ཨ་ཕ་ཆོས་རྒྱལ་ཚང་གི་མག་པ།

གཡུ་ལུང་གཡུང་དྲུང་འབུམ། (གཙོས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28





རྒྱང་རིང་གི་གནམ་མཐའི་མཚམས་སུ་འོད་དཀར་གྱི་སྣང་བ་ཞིག་མཁའ་དབྱིངས་ཀྱི་ཕྱོགས་མཐར་ཁྱབ་པ་དང་བསྟུན་ནས། ཡངས་པའི་ས་གཞི་དཀར་གསལ་ལེར་གྱུར་བ་དང་།

རྡོག་ཁྲེས་གང་ཞིག་གི་ངལ་དུབ་ཀྱིས་མནར་བ་ལྟ་བུའི་ཁྲི་གདུགས་ཉི་མ་ཡང་གནམ་མཐའི་མཚམས་ཀྱི་

ཤར་རིའི་ཕྲག་གོང་ནས་ཁད་ཀྱིས་དམར་སྒོར་རེར་འཕགས་ཡོང་གིན་འདུག་ཅིང་། ཐང་རྒན་སྡེ་གསར་གྱི་སོ་ཕག་གཤིབ་པ་ལྟ་བུའི་དུད་ཁྱིམ་རེ་རེའི་ཁང་བའི་དུད་ཁུང་ལས་ཀྱང་ཆད་མ་མཐུད་ཀྱི་དུ་བ་ལང་ལོང་ཞིག་འཕྱུར་འོང་འདུག་ལ།བྱིས་པའམ་རྒན་པ་རེ་ཡིས་བོད་ལྭ་དབོ་ལུགས་སུ་གྱོན་ཏེ་སྒོའི་ཕྱི་རོལ་ཏུ་རྒྱུག་པ་དང་། སར་བསྡད་དེ་གཅིན་པ་གཏོང་བའམ་ཕྱི་ས་དོར་རྗེས་གཞུག་ཕྱོགས་ན་སུ་ཞིག་ར་མདའ་རུ་ཡོང་གིན་ལོས་ཡོད་སྙམ་པའི་འགྲོས་ཀྱིས་ཕྱིར་བྱ་འཕུར་བ་ལྟར་བུད་འགྲོ་བ་མ་གཏོགས་མི་མང་ཆེ་ཤོས་ད་དུང་གཉིད་ཀྱི་ཞིང་ཁམས་སུ་བཟི་ཡོད་ཆེ་སྟེ། མ་ཎི་འཁོར་ཁང་གི་རྣམ་ཀུན་ཆད་པ་མེད་པའི་ཆོས་ཀྱི་དབྱངས་རྟ་དེ་གསལ་ལྷང་ལྷང་གྲགས་པ་དང་། གཞུང་ལམ་དུ་ཡར་འགྲོ་མར་འགྲོ་བྱེད་ཀྱིན་པའི་འཕྲུལ་རྟའི་ལྡིར་སྒྲ་དང་དེ་དག་གི་རྗེས་སུ་ཟུག་སྐད་རྒྱག་བཞིན་པའི་ཁྱི་ལྡོམ་དག་གིས་མཐོ་སྒང་གི་གྲོང་སྡེ་འདིའི་ལྷིང་འཇགས་དཀྲོགས་པ་མ་གཏོགས་ཐང་རྒན་སྡེ་གསར་སྔར་བཞིན་ཁུ་སིམ་མེར་འཇམ་ཐིང་ངེར་གནས།

ཅུང་ཙམ་ནས་དགུང་གི་ཉི་མ་ཇེ་མཐོ་ནས་ཇེ་མཐོར་གྱུར་བ་དང་དུས་མཚུངས་སུ་དེ་སྔོན་གྱི་གྲང་ཤུར་ཤུར་གྱི་ལྷགས་རླུང་དེའང་ལྡང་མཚམས་བཞག་ནས་གང་སར་དྲོད་འཇམ་གྱི་མཁའ་དབུགས་ཤིག་གིས་ཁྱབ་བྱུང་ལ། དེ་ལྟར་ཉི་རྩ་དྲོས་པ་དང་བསྟུན་ནས། ཐང་རྒན་སྡེ་གསར་ཡང་གཉིད་ལས་སད་པ་ཇི་བཞིན་ཟང་ཟིང་ལང་ལོང་ཞིག་ཏུ་གྱུར་སོང་སྟེ། པ་ཏྲ་བཞིན་བསྣོལ་བའི་སྲང་ལམ་དག་ཏུ་ཡང་བ་ལང་ནོར་ཕྱུགས་འགའ་རེ་རྔ་མ་གཡུག་གིན་དལ་དལ་ལྷོད་ལྷོད་ངང་འགྲོ་བ་མཐོང་ཐུབ་པ་དང་དུད་ཁྱིམ་རེ་རེའི་རྒྱ་སྒོ་ཆེན་པོ་དེའང་ཕྱེས་ནས་འཕྲུལ་རྟའམ་རླངས་འཁོར་གང་རུང་གི་གློག་གཟུང་ཆེད་སྔ་མོ་ནས་ཉི་མར་ལྡེ་བར་བྱེད།

