། རྒྱ་བླ་དག་གིས་རྫུན་གྱིས་གཞན་མགོ་གཡོགས་པས་སོ་ཞེ་ན། བོད་དུ་བླ་སྤྲུལ་མཁན་གསུམ་དང་དགེ་སློང་དུ་ཁས་འཆེ་བ་མང་པོས་རྫུན་ཕྲ་བ་མ་ཟད་མི་ཆོས་བླ་མའི་རྫུན་གྱིས་གཞན་མགོ་རྟག་ཏུ་གཡོགས་བཞིན་ཡོད་པ་དང་། རང་ཉིད་འཕགས་པའི་སྤྲུལ་པ་དང་། རྟོགས་པ་མཆོག་ལྡན་དུ་དངོས་ཤུགས་ཟུར་གྱིས་ཁས་ལེན་ཅིང་། རང་ནམ་ཤི་དང་རང་ལ་རྐྱེན་ངན་དང་བར་ཆད་ཅི་བྱུང་མི་ཤེས་བཞིན་དུ་གཞན་ལ་ལེགས་ཉེས་ལུང་སྟོན་པ་རྒྱ་བླ་ལས་མང་བ་ཙམ་ཡོད་དོ། །

                      ད་དུང་བོད་ཀྱི་བླ་སྤྲུལ་དང་གྲྭ་བའི་ནང་དུ་མི་གསོད་པ་དང་། ནོར་འཕྲོག་པ་དང་། དངོས་རྫས་རྐུ་བ་དང་། དགོན་པའི་སྤྱི་རྫས་ལྐོག་ཏུ་ཟ་བ་དང་། ཚོང་བྱེད་པ་དང་། རྒྱན་འགྱེད་པ་དང་། དུད་ཆང་བསྟེན་པ་དང་། མཚན་མཐུན་སྦྱོར་བ་ལ་སོགས་པ་སྤྱོད་ངན་སྣ་ཚོགས་བྱེད་པ་ནི་རྒྱ་བླ་དག་ལས་བརྒྱ་སྟོང་གི་འགྱུར་དུ་ཐུ་བ་ཡོད་པ་དང་། རི་བོ་གྲུ་འཛིན་དང་། རི་བོ་རྩེ་ལྔ་དང་། ཟི་ལིང་དང་། ཁྲིན་ཏུའུ་དང་། ལན་གྲུ་སོགས་ན་སྤྱོད་ངན་སྣ་དགུ་བྱེད་བཞིན་པའི་གྲྭ་བ་དག་ནི་བོད་ཡུལ་ནས་སོང་པའི་བོད་གྲྭ་རྒྱ་བླ་མ་ཐོབ་པ་རྣམས་ཡིན་གྱི་རྒྱ་བླ་དག་གཏན་ནས་མ་ཡིན་ལ། རྒྱ་བླ་དག་ལ་སློབ་མ་རེ་ཟུང་དང་སྦྱིན་བདག་ཁ་ཤས་མེད་པ་མི་སྲིད་པས་རྒྱ་བླ་དག་གིས་དེ་ལྟར་རྐུ་འཕྲོག་མི་གསོད་དང་། དངོས་སུ་ཟིང་ཆ་སློང་པ་ནི་མི་སྲིད་པའི་ཚད་དུ་ལགས་ཤིང་། རྒྱ་བླ་རྣམས་ཀྱི་ནོར་སྡུད་བྱེད་ཀྱི་ལག་ཆ་ནི་ནང་ཆོས་ཡིན་ཕྱིར་ཉིན་མ་རྟག་པར་ཁོ་ཡི་ཤེས་ཚོད་ཀྱི་ཆོས་ཉི་ཚེ་བ་ཙམ་པོ་དང་དམ་ཆོས་ལྟར་སྣང་བ་ཙམ་པོ་དེས་དུས་འདའ་བས་དེའི་ངོས་ནས་གཞལ་ན་རྒྱ་བླ་རྣམས་བོད་ཀྱི་རབ་སྔགས་སྨོས་མ་ཐག་པ་རྣམས་ལས་བཟང་པ་དང་ལྷག་པར་ཡོད་དོ། །

                         བོད་དུ་བོད་རྒྱལ་གླང་དར་མ་འུ་དུམ་བཙད་པོ་དེ་ལོ་ན་བརྒྱད་ཅུ་ནས་དགུ་བཅུར་ཟིན་པའི་ལྷ་ལུང་དཔལ་རྡོར་གྱིས་བགྲོངས་སོང་ཟེར་བའི་གླང་འགེལ་དེ་བདེན་པའི་དབང་དུ་བྱས་ན་དུས་དེ་ནས་བཟུང་ས་འབྲི་འཁྲུགས་པ་དང་། དགེ་གཙང་འཁྲུགས་པ་དང་། དགེ་སློང་སྟག་བྲག་གིས་སྤྲུལ་སྐུ་རྭ་སྦྲེང་བའི་རླིག་འབྲས་བཙིར་བའི་ཕྱག་ལས་གནང་བ་ལ་སོགས་པ་བླ་མའི་མཛད་ངན་དང་། དགེ་བཤེས་རྩག་ཕུ་བས་རྗེ་བཙུན་མིད་ལ་ལ་དུག་དྲངས་པ་ནས་ཨ་དཀོན་མཆོག་སྤྲུལ་རིན་པོ་ཆེའི་སྐུ་སྲོག་གི་ཉི་མ་འོད་པོ་ཆེ་དེ་གྲྭ་བ་ལྷ་རིས་པ་ཞིག་གི་བསམ་སྦྱོར་གདུག་པའི་སྒྲ་གཅན་འཇིགས་ཤིང་སྐྱུག་བྲོ་བོ་དེའི་ཁ་རུ་མིད་པའི་བར་གྱི་ལོ་རྒྱུས་དངོས་མའི་རྐོས་རིས་ལ་ཕྱིར་དྲན་བགྱིས་ནའང་བོད་ཀྱི་བླ་གྲྭ་སྡུག་ཤོས་དག་རྒྱ་བླ་ངན་ཤོས་རྣམས་ལས་ཀྱང་ཆེས་ངན་པ་དང་སྐྱུག་བྲོ་བ་ཡོད་པ་ནི་ཚང་མས་ཤེས་བཞིན་པ་ལྟར་ལགས་པས་བོད་མི་རྣམས་ཀྱིས་རྒྱུན་དུ་རྒྱ་བླ་རྒྱ་བླ་ཞེས་སྨོད་དགོས་དོན་ནི་གཏན་ནས་མེད་སྙམ་ལ། ད་དུང་རྒྱ་བླ་དག་ལ་མཛད་རྗེས་ལེགས་པོ་འགའ་ཞིག་ཡོད་སྙམ། གང་ཞེ་ན། བོད་ཡུལ་གྱི་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་གྱི་རྐང་རྩ་དང་སྤུས་ཀ་ཇེ་ལེགས་དང་། གྲངས་ཀ་ཇེ་མང་དང་། རྒྱ་ཁྱོན་དང་མཛེས་རྩལ་ཇེ་བཟང་དུ་བཏང་བ་དང་། སྐུ་གསུང་ཐུགས་རྟེན་མེད་པ་དང་། ལྷ་ཁང་མེད་པ་དང་། འདུ་ཁང་མེད་པ་དང་། འཁོར་ཁང་དང་དུང་འཁོར་མེད་པ་དང་། དགོན་པ་མེད་པ་དང་། བཤད་སྒྲུབ་ཀྱི་གྲྭ་ལ་ཟས་གོས་ཀྱི་མཐུན་རྐྱེན་ཞན་པ་ལ་སོགས་པའི་མེད་པ་དང་ཞན་པ་མང་པོ་ཞིག་ཡོད་པ་དང་བཟང་པོར་བསྒྱུར་པ་དང་། ཉམས་པ་རྣམས་གསོས་ཤིང་སོར་ཆུད་པ་དང་། ཡོད་པ་དང་གནས་པ་མང་པོ་ཞིག་ཇེ་ལེགས་དང་། ཇེ་དར། ཇེ་འཕེལ་གྱི་རང་བཞིན་ཅན་དུ་བཟོས་པ་དང་། བོད་ཡུལ་དུ་ཆོས་དང་རིག་གནས་སྦྱོང་ཡུལ་གྱི་དགོན་པ་དང་། བཤད་སྒྲུབ་ཀྱི་སྡེ་དང་། སློབ་གྲྭ་དང་། སྨན་ཁང་དང་། རྒན་གསོ་ཁང་དང་། དབུལ་སྐྱོབ་རྒུད་སྐྱོབ་ལ་སོགས་པ་མདོར་ན་བོད་ཀྱི་ཆོས་དང་། རིག་གནས་དང་། གང་ཟག་ཡན་ཆད་ལ་ཕན་པའི་བྱ་བ་རྒྱ་ཆེན་པོ་ཞིག་མཛད་ཀྱིན་ཡོད་པས་སོ། །

                       གལ་ཏེ་རྒྱ་བླ་དག་མེད་ན་རིག་གསར་སོགས་ཀྱི་སྐབས་སུ་ཉམས་ཉེས་སུ་བཏང་བའི་བོད་དགོན་དང་བོད་ཀྱི་རིག་གནས་ཀྱི་གྲྭ་མང་པོ་ཞིག་ད་ལྟ་བོད་ལྗོངས་ཀྱི་ལྷོ་ཁ་དང་གཙང་ཕྱོགས་ཀྱི་ཆོས་སྡེ་མང་པོ་ཇི་བཞིན་ཉམས་པ་སོར་མི་ཆུད་པ་དང་། སོར་ཆུད་ཀྱང་ད་ལྟ་ཇི་བཞིན་པའི་རྒྱ་ཆེ་གྲངས་མང་མཛེས་སྡུག་དང་ལྡན་པ་ཞིག་ཡིན་ག་ལ་སྲིད། བཞེངས་པ་རྣམས་ཀྱང་བོད་འབངས་ཀྱི་ལག་ནོར་སྡུད་མི་དགོས་པར་བཞེངས་པ་འདི་ཁོ་ནས་ཀྱང་བོད་ལ་ཕན་ཆེན་པོ་བཏགས་ཡོད་པ་ཤེས། གལ་ཏེ་བོད་འབངས་ཀྱི་ལག་ནོར་ལ་བརྟེན་ནས་བཞེངས་དགོས་ན་བོད་འབངས་ཀྱི་འཚོ་བའི་མཐུན་རྐྱེན་འདི་འདྲ་ཞན་པའི་ཁར་དམངས་སྐོར་ཁྲི་འབུམ་ས་ཡ་བྱེ་བ་དུང་ཕྱུར་དང་དུང་ཕྱུར་དུ་མའི་འགྲོ་གྲོན་གཏོང་དགོས་ན་བོད་འབངས་ཀྱི་ག་ལ་ལྕོགས། ད་དུང་