༄༅། །བོད་ཀྱི་གསོ་བ་རིག་པ་ལས་བདེ་ཐང་གི་ངོས་འཛིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28



              བོད་ཀྱི་གསོ་བ་རིག་པ་ལས་བདེ་ཐང་གི་ངོས་འཛིན་ཐད་གསལ་བོ་ཞིག་བཤད་དགོས་ན། ཐོག་མར་བོད་ཀྱི་གསོ་བ་རིག་པའི་བརྗོད་བྱ་ཡང་ན་མཐར་ཐུག་གི་དགོངས་པ་ལ་ཅུང་བཤད་པར་བྱ་སྟེ། བོད་ཀྱི་གསོ་བ་རིག་པ་ནི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་ལ་དེའི་ལུས་ཀྱི་ནད་གསོ་བ་ལས་རང་རྒྱུད་མ་ཞི་བ་ཞི་བ་དང་གཏན་གྱི་བདེ་བ་ཐོབ་པར་བྱའོ། རྒྱུད་ལས། མཐར་ཐུག་འབྲས་བུ་གཡོ་སྒྱུ་འདོད་པ་རྣམས། །སྤངས་ནས་ནད་པ་གསོ་བ་ལ་འཇུག་པ། །བླ་མེད་སངས་རྒྱས་ས་ལ་བགྲོད་འགྱུར་ཞེས། །རང་གི་སྒོ་གསུམ་གྱི་ཉེས་བ་སྟེ་གཡོ་སྒྱུ་འདོད་པ་རྣམས་མེད་པར་དྲང་པོར་བསྲངས་ནས་གཞན་གྱི་ཉེས་བ་མ་སྙོམས་པ་སྙོམས་པར་བྱེད་པ་དང་བདེ་བ་ཅན་གྱི་འབྲས་བུ་ཐོབ་པར་བསྟན་པ་དང་། དེ་ཡང་རྒྱུད་ལས། ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ། །བདག་མེད་དོན་མ་རྟོགས་པས་མ་རིག་ཅེས། །དཔེར་ན་བྱ་ནི་མཁའ་ལ་ལྡིང་གྱུར་ཀྱང་། །རང་གི་གྲིབ་མ་དེ་དང་མི་འབྲལ་ཞིང། །འགྲོ་ཀུན་བདེ་བར་གནས་ཤིང་སྤྱོད་ན་ཡང། །མ་རིག་ལྡན་པས་ནད་དང་འབྲལ་མི་སྲིད། །ཅེས་ནད་རྣམས་ཀུན་གྱི་རྒྱུ་ནི་བདག་མེད་མ་རིག་པ་སྟེ་ཕྱི་ལུས་ལ་བསྐྱེད་པའི་ནད་ནི་ནང་སེམས་ལ་བྱུང་བའི་དུག་གསུམ་གྱི་བྱེད་པ་དང་དེ་ཕྱིར་ཕྱི་ལུས་ཀྱི་ཉེས་གསུམ་སེལ་པ་ལ་ཐོག་མར་ནང་སེམས་ཀྱི་དུག་གསུམ་ཉོན་མོངས་རྣམས་ཞུ་བར་བྱེད་དགོས་ཏེ། རྒྱུ་མ་བཅོས་པར་འབྲས་བུ་གསོ་འདོད་པ། །དུག་རྩ་མ་ཕྱུང་ལོ་མ་བཅད་སྐྱུར་འདྲ། །ཞེས་བསྟན་པ་བཞིན། དེ་ཕྱིར་བོད་ཀྱི་གསོ་བ་རིག་པ་ལས་ནད་མེད་བདེ་ཐང་ཞེས་པ་ནི་ལུས་སེམས་གཉིས་ལ་བརྗོད་པ་དང། ཕྱི་ལུས་ཀྱི་ཉེས་གསུམ་སྙོམས་པར་བྱེད་པ་དང་ནང་སེམས་རྒྱུད་དུག་གསུམ་ཉོན་མོངས་ཀྱིས་མི་ཁྱེར་བའམ་ཞི་བ། དེ་མིན་ལུས་སེམས་གཉིས་ཀྱི་ནང་ནས། སེམས་དེ་ལུས་ལ་དབང་སྒྱུར་བའི་གཙོ་བོ་ལྟ་བུ་ཡིན་པས་སེམས་ཀྱི་ནད་བཅོས་པ་གཙོ་ཆེ་བཟུང་དགོས་ཏེ། སྨན་དཔྱད་ཀྱིས་ནད་རྣམས་གནས་སྐབས་བཅོས་ཐུབ་ཀྱང་གཏན་འགོག་བྱེད་མི་ཐུབ། སྤྱོད་འཇུག་ལས། སེམས་ནི་མི་རྟག་པ་ལ་རྟག་པར་དགའ་བའོ་། །ཉོན་མོངས་པ་རྣམས་ཀྱི་རྩ་བའོ་། །ངན་སོང་རྣམས་ཀྱི་སྒོའོ་། །ཉེ་བའི་ཉོན་མོངས་པ་རྣམས་ཀྱི་གཞིའོ་། །བདེ་འགྲོ་རྣམས་ཆུད་གསོན་པའོ་། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཀྱི་རྐྱེན་དུ་གྱུར་པའོ་། །ཆོས་ཐམས་ཅད་ཀྱི་བདག་པོར་གྱུར་པའོ། །ཞེས་བསྟན་པ་བཞིན་སེམས་ནི་དུག་དང་ཉོན་མོངས་རྣམས་ཀྱི་སྒོ་དང་རྐྱེན་ལྟ་བུ་སྟེ་གལ་ཏེ་དུག་གསུམ་དང་ཉོན་མོངས་རྣམས་མ་འཇོམས་ན་ནད་ཀུན་བསྐྱེད་པ་དང་ཆོས་ཀྱི་བདེན་པ་ཡང་མཐོང་མི་ཐུབ་སྟེ། དེ་ཕྱིར་སེམས་རྒྱུད་དག་པ་ནི་ཤིན་ཏུ་གལ་ཆེ་ཞིང་འདི་ནི་སེམས་ཀྱི་འཕྲོད་བསྟེན་ཞེས་བྱའོ།     

              དེ་ཡང་བོད་ཀྱི་གསོ་བ་རིག་པ་ལས་ལུས་སེམས་གཉིས་ཀྱི་ནད་སེལ་བ་ལ་རྒྱུད་གཞུང་གི་ཐོག་མ་བསྟན་ཞིང་། དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །ཞེས་ནང་སེམས་ཀྱི་དུག་གསུམ་དང་ཕྱི་ལུས་ཀྱི་ནད་བསྟན་པ་དང་དེ་ན་དབྱེ་བ་སོ་སོར་ཕྱེ་ནས་བརྗོད་པའི་དགེ་བ་དང་དགོངས་གཞི་གང་ཡོད་ཅེས་ན། རྒྱུད་ལས། ལུས་སེམས་ནད་གདོན་རང་བཞིན་མ་འགྲུབ་ཕྱིར། །བདག་མེད་སྟོང་བའི་དོན་ལ་རྒྱུན་དུ་བལྟ། །ཞེས་དང་། མདོ་རྒྱུད་ལས། འདི་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། ། འབྱོར་བའི་དུས་དང་རྒུད་པའི་དུས་ནའང་། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །ཅེས་རང་རྒྱུད་དུག་གསུམ་མ་རིག་པ་འཇོམས་པ་ལས་ནད་དང་སྡུག་བསྔལ་ཀུན་གྱི་རྒྱུ་སེལ་བ་དང་གཏན་གྱི་བདེ་བའང་ཐོབ་པར་གྱུར། དེ་མིན་གནས་སྐབས་ཀྱི་བདེ་བ་ཙམ་ཡང་ཐོབ་མི་སྲིད། འགྲོ་མཆོག་གཙོ་བོར་གྱུར་པའི་མི་ལུས་ཀྱང། །མ་རིག་འཁྲུལ་པའི་དབང་གིས་འཁོར་བར་འཁྱོམ། །གཏི་མུག་དབང་གིས་སྐྱོན་ཡོན་རྒྱུ་མ་ཤེས། །འདོད་པའི་དབང་གིས་སྡིག་པའི་ལས་མང་སྤྱད། །ཞེ་སྡང་དབང་གིས་གཞན་ལ་གནད་དུ་བཙུགས། །ཕྲག་དོག་དབང་གིས་མཐོ་ལ་འགྲན་སེམས་བསྐྱེད། །ང་རྒྱལ་དབང་གིས་དམའ་ལ་ཁྱད་དུ་བསད། ། ཅེས་རྒྱུད་ལས་གསུངས་བ་བཞིན་ནོ། དེ་ཡང་གསོ་བ་པོ་སྨན་པའི་ལེའུ་ལས། ཁྱད་པར་ལས་ནི་ལྟ་སྒོམ་སྤྱོད་པ་གསུམ། །ཞེས་ལྟ་བ་སྤྲོས་བྲལ་དབུ་མ་དང་སྒོམ་པ་ཚད་མེད་རྣམས་བཞི། སྤྱོད་པ་དགེ་སྡིག་བླང་དོར་རྣམས་ཚུལ་བཞིན་བསྒྲུབ་པ་བཅས་ནི་ཆོས་ཀྱི་ཉོན་མོངས་འདུལ་བ་སེམས་ཀྱི་འཕྲོད་བསྟེན་ཡིན། བདག་མེད་མ་རིག་མ་རྟོགས་ན་མཐར་ཐུག་གི་བདེ་བ་མི་ཐོབ་པ་དང་གནས་སྐབས་ཀྱི་བདེ་བ་ཡང་དུག་གསུམ་དང་ཉོན་མོངས་རྣམས་ཀྱིས་ཁྱེར་ནས་ཕྱི་ལུས་དང་ནང་སེམས་བཅས་ལ་སྡུག་བསྔལ་ཆེན་པོ་བསྐྱེད། གཡུ་ཐོག་གསོལ་འདེབས་ལས། ཚོགས་བསགས་སྒྲིབ་སྦྱངས་ཐབས་མཁས་སྨན་དཔྱད་ཀྱིས་ལས་ཉོན་ནད་ཀྱི་གདུང་བ་ཀུན་བཅོམ་ནས། གཏན་བདེའི་ལང་ཚོ་སྦྱིན་པའི་དཔལ་ཡོན་ཅན། ངེས་དོན་གསོ་རིག་སྩོལ་ཅིག་ཡོན་ཏན་མགོན། ཞེས་བསྟན་པ་བཞིན་ཚོགས་བསགས་དང་སྒྲིབ་སྦྱངས་ལས་རང་རྒྱུད་ཞི་བ་དང་གནས་སྐབས་བདེ་བ་དང་གཏན་གྱི་བདེ་བ་ཐོབ་པར་བྱེད་པའོ། དེ་ཕྱིར་བོད་ཀྱི་གསོ་བ་རིག་པ་ལས་བདེ་ཐང་ནི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་གོ་ཞིང་ནང་སེམས་ཀྱི་བདེ་ཐང་དེ་ལས་གལ་ཆེ།  དེ་ཡང་ནང་སེམས་རྒྱུད་ཀྱི་བདེ་ཐང་ཐོབ་པ་ལ། རིན་ཆེན་སྤུངས་བ་ལས། ཤཱཀྱ་ཐུབ་པས་མི་མཇེད་འཇིག་རྟེན་འདིར། །དུག་ལྔའི་ནད་སེལ་སྨན་གཞུང་ཆེན་པོ་བརྩམས། །ཞེས་གསུངས་བ་བཞིན་སེམས་ནད་དུག་ལྔ་དེ་སེལ་བྱེད་སྨན་གཞུང་ནི་ངེས་པ་དོན་གྱི་མདོ་རྒྱུད་ཟབ་མོ་རྣམས་ཡིན །གསོ་བ་པོ་སྨན་པའི་ལེའུ་ལས། ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང་། །ཀླུ་རྣམས་ཀྱི་ནི་གཙུག་ནོར་ལྟ་བུ་དང་། །དྲང་སྲོང་རྣམས་ཀྱི་བཅུད་ལེན་ལྟ་བུར་ནི། །ཁྱེད་ལ་སྨན་འདི་ཉེ་བར་གནས་གྱུར་ཅིག །རླུང་མཁྲིས་བད་ཀན་བཞི་བརྒྱ་རྩ་བཞིའི་ནད། །ཚེ་ལ་བར་དུ་གཅོད་པ་ཞི་བ་དང་། །གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ། །བསམ་པའི་བར་དུ་གཅོད་པ་ཞི་བར་མཛོད། །ཅེས་བོད་ཀྱི་གསོ་བ་རིག་པ་ལས་ནང་སེམས་ཀྱི་འཕྲོད་བསྟེན་ཐད་ཆོས་ཀྱི་དགོངས་དོན་མང་པོ་བརྗོད་ཡོད་པ་དང་དེའི་ནང་སེམས་རྒྱུད་ཀྱི་དུག་གསུམ་ཉོན་མོངས་རྣམས་ཞི་བར་བྱེད་པ་ཡིན།  དེ་ཡང་རྒྱུད་ལས། སེམས་ཅན་ཐམས་ཅད་བདེ་བ་འདོད་པའི་ཕྱིར། །རྩོམ་པ་ཀུན་ལ་འཇུག་ཀྱང་ཆོས་མེད་ན། །བདེ་ཉིད་སྡུག་བསྔལ་རྒྱུ་ཕྱིར་ཆོས་ལ་འབད། །ཅེས་བསྟན་པ་བཞིན་ཆོས་ཀྱི་རང་རྒྱུད་ཀྱི་མ་རིག་དུག་གསུམ་ཉོན་མོངས་རྣམས་ཞི་བར་བྱེད་པ་དང་ཆོས་ཀྱི་སྟོང་བ་ཉིད་ཀྱི་བདེན་པ་མཐོང་ཐུབ་ལ་དེ་མིན་སྡུག་བསྔལ་ལས་ཐར་མི་ཐུབ། དེ་ཡང་དེང་རབས་ཕྱི་ལུགས་གསོ་རིག་ལས་ལུས་ཀྱི་ན་ཟུག་འཇོམས་སྐབས་ལུས་སེམས་ལ་དབྱེ་བ་སོ་སོར་ཕྱེ་ནས་བསྟན་པ་ཉུང་བ་དང་། ལུས་ཀྱི་ན་ཟུག་ཞི་བར་བྱེད་པ་གཙོ་བོར་བཟུང་བ་ཞིག་ཡིན་ནའང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ནད་ཐོག་ཞིབ་འཇུག་གཏིང་ཇེ་ཟབ་སོང་བ་བསྟུན་ནས་ཕྱི་ལུས་ཀྱི་ན་ཟུག་འཇོམས་སྐབས་ནད་པའི་སེམས་བདེ་མི་བདེ་དང་། སྙིང་སྟོབས་ཆེ་ཆུང་དགའ་སྤྲོ་ཆགས་སྡང་སོགས་ཁྱད་པར་ལས་གསོ་སླ་བ་དང་དཀའ་བའི་ཁྱད་པར་དང་དེ་དག་འབྲེལ་བ་ཡོད་པ་སོགས་ཕྱི་ནང་གི་སྨན་གཞུང་མང་བོ་ལས་བཤད། སྨན་པའི་མྱོང་བས་ཀྱང་མངོན་སུམ་གྲུབ། དེ་ཕྱིར་བོད་ཀྱི་གསོ་བ་རིག་པ་ལས་ནད་ཀུན་སེལ་བ་ལ་སེམས་གཙོ་བོ་བཟུང་ནས་བརྗོད་པ་ནི་དེང་རབས་གསོ་རིག་ལས་ཁྱད་དུ་འཕགས་པ་དང་སེམས་ཁམས་སྨྲ་བའི་ཐད་དེ་ལས་ཚན་རིག་དང་སྔོན་ཐོན་ཡིན་པ་གསལ་བོ་ཤེས་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1