ཐང་རྒན་སྡེ་གསར་ནི་འབའ་ཉིན་རྩྭ་ཐང་ནས་རུ་སྤར་ནས་ཡོང་བའི་ཐང་རྒན་སྡེ་བ་ཡིན་ཞིང་། སྤྱིར་བཏང་ཐང་རྒན་སྡེ་བ་ནི་ཕྱུགས་ཟོག་འཚོ་ཞིང་མི་རབས་ནས་མི་རབས་ལ་ཕྱུགས་ཟོག་ལ་བརྟེན་པའི་འབྲོག་པ་ཡིན་མོད། འོན་ཀྱང་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྤོས་འབངས་སྡེ་བ་ཟེར་བའི་སྲིད་ཇུས་སླེབས་པ་དང་བསྟུན་ནས་ཀུན་གྱིས་དིང་མ་རྒན་རྒོན་འགའ་རེ་ལོ་ཕུད་དུ་ཡོང་སའི་ས་ལག་མཐིལ་འདྲ་བོ་དེར་ཁང་བ་དང་ར་བསྐོར། ཆུ་གློག་ལམ་གསུམ་སོགས་ཀྱི་རྣམ་གྲངས་རབ་དང་རིམ་པ་ཞིག་ཐོན་པ་སྔ་གཞུག་བརྩད་དེ་ཕུབ་ཅིང་བསྐོར་བས།ད་ཆ་ཁང་བ་དག་ཕྱི་ཚུལ་ནས་བལྟས་ན་དིང་མའི་ས་ཁང་དེ་དག་དང་མི་འདྲ་བར་གྲལ་དག་ཅིང་ཚོན་རྩི་བྱུགས་པ་ལ་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོས་བརྒྱན་ཡོད་པས། རྒྱང་རིང་ནས་བལྟས་ན་ཐང་རྒན་སྡེ་གསར་ནི་ཡངས་པའི་འབའ་སྲིབ་ཏུ་ཕྲ་ཚོམ་གྱིས་སྤུད་པ་ལྟར་ཁྲ་ཆིལ་ལེར་སྣང་།



“གོ་ཐོས་ལྟར་ན་ཨ་ཕ་ཆོས་རྒྱལ་ཚང་གི་མག་པ་ཕྱིར་ཡུལ་ལ་བྲོས་སོང་ཟེར་བ་བདེན་ནམ། ད་དུང་ཁྱིམ་གྱི་རྒྱུ་ནོར་མང་བོ་འཁྱེར་སོང་སྐད། ད་ངོ་མ་ཨ་ཕ་ཆོས་རྒྱལ་རྒན་རྒོན་གཉིས་ཀ་སྙིང་མ་རྗེ་ཨང་།” ཨ་ཕ་དོན་གྲུབ་ཀྱིས་དེ་ལྟར་གླེང་གཞི་ཞིག་གི་མགོ་བརྩམས་པ་ན།

“འོ་ལེ། འོན་ཀྱང་ཆོས་རྒྱལ་རྒན་རྒོན་གཉིས་ཀར་ཡང་དེ་འདྲ་ཞིག་འབབ་འོས། རང་གི་གསར་བུ་སྟག་འདྲ་གཟིག་འདྲ་དག་མིག་གིས་མ་བལྟས་རྣ་བས་མ་ཉན་པར། མི་དགོས་པ་རྒྱ་རྒན་ཞིག་མག་པར་ལེན་ཁུལ་བྱས། ད་བྱ་རིག་གམ།” ཨ་མ་རིན་མོས་ཐད་ཀར་ངོ་རྒོལ་ཚུལ་དུ་སྐད་ཆ་དེ་འདྲ་ཞིག་བཤད་བྱུང་།