བོད་ཕྲུག་མང་པོའི་སློབ་གསོའི་དཀའ་ངལ་བསལ་བ་དང་། ཐ་ན་མི་གཅིག་གི་ལན་རེའི་དཀའ་སྡུག་བསལ་བ་ཡན་ཆད་སོགས་རྒྱ་བླ་རྣམས་ཀྱི་མཛད་པ་ལ་བསྔགས་འོས་པ་ཤིན་ཏུ་མང་པོ་མཆིས། གཞན་ཡང་རྒྱ་བླ་རྣམས་ལས་འཕྲིན་ལས་ཞན་ཤོས་ཤིག་ལ་ཡང་སློབ་མ་བརྒྱ་ཕྲག་རེ་ཟུང་ཡོད་ལ། བཟང་ཤོས་ལ་སྟོང་ཕྲག་དུ་མ་ནས་ཁྲི་ཕྲག་ཡོད། མི་དེ་ཙམ་བསྟན་པའི་སྒོར་བཙུད་པ་དང་། བློ་ཆོས་ཕྱོགས་སུ་བསྒྱུར་བ་དང་། སྡིག་རྒྱུན་བཅད་པ། དཀོན་མཆོག་གི་ཞིང་ལ་བརྟེན་ནས་ཚོགས་གསོག་ཏུ་བཅུག་པ་དང་། ཐ་ན་དཀོན་མཆོག་གསུམ་གྱི་སྒྲ་ཙམ་རྣ་བར་བསྒྲགས་པ་དང་དགེ་བློ་སྐད་ཅིག་ཙམ་རེ་སྐྱེ་རུ་བཅུག་པ་ཡང་སྙིགས་མའི་དུས་འདིར་མཛད་པ་རླབས་པོ་ཆེ་ཡིན་པ་དང་། ཇི་སྐད་དུ། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན།།གློ་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར།།དེ་བཞིན་སངས་རྒྱས་མཐུ་ཡི་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་འཇུག་པ་སྐྱོང་བ་དང་། རྒྱུད་ལ་ཐར་བའི་ས་བོན་བཞག་པ་ཡིན་པ་ལ་སུས་བསྙོན། གཞན་ཡང་རྒྱུད་ལས། མ་བྱིན་པ་ནི་བླང་བར་བྱ། །ཞེས་པའི་དོན་ཕྱུག་པོ་སེར་སྣ་ཅན་གྱི་ནོར་ཐབས་ཀྱིས་བླངས་ཏེ་དཀོན་མཆོག་གི་ཞིང་ལ་ཕུལ་ནས་ཚོགས་གསོག་ཏུ་འཇུག་པ་དེ་ལ་འགྲེལ་བའང་ཡོད་པས་རྒྱ་བླའི་ཀུན་སློང་མ་དག་ཀྱང་བདག་པོའི་ནོར་ཆོས་ཕྱོགས་སུ་སོང་ན་ནོར་བདག་ལ་ཕན་མི་སྲིད་པའི་མཐའ་སུས་ཁེག། འདི་ནི་གསང་སྔགས་ཀྱི་དམ་ཚིག་དང་མཐུན་པ་ཡང་མ་ཡིན་ནམ། གལ་ཏེ་མི་འདོད་ན། ལུས་སྣང་བར་མཛོད་དང་། ལུང་རིགས་ཀྱི་ལམ་ནས་རྩོད་པའི་དཀྱིལ་འཁོར་བཤམས་ཆོག། དེས་ན་བོད་མི་སྐྱ་སེར་ཕོ་མོ་སློབ་ཕྲུག་ཡན་ཆད་ཀྱིས་རྒྱ་བླ་ལ་སྨོད་འདུག་པ་འདི་ཅི་ཡིན། རྒྱ་བླ་ལ་སྐྱོན་འགའ་རེ་ཡོད་པ་བདེན་མོད་དེ་ཙམ་གྱིས་སྨོད་རྐྱང་ལས་བསྟོད་པ་སྣ་གཅིག་མེད་པ་འདི་ཤིན་ཏུ་མི་འོས་སྙམ་མོ། །

                    རྒྱ་བླ་ལ་དེ་འདྲའི་ཕྱག་ལས་ཡོད་པ་བདེན་མོད་འཆལ་སྤྱོད་དང་རློམ་སེམས་ཀྱི་དབང་གི་སློབ་མ་དད་པ་ལོག་སྟེ་བླ་སློབ་འགལ་བར་གྱུར་བ་ཡང་མི་ཉུང་པས་སོ། །ཞེ་ན།   