“ཡིན་ནའང་། ཨ་རོ། ཆོས་རྒྱལ་རྒན་རྒོན་གཉིས་ཀ་ལའང་ཁག་ཡོད་མ་རེད། ཁོའི་རྒན་རྒོན་གཉིས་ཀའི་ཚེ་ཕྱི་མ་འགྲོ་བའི་ཡུལ་སྲུང་དང་ལ་རིང་བོ་འགོ་བའི་ལག་རྟེན་བུ་མོ་ཀན་ཁེར་མོ་རེད། བུ་མོ་མོ་ལོ་བཅོ་ལྔ་བྲོ་མ་ལ་མི་རེ་བའི་དུས། ལོ་ཡིས་དེད་ཡོང་སྐབས་དང་། ལྷག་པར་ཁོ་རྒན་རྒོན་གཉིས་ཀས་རྐང་བས་ཉ་དང་ལག་པས་བྱ་ཟིན་གྱིན་མེད་དུས་ཤིག་ལ། མག་པ་ཞིག་བཙལ་བ་ནི་ཧ་ཅང་དཀའ་བ་རེད། དེ་ལས་ཀྱང་བུ་མོ་ད་ཆོག་སྐྱིད་ལ་གཡུག་ལས་ཀ་ཡོད་དམ། ཡག་མོ་སྒོ་ཡོད། ཁག་ཡོད་པ་མ་རེད་ཡ།” ཨ་ཕ་དོན་གྲུབ་ཀྱིས་དེ་ལྟར་སྐད་ཆ་ཆུ་བཞུར་བ་ལྟར་བཤད་ཅིང་། གནས་ལུགས་ཀྱི་བྲོ་བས་ཕྱུག་འདུག་པས། ཨ་མ་རིན་མོ་ཡང་ཐབས་ཟད་དེ་མགོ་བོ་གཅུས་ནས་ཁ་མུར་མུར་ངང་ལག་གི་ཕྲེང་བ་དེ་བགྲང་གིན་འདུག

ཨ་ཕ་དོན་གྲུབ་ནམ་རྒྱུན་ལྟར་ཞོགས་པ་སྔ་མོ་ནས་མ་ཎི་འཁོར་ཁང་ལ་བསྐོར་བ་བརྒྱབས་ཤིང་དེ་ནས་འཁོར་ཁང་ནང་དུ་འཁོར་ལོ་ཅུང་ཙམ་རེ་བསྐོར་རྗེས། སྒོར་བུད་དེ་མ་ཎི་འཁོར་ཁང་མདུན་ངོས་སུ་ཉི་འོད་འཕྲོས་ཤིང་དྲོད་ལམ་ལམ་དུ་འདུག་པས། དེ་རུ་བསྡད་ནས་ཉི་མར་ལྡེ་ནས་སྡོད་དུས། ཏག་ཏག་ཨ་མ་རིན་མོ་ཡང་འཁྱར་འཁྱོར་གྱི་གོམ་འགྲོས་ངང་ཐོན་བྱུང་བ་དང་། ཁོ་གཉིས་ཀས་ནམ་རྒྱུན་ལྟར་ལབ་གླེང་མགོ་བརྩམས་མོད། འོན་ཀྱང་དེ་རིང་བརྗོད་བྱ་དེ་ཅུང་རྙོག་འཛིང་ཆེ་བས།ཁོ་གཉིས་ཀྱི་ཁ་བརྡའི་གཞུང་བསྲིངས་མ་ཐུབ་པར་མགོ་བརྩམས་པ་ནས་ཕན་ཚུན་གྱི“བཞེད་དགོངས”ཐོད་མ་ཐུག་པར་རྩོད་གཞི་རུ་གྱུར་སོང་བ་རེད།

ཨ་ཕ་དོན་གྲུབ་ཀྱིས་བཤད་པ་བདེན་ཏེ། ཨ་ཕ་ཆོས་རྒྱལ་ཚང་ནི་དིང་མ་སྤྱི་ཚོགས་རྙིང་བའི་སྐབས་སུ་ཁྱིམ་རྒྱུད་ཕྱུག་པོ་དངོས་གནས“བོས་ན་མིང་ཅན།། བགོས་ན་སྐལ་ཅན།།”དང“གོར་གོར་བྱས་ན་དཀྱིལ་ནས་འདུག་པ།། ནར་ནར་བྱས་ན་མགོ་ནས་འདུག་པ།།“ཞིག་ཡིན་མོད། འོན་ཀྱང་ཨ་ཕ་ཆོས་རྒྱལ་གྱི་སྐབས་སུ་སླེབས་དུས། ཨ་ཕ་ཆོས་རྒྱལ་དང་ཨ་མ་ལྷ་སྐྱིད་གཉིས་ལ་བྱིས་པ་ལྔ་ཡོད་མོད། ཡིན་ནའང་བྱིས་པ་བཞི་ནི་བུ་ཡིན་ཞིང་། བུ་བཞི་ལས་བུ་གཉིས་སྐྱེས་མ་ཐག་ནས་རིག་པ་མི་དྭངས་ཤིང་འཇིག་རྟེན་གྱི་བཅའ་སྲོལ་ལས་སྲོལ་ལ་རྨོངས་པའི་ཀླ་ཀློའི་རིགས་ཡིན་ཞིང་། བུ་གཉིས་ནི་ནར་སོན་ནས་ཅུང་མ་འགོར་བར་རྐྱལ་སྟོང་མགོ་སྟོང་དུ་གྱུར་ཏེ། ཟླ་འགའ་རེར་གར་སོང་ཆ་མེད་དུ་གྱུར་འགྲོ་བའང་ཡོད། བུ་བཞི་བོ་ནར་སོན་པ་དང་བསྟུན་ནས་ཨ་ཕ་ཆོས་རྒྱལ་རྒན་རྒོན་གཉིས་ཀྱིས་རྩྭ་ས་གྲུ་བཞི་མ་བགས་མ་བཞི་རུ་བགོས་ཤིང་ཕྱུགས་ཟོག་ཡང་བགོས་ནས་བྱིན་པ་དང་། རེ་རེའི་ལོགས་སུ་མནའ་མ་རེ་ཡང་བླངས་མོད། འོན་ཀྱང་མགོ་སྟོང་གཉིས་ཀ་ནམ་རྒྱུན་ཡུལ་དུ་མི་གནས་པས། མནའ་མ་གཉིས་ཀས་གནས་ངན་བལྟས་ནས་ཕྱིར་ཡུལ་དུ་བུད་སོང་བ་རེད། བུ་ཀློའུ་ཞད་ཅན་གཉིས་ཀ་ད་གཟོད་ཕྱུགས་ལས་ན་ཕྱུགས་ཟོག་ཆ་རེ་ཁ་ལོ་མགོ་ལོ་བྱས་ནས་ཉི་མ་ནམ་ཚ་གཏོང་ཀྱིན་ཡོད་པ་རེད། དེ་དག་གི་ཤུལ་གྱི་ཡར་ལངས་ཀྱི་གྲོས་སུ་བརྩི་བའི་བུ་མོ་ད་ཆོག་སྐྱིད་ནི་ད་ལྟ་དངོས་གནས་ཨ་ཕ་ཆོས་རྒྱལ་རྒན་རྒོན་གཉིས་ཀྱི་ཡ་ཐོད་ཀྱི་མིག་དང་ཡ་ཆུང་གི་སྙིང་དུ་གྱུར་ཡོད། ད་ཆོག་སྐྱིད་ནི་དངོས་གནས་ཨ་ཕ་ཆོས་རྒྱལ་རྒན་རྒོན་གཉིས་ལ་རེ་བའི་འོད་སྣང་སྦྱིན་མཁན་ཡིན་ཏེ། ཁོ་གཉིས་ལ་བུ་བཞི་འཕྲོ་རིམ་འཕྲོར་སྐྱེས་ཤིང་ཀུན་གྱིས་བསོད་ནམས་ཆེ་བ་ལ་ཨང་ཞེས་ཡིད་སྨོན་གྱི་གཞི་དང་བསྟོད་པའི་གནས་སུ་གྱུར་ཡོད་ཀྱང་ཕྱིས་སུ་གཅིག་ཀྱང་ཁོ་གཉིས་ཀྱི་བརྟེན་ས་འཆའ་ས་རུ་འགྱུར་བའི་རེ་བ་མེད་པར་གྱུར་ཏེ་ཡིད་སེམས་ཀྱི་རི་བོ་ལ་སྐྱོ་སྡུག་གི་ན་བུན་གྱིས་འཁྱུད་ནས་ཡོད་པའི་སྐབས་ཏག་ཏག་ལ་བུ་མོ་ད་ཆོག་སྐྱིད་སྐྱེས་པས། ཨ་ཕ་ཆོས་རྒྱལ་རྒན་རྒོན་གཉིས་དགའ་དྲགས་ནས་ད་ནས་བཟུང་བྱིས་པ་སྐྱེ་མི་དགོས་པར་འདུག ད་ཆོག་འདུག་ཅེས་མིང་ལའང་ད་ཆོག་སྐྱིད་ཅེས་བཏགས་པ་ཡིན་སྐད། ཡིན་ནའང་། ད་ཆོག་སྐྱིད་ཀྱང་དེ་འདྲའི་རིག་པ་དྭངས་ཤིང་ལས་ཀར་འབྱོར་བ་ཞིག་མིན་ལ། དེ་བས་ཀྱང་ཁ་སྒོ་སྐྱེ་འབྲས་མཛེས་པ་ཞིག་མིན་པས། ད་ལྟ་ད་ཆོག་སྐྱིད་ལ་མག་པ་ཞིག་ལེན་རྒྱུ་ནི་ཨ་ཕ་ཆོས་རྒྱལ་རྒན་རྒོན་གཉིས་ཀྱི་དོན་དག་ཡོད་ཚད་ནང་ཨང་དང་པོ་རུ་ཆགས་ཡོད།