དེ་བདེན། རྒྱ་བླ་དག་གི་སློབ་མའི་ཁྲོད་ནས་རེ་ཟུང་ལ་དེའི་གནས་ཚུལ་བྱུང་བཞིན་ཡོད་མོད་ཉུང་ཤས་ལས་མང་པོ་ནི་མིན་ལ། བོད་ཡུལ་དུ་དེ་ལས་སྡུག་པོ་བྱུང་སྟེ་བླ་སློབ་འགལ་བ་དང་། དམ་སེལ་ཞུགས་པ་ནི་ཆོས་བརྒྱུད་ཐམས་ཅད་དང་དགོན་པ་ཀུན་ལ་བྱུང་དང་བྱུང་བཞིན་ཡོད་ལ། བོད་དུ་བགྲང་བྱ་དུ་མར་དཀའ་ཚེགས་འོ་བརྒྱལ་ལ་མ་འཛེམ་ཞིང་སློབ་ཡོན་ཆོས་ཡོན་སྐར་མ་རྡོག་གཅིག་མ་བླངས་པར་མདོ་སྔགས་རིག་གནས་དང་བཅས་པ་འཁྲིད་དེ་བསྐྱངས་པའི་སློབ་མས་བླ་མ་ལ་ཐུགས་སུན་ཐུགས་དཀྲུག་ལོག་སྒྲུབ་དང་། མངོན་ལྐོག་ཅི་རིགས་ལ་ངན་སྨོད་སྐུར་འདེབས་ཅི་ཙམ་བྱེད་བཞིན་ཡོད་པ་བཤད་མི་དགོས་པར་བོད་མི་དག་གི་སེམས་ལ་ཨ་བཞིན་དུ་ཡོད། ད་དུང་སློབ་མ་མང་པོ་ལ་རང་གི་བླ་མ་དེ་བླ་མ་མ་ཟད་དགེ་རྒན་ཙམ་གྱི་འདུ་ཤེས་ཀྱང་མེད་པ་ཤིན་ཏུ་མང་ལ།  རང་ལ་བགྲང་བྱ་མང་པོར་བླང་དོར་དང་གཞུང་ལུགས་སྟོན་པའི་བླ་མ་ལས་རྒྱངས་རིང་ག་ཤེད་ཅིག་ན་སྐད་གྲགས་ཆེ་བ་རེ་ཡོད་ན་དེ་ལ་དད་པ་ཆེ་ཚུལ་དང་དེ་བླ་མ་ཡིན་པ་སྐད་ཀྱིས་གསོལ་བ་འདེབས་མཁན་བོད་ན་ཤིན་ཏུ་མང་ངོ་། །

                  རྒྱ་བླ་མང་པོས་འཆལ་སྤྱོད་རློམ་སེམས་ཀྱི་དབང་གིས་རྒྱལ་བའི་བསྟན་པ་ལ་རྨ་འབྱིན་ཅིང་ཤན་ཤུགས་ངན་པ་འཇོག་བཞིན་ཡོད་པས་སོ། །ཞེ་ན། དེ་ཁས་མི་ལེན། རྒྱུ་མཚན་ནི།  རྨོངས་པས་བློ་མིག་ལྡོང་པ་རེ་ལ་དེ་ལྟར་བྱུང་བའི་སྲིད་མཐའ་མི་ཁེག་མོད། སྤྱིར་རྒྱ་མི་རིགས་ཆོས་དད་པ་ཕལ་མོ་ཆེས་ནི་རྒྱ་བླའི་འཆལ་སྤྱོད་དེ་ནི་གང་ཟག་རང་གི་སྐྱོན་ལས་ནང་ཆོས་ཀྱི་སྐྱོན་ཡིན་པར་མི་འདོད་པས་ཁོ་རང་གིས་བསྟན་པ་བཤིགས་པ་ཙམ་ལས་བསྟན་པ་སྤྱི་ལ་མི་གནོད་ལ་ཤུགས་ངན་ཅི་ཡང་བཞག་མེད་པའི་ཕྱིར་རོ། །

                    ཤུགས་ངན་བཞག་ཡོད་དེ། ད་ལྟ་རྒྱ་རིགས་ཀྱི་ཁྲོད་དུ་བོད་བརྒྱུད་ནང་བསྟན་ལ་སྨོད་མཁན་མང་བས་སོ། །ཞེ་ན། འོ་དེ་ནི་ནང་ཆོས་ལ་མི་དད་མཁན་དང་། སྤྱིར་བོད་བརྒྱུད་ནང་བསྟན་ལ་མི་དད་མཁན་དང་། བོད་བརྒྱུད་ནང་བསྟན་ལ་ཞུགས་རྗེས་རྐྱེན་ངན་སྣ་ཚོགས་ཀྱིས་མནར་བ་ཏཱ་ལ་དང་བྱ་རོག་གི་དཔེ་བཞིན་བོད་བརྒྱུད་ནང་བསྟན་གྱི་ཤུགས་ཀྱིས་བྱུང་བ་ཡིན་པར་འཁྲུལ་ཏེ་སྡང་མཁོན་ཆགས་པའི་ལོག་ལྟ་ཅན་དང་། གཞན་ཕྲག་དོག་ཅན་དང་། སློབ་སྟོན་འཐེབས་པའི་གང་ཟག་སོགས་ཡིན་གྱི་རྒྱ་བླའི་སྤྱོད་ངན་གྱི་ཤུགས་འཐེབས་པ་ནི་གཏན་ནས་མིན། བོད་བརྒྱུད་ནང་བསྟན་ལ་དད་པའི་རྒྱ་རིགས་དག་ནི་རྒྱའི་ཧ་ཤང་དབུ་རེག་སྣམ་སྦྱར་དང་རས་ལྷམ་བརྣབས་པ་ཞིག་ལས་བོད་ཡུལ་གྱི་སྔགས་རྒན་ཆུང་མ་གསུམ་དང་བུ་ཕྲུག་དགུ་ཡོད་པ་ཞིག་ལ་དད་ཅིང་དགའ། རྒྱུ་མཚན་ནི། རྒྱ་དགོན་གྱི་ཧ་ཤང་ཕལ་མོ་ཆེ་ནི་ཕྱིའི་སྣམ་སྦྱར་དང་རས་ལྷམ་ཙམ་ཆོས་དང་མཐུན་པ་ལས་ནང་ལུང་རྟོགས་ཀྱི་ཡོན་ཏན་དང་བསླབ་གསུམ་གྱི་ཉམས་ལེན་ཅི་ཡང་མེད་པ་ཁོང་ཅག་ལ་རྒྱུས་གསལ་པོ་ཡོད།  