འབའ་ཉིན་རྩྭ་ཐང་ནི་བདེ་ཞིང་ཁོད་ཡངས་པའི་བདེ་ཐང་ཞིག་ཡིན་ཞིང་། ཕྱོགས་བཞིར་རི་བོས་བསྐོར་ཡོད་པ་དང་། ལན་རེར་མཐའ་འཁོར་གྱི་གནས་རིར་ལབ་ཙེ་བསྟོད་དུ་འགྲོ་དུས། གནས་རི་རེ་རེའི་ཁ་རུ་བུད་ཚེ། འབའ་ཡུལ་གྱི་ཡུལ་གྲུ་ཐམས་ཅད་སྐྱུ་རུ་ར་ལག་མཐིལ་དུ་བླངས་པ་ལྟར་མིག་གི་མཐོང་རྒྱ་ཆེ་རུ་བསྐྱེད་ངེས་ཤིང་། གལ་སྲིད་ཁྱེད་རང་སོང་བའི་དུས་ཚིགས་དེ་དབྱར་གཞུང་ཞིག་ཡིན་ཚེ། སྔོ་ལྗང་ལྗང་གི་འབའ་ཉིན་རྩྭ་ཐང་དང་འབའ་སྲིབ་ཀྱི་ཁ་དོག་སྣ་ལྔ་ལྡན་པའི་ཞིང་ཆེན་གྱི་རེའུ་མིག

ད་དུང་དེ་གཉིས་ཀྱི་བར་ན་འབའ་ཡུལ་བུ་མོར་སྐ་རགས་དཀྲིས་པ་ལྟ་བུ་འབའ་ཆུ་སྔོན་མོ་ཀྱག་ཀྱག་ཏུ་འབབ་པ་བཅས་ཀྱིས་ཁྱེད་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག་ཅིང་སེམས་སུ་སྨྲ་མི་ཤེས་པའི་ཚོར་བ་ཞིག་འབྱུང་ཞིང་། དེ་དང་ལྷན་ཏུ་ཀི་རྒྱངས་ཤིག་དབང་མེད་དུ་བཏབ་ན་འདོད། དེ་ལྟ་བུའི་ཡུལ་གྱི་བཀོད་པ་ནི་ཏག་ཏག་ཕྱོགས་བཞི་མཚམས་བརྒྱད་ཀྱི་གནས་རི་ལ་གནས་པའི་ཡུལ་ལྷ་གཞི་བདག་གི་ཚོགས་ལ་མཆོད་པ་ཕུལ་བ་དང་འདྲ་བར་ལྷུན་ཆགས་ཀྱིས་འཚོ་ཞིང་གནས།

དེ་རིང་ཡང་དབྱར་གཞུང་གི་དུས་ཚིགས་ཤིག་སྟེ། ནམ་མཁའ་གཡའ་དག་ཅིང་སྔོ་བསང་ངེར། ས་གཞི་རྡུལ་དག་ཅིང་ལྗང་ལྡེམ་མེར་སྣང་ཞིང་། དྲོ་ཞིང་འཇམ་པའི་ཉི་འོད་འཕྲོས་པས་ཚེ་ན། འབའ་ཉིན་རྩྭ་ཐང་ནི་སྔར་ལས་ཀྱང་ལྗང་མདོག་གི་བཀྲག་མདངས་འཚེར་ཞིང་མཛེས་སྡུག་གི་སྣུམ་ཚོན་རི་མོ་ཞིག་དང་མཚུངས།

འབའ་ཆུ་སྔོན་མོའི་ཁུགས་སོ་ཞིག་ནས་བལྟས་ན་འབའ་ཉིན་རྩྭ་ཐང་གི་རྒྱང་ཐག་མི་རིང་བའི་སར་གྱོ་མོག་གི་ཁང་བ་སྒལ་ཟུར་མ་ཞིག་ལྷང་ངེར་མཐོང་ཐུབ་པ་དང་། དེའི་གཤམ་དུ་ཕྱུགས་ཁང་བསྐོར་ཡོད་ཅིང་། ལོགས་སུ་རས་གུར་འགའ་རེའང་ཕུབ་ཡོད་པར་བལྟས་ན་དགའ་སྟོན་རྟེན་འབྲེལ་ཞིག་སྟ་གོན་བྱས་པ་སྨོས་ཅི་དགོས། ལུག་ཁྱུ་སྔ་མོ་ནས་རུ་ནང་ནས་ཕར་རྩྭ་ཐང་དུ་བཀྲམ་འདུག་ལ། ནོར་ལྷས་སུ་སྔར་བཞིན་ནག་གོར་རེར་སྣང་ཞིང་ངུར་སྒྲ་ལྡི་རི་རི་བྱེད་ཀྱིན་ཡོད་པར་བསམ་ན་ད་ནངས་ཁོ་ཚང་གི་བུད་མེད་དག་ཁོམ་གྱིན་མེད་པ་ཁོ་ཐག་རེད། འོ་རེད། ཁོ་ཚང་ནི་ཐང་རྒན་སྡེ་བའི་ཨ་ཕ་ནོར་བྷ་ཚང་མིན་ནམ། ནོར་བྷ་ནི་གཟུགས་ཐུང་ཞིང་ལུས་པོ་ཅུང་ཚོ་བས། དིང་མ་སྡེ་མི་ཀུན་གྱིས་ནོར་བྷ་ལོག་རིལ་ཞེས་པའི་མཚང་མིང་གིས་འབོད་པར་བྱེད་མོད། འོན་ཀྱང་ཁོའི་ཕྱིའི་ཚུགས་ཀ་དེ་ལྟར་བཙོག་ཀྱང་བསམ་བློ་གཏོང་ཤེས་པ་ཞིག་ཡིན་པས། ལོ་འདི་གར་ནོར་བྷས་རང་ཉིད་ཡར་རྒྱུག་མར་རྒྱུག་བྱས་ནས་མ་རྩ་བསྡུ་རུབ་བྱས་ནས་འབའ་ཆུའི་སྔོན་མོའི་འགྲམ་ནས་ཟེགས་མའི་བཟོ་གྲྭ་ཞིག་བཙུགས་པ་ལ་བརྟེན་ནས་ད་སྐབས་རྒྱུ་འབྱོར་གྱིས་ཐང་རྒན་སྡེ་བའི་ཡང་རྩེ་རུ་གྱུར་ཡོད་པས། སྡེ་མི་ཀུན་གྱིས་ཀྱང་འབོད་དུས་སྔོན་ཆད་ཀྱི་ནོར་བྷ་ལོག་རིལ་མ་ཡིན་པར་ཨ་ཕ་ནོར་བྷ་ཞེས་གང་སར་འཕྲད་ཀྱང་བརྩི་བཀུར་དང་འཚམས་འདྲི་ཞུ་བཞིན་འདུག དེ་རིང་འདི་འདྲའི་ཟང་ཟིང་ཡོ་ལང་རྒྱས་བཞིན་འདུག་པའང་ཕལ་ཆེར་ཁོའི་བུ་བསམ་འགྲུབ་ཀྱི་གཉེན་སྟོན་ཡིན་སྲིད་དེ། བུ་བསམ་འགྲུབ་ལོ་ཉི་ཤུར་སོན་ཡང་ད་དུང་མི་རྐྱང་དུ་བསྡད་ཡོད་པས་ཡིན།

ཨ་ཕ་ནོར་བྷ་ཚང་གི་གཉེན་སྟོན་དུ་ཐང་རྒན་སྡེ་བའི་གཞོན་སོ་དཀར་ནས་རྒན་མགོ་དཀར་མང་བོ་སླེབས་ཡོད་པ་དང་། ཨ་ཕ་ཆོས་རྒྱལ་རྒན་རྒོན་གཉིས་ཀྱིས་ཀྱང་བུ་མོ་ད་ཆོག་སྐྱིད་ཁྲིད་དེ་སླེབས་འདུག་ཅིང་། རྒན་རྒོན་གཉིས་ཀྱིས་ཀྱང་རང་ཉིད་ཀྱི་ཚོད་ཀྱིས་འཕྱོར་ལྭ་གོན་ཡོད་པ་མ་ཟད། ད་དུང་བུ་མོ་ད་ཆོག་སྐྱིད་ཀྱིས་ཀྱང་ཚར་ལྭ་དམར་ཁྲ་ཞིག་གོན་ཞིང་དངུལ་གྱི་སྐགས་བཅངས་ཤིག་བཅངས། གསེར་གྱི་སྐེ་རྒྱན་དང་རྣ་རྒྱན་སྤྲས་ཡོད་པས། བལྟས་མ་ཐག་ཏུ་སྐྱེས་གཟུགས་ཀྱང་དྲང་ཤད་ལེར་མིག་ལ་མཛེས་མ་ཞིག་ཡིན་མོད།

འོན་ཀྱང་ད་ཆོག་སྐྱིད་ནི་ཨ་ཕ་ནོར་བྷ་ཚང་ལ་སླེབས་མ་ཐག་ཏུ། སྟོན་འཛིན་པ་སྐྱེས་ཕོ་མོ་མང་བོ་མཐོང་བས། འཚབ་བེ་འཚུབ་བེ་ཞིག་ཏུ་གྱུར་བ་དང་། དེར་སོང་ནས་མ་སྲུ་ཚོ་མཉམ་དུ་རོགས་རམ་བྱ་རྒྱུ་ལྟ་ཞོག བྱིས་པ་ཞིག་དང་འདྲ་བར་གཉེན་སྟོན་གྱི་ཉིན་གང་བོར་ཨ་མ་ལྷ་སྐྱིད་གམ་ནས་སྐྱོ་སྡུག་གི་རྣམ་འགྱུར་ཅི་ཡང་མེད་པར་ཀ་བ་བསླངས་པ་ལྟར་བསྡད་པས། གཉེན་སྟོན་གྲོལ་ནས་སྡེ་མི་ཀུན་གྱིས་ཡུལ་དུ་ལོག་ནས་གླེང་གཞི་གཙོ་བོ་ནི་དེ་རིང་གཉེན་སྟོན་ཡག་རབས་བརྒྱན་རབས་ཡིན་པ་ལས་གླེང་གཞི་གཞན་ཞིག་ནི་ཨ་ཕ་ཆོས་རྒྱལ་ཚང་གི་བུ་མོ་ད་ཆོག་སྐྱིད་ཀྱིས་ཀློའུ་རྟགས་བསྟན་པ་དེ་ཡིན་འདུག ལྷག་པར་ནོར་བྷའི་ཆུང་མ་དཔལ་མོ་ལ་མཚོན་ན་སྡེ་བའི་དོན་དག་ཕྲན་ཚེགས་རེ་མཐོང་མ་ཐུབ་པར་བསྡད་ཡོད་པ་དང་། གལ་སྲིད་གཅིག་མཐོང་ཚེ་གང་སར་སྤུར་གྱིན་ཡོད་པ་སྟེ། ཁོ་མོ་དང་འདྲ་བའི་བུད་མེད་འགའ་འདུས་ནས་ཁ་བརྡ་བྱས་ན་དུས་ཚོད་ཅི་ལྟར་འགོར་བའང་མི་ཚོར་བས། ལན་རེར་ཁོ་མོ་ཚོ་དེ་ལྟར་འཚོགས་ཐེངས་རེར་སུ་ཚང་གི་ཕྱུར་བ་མཛོ་མོས་ཟོས་པའམ་བེའུ་ཁ་འདྲེས་པ་ཡང་ན་ཕྱུགས་ཟོག་བོར་སྟོར་སྲིད་པ་རེད། དེ་བས་ཁོ་མོ་ཚོས་དེ་ལྟར་དོན་དག་མ་འགྲུབ་པའི་སྐབས་དེར་ཁྱོ་ག་དག་གིས“དེ་རིང་ཡང་ཁྱོད་ཚོས་གསར་འགྱུར་མཉམ་སྒྲོག་གི་ཚོགས་འདུ་འཚོགས་པ་ཡིན་ནམ”ཞེས་མགོ་