བོད་ཡུལ་གྱི་རབ་སྔགས་དག་ལ་ཐ་ན་དབང་ལུང་གི་བརྒྱུད་པ་དང་ཉམས་ལེན་སྣ་རེ་མེད་པ་མི་སྲིད་པར་འཛིན་པས་ཡིན་ལ། ཆུང་མ་དང་བུ་ཕྲུག་ཡོད་ཀྱང་སངས་རྒྱས་ཀྱི་འཁོར་རྣམ་བཞིའི་ཁྲོད་དུ་དགེ་བསྙེན་ཕ་མ་ཞེས་ཁྱིམ་པའི་རྟེན་ཅན་གྱི་ཆོས་པ་ཡོད་ལ། དེ་ལ་ཡོན་ཏན་མེད་ཅིང་བླ་མར་བསྟེན་མི་རུང་ཞེས་གང་དུ་ཡང་མ་གསུངས་པས་བླ་མར་འཛིན་རུང་བར་འདོད་པ་དང་།  ལྷག་པར་དུ་སྔགས་བླ་མེད་དུ། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་གསུངས་པས་བོད་བརྒྱུད་ནང་བསྟན་ལ་ཞུགས་པའི་ཁྱིམ་སྔགས་པ་དག་ལ་འོག་སྒོ་ཁམས་གསུམ་རོལ་བའི་ཉམས་ལེན་ཡོད་པ་གཞི་བཞག་སྟེ་དད་པ་བྱེད་བཞིན་ཡོད་པ་དང་། གཞན་ཡང་བོད་བརྒྱུད་ནང་བསྟན་དེ་བླ་མ་བརྒྱུད་པའི་མན་ངག་དང་ལྡན་པ། བརྒྱུད་པའི་ཕྱག་བཞེས་འཆུག་མེད་མངའ་བ། གསང་སྔགས་ཀྱི་ཉེ་ལམ་ནས་ཟུང་འཇུག་གི་སར་གཤེགས་པ་མང་བ། འཆད་ཉན་སྒོམ་སྒྲུབ་ཀྱི་སྲོལ་དར་ཞིང་མ་ནུབ་པ། ཐོས་བསམ་དང་ལུང་རིགས་ཀྱིས་རྩད་བཅད་དེ་དོན་རྣལ་མ་གཏན་ལ་ཕབ་པས་ལོག་ཆོས་ཀྱི་དྲི་མ་མེད་པར་འདོད་པ་སོགས་རྒྱུ་མཚན་རྣམ་དག་དུ་མ་ལ་བརྟེན་ནས་ཆོས་ཁུངས་བཙུན་པར་འདོད་པས་དད་ཅིང་དགའ་བ་ལས་ལོག་ལྟ་སྐུར་འདེབས་མི་བྱ། དེ་ནི་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་དད་པ་ཡིན་ཕྱིར་རྣམ་དག་རྟོན་པ་བཞིའི་ལམ་ཐིག་ལ་བསྙེགས་པ་ཡིན་སྙམ། རྒྱ་རིགས་ཆོས་དད་པ་ཕལ་ཆེ་བ་དག་དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་། ཁོང་ཚོ་ཡིག་རྨོངས་སེལ་བའི་གང་ཟག་དང་སློབ་གྲྭ་ཆེ་ཆུང་ཅི་རིགས་པ་མཐར་ཕྱིན་པའི་ཤེས་ལྡན་པ་ཡིན་པའི་དབང་གིས་ཡིན་སྙམ་མོ། །

                     ད་ནི་བོད་མི་དག་ལ་འདི་འདྲི་སྟེ། རྒྱ་བླ་དག་དེ་ཙམ་ངན་ན་བོད་ཀྱི་དགོན་པ་ཕལ་ཆེ་བས་རྒྱ་བླ་ཞིག་མཐོང་ཙམ་ནས་རྟ་མགོ་དང་སེར་སྦྲེང་བསྒྲིགས་ཏེ་བསུ་བ་རིང་ཐུང་གཉིས་གསུམ་གྱིས་བསུས་ནས་ཁྲི་ལ་བཀོད། ཀློང་ཆེན་པ་དང་ཙོང་ཁ་པ་ལྟ་བུའི་ཐེག་དཀའ་བའི་མིང་རེ་རྫུན་བརྒྱ་ཕྲག་གིས་བསྒྲུབས་ཏེ་ཕུལ་ནས་དཔང་ཡིག་དང་རྟགས་ཐེལ་བྱིན། དེ་ནས་དེ་ཉིད་བཟང་རབས་དང་རིམ་གྲོ་བསྟོད་བསྔགས་ཀྱི་རྒྱུན་བསྐྱངས་ནས་རྒྱ་བླ་དེའི་སྐུབ་ནས་བྱུང་བའི་དྲི་མ་ཅན་དེ་ཡང་ཤོག་དཀར་གྱིས་ཕྱི་ནུས་པའི་ཚད་དུ་བཀུར་བ་དེ་རྒྱུ་མཚན་ཅི་ལ་ཐུག། ཡང་རྒྱ་བླ་ངན་ན་བོད་ཀྱི་བླ་སྤྲུལ་མཁན་གསུམ་གྲྭ་བ་དང་བཅས་པ་བརྒྱ་ཆའི་བརྒྱད་ཅུ་ཡི་ཞེ་ཕུགས་སུ་རྒྱ་བླ་བྱ་འདོད་ཀྱི་འདུན་པ་ཡོད་པ་དང་། གལ་ཏེ་རྒྱ་བླ་བྱེད་པའི་གོ་སྐབས་བྱུང་ན་དབུལ་བོས་ས་འོག་གི་གསེར་བརྙེད་པ་ལྟ་བུའི་དགའ་སྤྲོ་མཆིས་པ་ནི་མནའ་བསྐྱལ་ཆོག་པ་དེ་ཅི་ལས་བྱུང་། དེ་བཞིན་དུ་བོད་མི་བརྒྱ་ཆའི་དགུ་བཅུ་རྒྱ་བླའི་ནོར་ལ་དགའ་ཞིང་། ཐ་ན་དེའི་རླངས་འཁོར་དང་ཁང་པ་དང་ཁ་པར་འཕྲུལ་ཆས་ཡན་ཆད་ལ་ཡིད་སྨོན་གཏིང་ནས་ཤོར་བ་དེ་ཅི་རེད། ཡང་རྒྱ་བླ་ཞིག་གིས་ཁྱོད་ཚང་གི་བུ་ཕོ་ངའི་རླངས་འཁོར་གྱི་ཁ་ལོ་བ་གྱིས་ཤིག་ཟེར་ན་བོད་མི་བརྒྱ་ཆའི་གོ་ལྔ་ལ་ཁུ་བྱུག་གི་སྐད་ལྟར་རྣ་བར་འཇེབས་པ་དང་། གལ་ཏེ་རྒྱ་བླ་ཞིག་གིས་ཁྱོད་ཚང་གི་བུ་མོ་དེ་ངའི་གཟུངས་མ་བྱ་དགོས་བརྗོད་ན་ཡང་བོད་མི་བརྒྱ་ཆའི་དགུ་བཅུ་ལ་རྨ་བྱས་དབྱར་རྔའི་སྒྲ་ཐོས་པ་ལྟ་བུའི་མོས་སྤྲོ་ཡོད་པ་དེ་ཅི་ལས་བྱུང་། མི་རྣམས་བཟང་པོ་ལ་མོས་ཤིང་ངན་པ་ལ་མི་དགའ་བ་མ་ཡིན་ནམ། བློ་གཟུ་བོར་གནས་ཏེ་བཤད་ན་རྒྱ་བླ་དག་གིས་རྒྱ་ལ་མགོ་གཡོགས་པ་དེ་དོན་ལ་བོད་ཀྱི་བླ་ཆེན་དག་གིས་གཡོགས་པ་ཡིན་ཞིང་། རྒྱ་བླ་དེ་ལ་སྤྲུལ་མིང་རྫུན་པ་ཞིག་ཡོད་པ་དེ་ཡང་བོད་ཀྱི་བླ་ཆེན་དག་གིས་རྫུན་ལབ་པ་ཡིན་ཏེ། བོད་ཀྱི་བླ་ཆེན་དག་གིས་སྤྲུལ་མིང་རེ་ཡོད་པ་རྣམས་ལ་ཁྱོད་རྒྱ་ཡུལ་དུ་སོང་ལ་ནོར་དུ་ལོན་གྱིས། ལྷ་ཁང་དང་རྟེན་གསུམ་བཞེངས་ཐུབ་པར་གྱིས་ཞེས་སྤྲུལ་སྐུ་ཡིན་རབས་དང་། ཡོན་ཏན་ཆེ་རབས་དང་། རྟེན་འདི་དང་འདི་བཞེངས་དགོས་རབས་ཀྱི་དཔང་ཡིག་རྒྱ་དང་བཅས་པ་ཅན་བྱིན་ནས་རྒྱ་ཡུལ་ཏུ་གཏོང་པ་དང་། གྲྭ་བ་དཀྱུས་མ་རྒྱ་སྐད་རྒྱ་ཡིག་ཤེས་ཤིང་རྒྱ་ལ་འབྲེལ་བ་ཡོད་པ་དང་། གྲྭ་དཀྱུས་རྒྱ་ཡུལ་དུ་ནོར་ཕྱིར་འགྲོ་འདོད་ཡོད་པ་དང་། གྲྭ་བ་དང་སྐྱ་བོ་ཕལ་བ་རྒྱ་ཡུལ་ལ་སོང་སྟེ་མགོ་གཡོགས་ཀྱིས་ནོར་ཐོབ་པའི་འབྱོར་བ་ཅན་ཅི་རིགས་རེ་ལ་རྫུན་གྱིས་དམ་པ་དེ་དང་དེའི་ཡང་སྲིད་ཡིན་ཞེས་མིང་བཏགས་ནས་གཏོང་བ་ཤིན་ཏུ་མང་པའི་ཕྱིར་དང་། དེ་ནས་དེས་བརྙེད་པའི་ནོར་གྱིས་དགོས་ཚད་འདོད་ཚད་བཞེངས་པ་དང་། ད་དུང་རྒྱ་བླས་ཕུལ་བའི་རྒྱ་ནོར་གྱིས་ཉོས་པའི་རླངས་འཁོར་དང་། གཟིམ་བྲང་དང་། རྩ་ཆེན་སྤུས་གཙང་དང་སྟབས་བདེའི་དངོས་རྫས་རྣམས་དགའ་ཞིང་སྤྲོ་བས་ལོངས་སྤྱོད་དེ། གནའ་མིའི་ཁ་དཔེར། ཐང་དཀར་ཤ་ཡིས་བརྒྱགས། ཐང་ནག་ཚིལ་གྱིས་བརྒྱགས། །ནེ་ལེ་གྭ་མ་རྐང་གིས་བརྒྱགས། ཞེས་པ་ལྟར་རྒྱ་བླ་བོད་བླ་གྲྭ་ཚང་དང་བཅས་པ་རྒྱ་ནོར་གྱིས་འགྲངས་པ་ཞིག་བྱེད་པའི་ཕྱིར་དང་། ད་དུང་རྒྱ་བླ་དེའི་སྦྱིན་བདག་འཁྲབ་པ་གྲགས་ཅན་དང་། ཚོང་དཔོན་ཆེན་པོ་དང་། རྒྱ་གྲྭ་འབྱོར་ལྡན་དང་། རྒྱ་མོ་ཕྱུག་པོ་སོགས་ལ་བོད་ཀྱི་སྐྱེས་ཆེན་དམ་པ་རེའི་མཚན་བཏགས། ཁྲིར་བཀོད། གྲྭ་ཚང་ལ་མཇལ་དར་ཕྱག་བཅས་བྱེད་བཅུག། ཁོང་ཅག་ཕན་ཚུན་སྐུར་ཐོབ་ཡོད་མེད་བརྗོད་དཀའ་བའི་དབང་དང་ཆོས་འབྲེལ་འཇོག་པ་སོགས་རྒྱ་བླ་དེ་དང་པོ་རྒྱ་ཡུལ་དུ་གཏོང་པ་དང་། བར་དུ་རྫུན་རྒྱབ་སྐྱོར་བ་དང་། མཐའ་མ་ནོར་དེ་རང་གཞན་གཉིས་ཀས་སྤྱོད་པ་བཅས་ལ་ལག་པ་གཙོ་བོ་རྐྱོང་མཁན་དེ་བོད་ཀྱི་བླ་ཆེན་ཕལ་མོ་ཆེ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡིན་བཞིན་དུ་བླ་མ་རང་གྲྭ་ཚང་ཡུལ་སྡེ་དང་བཅས་པས་རྒྱ་བླ་དེའི་བླ་བཙགས་ཤིང་འཕྱ་སྨོད་བྱེད་པ་ནི་མི་ལུགས་དང་ངོ་ཚ་ཏིལ་ཙམ་པའི་དཔང་རྟགས་མ་ཡིན་ནམ།  དེ་ལྟར་བོད་བླ་ཆེན་པོ་དག་གིས་དང་པོ་རྒྱ་བླ་ལ་རྫུན་མིང་བཏགས་ཏེ་རྒྱ་ཡུལ་དུ་བཏང་། བར་དུ་རྒྱ་མོ་ལ་པཎ་ཞྭ་བསྐོན་ཏེ་ཁྲིར་འཇོག་པ་སོགས་རྫུན་ལས་ཁོ་ནས་རྒྱ་བོད་གཉིས་ཀའི་མགོ་བསྐོར་ཏེ་རྒྱུ་ནོར་དེ་མཉམ་དུ་ཟ། ཐ་མ་འབྲས་བུ་ངན་པ་དེ་རྒྱ་བླ་གཅིག་པུའི་མགོར་འགེལ་བ་ནི། རྒན་པོའི་ཁ་དཔེར། རྩམ་པ་རང་གིས་ཟ། རྩམ་ཁུག་སྡེ་མགོར་བསྐོན། ཟེར་བའི་གཏམ་དཔེ་དེ་ལས་མ་འདས་སྙམ་མོ། །

                         དོན་དངོས་བསྟན་པ་ལ་རྨ་འབྱིན་མ་འབྱིན་དང་སྐྱོན་གྱི་ངོས་ནས་བདེན་རྫུན་སུ་ཡི་ལྕི་སྲང་ལ་གཞལ་ན་རྒྱ་བླ་དང་བོད་བླ་གཉིས་ཀ་ཁྱད་མེད་པ་མ་ཟད་ད་དུང་བོད་བླའི་སྐྱོན་གྱི་ཆེ་ཞིང་ལྕི་བ་ནི་གཟུ་བོའི་བློས་དཔྱད་ན་ཤེས་སོ། ། བདག་གིས་ནི། བོད་གྱིས་རྒྱ་བླ་དག་ལ་ཁ་གཏོང་བའི་རྒྱུ་མཚན་དངོས་ནི་ཕྲག་དོག་ཁོ་ན་ཡིན་ནོ་སྙམ། རྒྱུ་མཚན་ནི། ཇི་སྐད་དུ། གཞན་འབྱོར་ཕུན་ཚོགས་མཐོང་ཚེ་མི་བཟོད་པ། །ཞེས་དང་། དགེ་འདུན་ཆོས་འཕེལ་གྱིས། མངོན་གྱུར་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་། །ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ། །མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེའི། །དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད། །ཅེས་གསུངས་པ་ལྟར་རྒྱ་བླ་རྣམས་ལ་རླངས་འཁོར་དང་། ཁང་པ་དང་། མགྲོན་ཁང་ཚོང་ཁང་དང་། ཡོ་བྱད་བཟང་པོ་མང་པོ་དང་། རྒྱ་ཡི་སྦྱིན་བདག་དང་སློབ་མ་ཕྱུག་པོ་ཡོད་པ་མ་བཟོད་པའི་ཕྲག་དོག་གིས་སྐྱོན་ཐོས་ཚད་ཀྱི་སྣེ་ནས་བཟུང་སྟེ་འཕྱ་སྨོད་བསྒྲགས་རྐྱང་བྱས་པ་ཙམ་ལས་མ་འདས་པས་སོ་སྙམ་མོ། །

                         སྐད་ཆ་འདི་མཚམས་སུ་སླེབས་ཚེ་བོད་རྒན་ཚི་དྲེག་ཅན་དང་གྲྭ་བ་དྲི་བཟང་འཐུལ་བཞིན་པ་ཞིག་ཡར་ལངས་ནས་ང་རང་ལ་ཁྱོད་རང་རྒྱ་བླ་ཡིན་པས་དེའི་ཞེན་ཕྱོགས་ཀྱིས་དེ་དག་གི་རྒྱབ་སྐྱོར་འདབ་སྐྱོར་ཙམ་ལས་གནས་ལུགས་ཀྱི་སྐད་ཆ་ཞིག་མ་ཡིན་པས་སྐྱག་ལབ་རྒྱབ་པར་མ་བྱེད་ཅིག་ཟེར་སྲིད། འོ་ང་རང་རྒྱ་བླ་ཙམ་པོ་བ་ཞིག་ཡིན་པ་ནི་བདེན། རྒྱ་རིགས་ཀྱི་སློབ་མ་སྐྱབས་སྡོམ་ཙམ་ཞུ་མཁན་ཁ་ཤས་ཡོད་ལ། རྒྱ་མིའི་འབུལ་བ་ཏོག་ཙམ་ཡང་ཐོབ་ཀྱིན་མཆིས། ངས་རྒྱ་ཡུལ་དུ་སྤྱོད་ངན་བྱེད་ཀྱིན་མེད་ཅེས་བརྗོད་ཀྱང་ཁྱེད་ཅག་གིས་ཁས་ལེན་མི་སྲིད་པས་མི་སྨྲ། འོན་ཀྱང་རྫུན་མིང་ཐོབ་པ་དང་རྫུན་མིང་ལ་རེ་བའི་རྒྱ་བླ་ནི་མིན་ལ། རྫུན་མིང་བསྒྲགས་ཏེ་ནོར་སློང་བ་དང་རྟེན་བཞེངས་ལ་ཁ་གཡར་ཏེ་འབུལ་བ་སྡུད་པའི་རྒྱ་བླ་ནི་དེ་བས་ཀྱང་མ་ཡིན། ལྷ་ཁང་དང་ལྷ་སྐུ་བཞེངས་ཏེ་རང་གི་གྲགས་པ་དང་། ཐོབ་གོ་ས་དང་། འབྱོར་བ་གཉེར་བའི་རྒྱ་བླ་ནི་འཆམ་མ་མྱོང་ལ། ཚོང་དཔོན་རྣམ་སྲས་དང་། མཛེས་མ་སྒྲོལ་མ་རུ་བཏགས་ཏེ་ཁྲིར་འཇོག་པའི་ལས་ནི་དེ་བས་ཀྱང་བྱ་མ་མྱོང་། ཁྱིམ་པ་ཕྱུག་པོ་ལ་སྡེ་སྣོད་གསུམ་མཚོན་གྱི་ཞྭ་དང་ཆོས་གོས་བསྐོན་མི་ཤེས་ལ། དབང་མེད་ལས་དབང་ཞུ་བ་ནི་དེ་བས་ཀྱང་མི་ཤེས། རྒྱ་ནོར་གྱིས་བོད་བླ་འདོད་ཆེན་ལ་འབུལ་བ་འདེགས་མི་འདོད་ལ། གཟུགས་བརྙན་ངོམས་ཆོས་ཀྱི་རྟེན་བཞེངས་ནི་དེ་བས་ཀྱང་མི་འདོད། བརྙེད་ནོར་དེ་ཁོང་ཚོས་ཕུལ་བ་ཡིན་པ་ལས་ཕར་བསླངས་པ་ནི་སྣ་གཅིག་ཀྱང་མེད་ལ། རྫུན་གྱིས་བསླུས་ཏེ་འཕྲོག་པའི་ནོར་ནི་དེ་བས་ཀྱང་མེད་དོ། །

རྒྱ་བླ་ངན་ཞེས་བོད་ཀུན་དམོད་མོ་ལྡིར།།

རྒྱ་བླའི་ནོར་ཀུན་བོད་ཀྱི་དཔལ་དུ་སྨིན།།

རྫུན་གྱི་འབྱུང་ཁུངས་རྒྱ་བླའི་རྒྱབ་ལྗོངས་ཏེ།།

བསྟན་པར་རྨ་འབྱིན་སུ་ཆེ་རིགས་པས་དཔྱོད།།

ཅེས་རྗེས་དཀར་བ་བྱ་རོག་གདོང་ཅན་གྱིས་བྲིས་པའོ།། །།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1