བོ་གཡུག་ནས་སུན་སྣང་གི་ཉམས་སྟོན་པར་བྱེད། ཉིན་དེར་དཔལ་མོ་དེ་ལྟར་གཉེན་སྟོན་གྱི་ལས་ལ་བྲེལ་བ་ཆེ་ཡང་ཁོ་མོའི་འདུ་ཤེས་ཀྱི་གཏིང་རིམ་ན་ཡོད་པའི་རྟོག་པ་ཁྱད་པར་བ་དེས་སྐུལ་ནས་མིག་གི་མེ་མདའ་ཡིས་རྒྱུན་ལྡན་མིན་པའི་ད་ཆོག་སྐྱིད་ཀྱི་ཚུགས་ཀའི་སྣང་བརྙན་གྱི་འབེན་ལ་བླངས་སོང་བ་དང་། “ཞི་མོ་ཀན་ན་ཅི་རེད་ཡ།དེ་འདྲ་ཞིག་ཅི་རེད་ཡ། ཁྱེད་དེ་འདྲ་ཞིག་ཨ་མའི་རྩིབས་ནས་བསྡད་ནས་ཅི་བྱ། ཀློའུ་རྟགས་བཏོད་ནས།”ཞེས་སྡིགས་དམོད་བྱ་ཞོར་ད་དུང“ཨ་རོ།ཞི་མོ།ཁྱེད་ཡོངས་ནས་འདི་ག་རུ་རོགས་བྱས་ན་མི་ཆོག་གམ”ཞེས་བོས་མོད། འོན་ཀྱང་ད་ཆོག་སྐྱིད་སྔར་ལས་ཀྱང་ངོ་ཚ་བའི་འཚུབ་ཆ་ལངས་ནས་ངོ་གདོང་ཡང་དམར་པོར་གྱུར་སོང་བ་དང་། ཨ་མ་ལྷ་སྐྱིད་ཀྱི་ཕག་ཏུ་ཡིབ་པས། དཔལ་མོའང་ཐབས་ཟད་དེ་མགོ་བོ་ཌ་རུ་བཞིན་གཡུག་གིན་བུད་སོང་ལ། སྐབས་དེར་ཨ་མ་ལྷ་སྐྱིད་ཀྱིས་སྟོན་འཛིན་པ་མང་བོས་ཧ་ལས་པའི་མིག་མདངས་ཀྱིས་མ་བུ་གཉིས་ཀྱི་ཕྱོགས་སུ་བལྟས་འདུག་པ་ཚོར་མ་ཐག ཐོག་མར་སེམས་ལ་སྐྱོ་སྣང་གི་རླབས་རྒྱུན་དྲག་པོ་ཞིག་གིས་ཁེངས་ཤིང་། དེར་མཐུད་ནས་རླབས་རྒྱུན་དྲག་པོ་དེ་སྲོན་མ་ནུས་པར་ཚང་མར་ཕྱོགས་ནས“ངའི་ཞི་མོ་དེ་འདྲ་ཞིག་མིན། ཁྱེད་རང་སོང་ནས་ཨ་ཅེ་དག་ལ་རོགས་བྱོས། ཨ་མའི་ལོ་ལོ”ཞེས་བཤད་མོད། ད་ཆོག་སྐྱིད་སྔར་བཞིན་མི་འགྲོ་བར་མ་ཟད། ད་དུང་སྐད་ཆེན་པོས་ངུས་སོང་བས་ཨ་མ་ལྷ་སྐྱིད་ཀྱང་ཐབས་ཟད་དེ་ངུ་ཞོར་དང་གཅེས་ཞོར་བྱེད་ཀྱིན་འདུག



དེ་རིང་ཨ་ཕ་ཆོས་རྒྱལ་ནངས་སྔ་མོ་མལ་ནས་ལངས་ནས་ཨ་ཕ་དོན་གྲུབ་ཁྲིད་དེ། འཕྲུལ་རྟ་བསྐོར་ནས་འབའ་ཉིན་རྩྭ་ཐང་གི་ཕྱོགས་སུ་ཆས།

“ཨ་རོགས་དོན་གྲུབ། མི་འགྱུར་ཚང་གི་རུ་གང་ཞིག་ན་ཡོད་པ་རེད། དེ་ཚང་གི་ཞི་ལུ་དེའི་མིང་ལ་ཅི་ཟེར་བ་ཡིན་ནམ།”འཕྲུལ་རྟ་བསྐོར་གྱིན་པའི་ཨ་ཕ་ཆོས་རྒྱལ་གྱིས་དེ་ལྟར་དྲིས་པ་ན།

“དེ་བ་ཚང་ད་མི་ཤེས་ས་ཞིག་ཡོད་པ་མ་རེད། འབའ་ཆུའི་ཕར་རོལ་ཏག་ཏག་པོ་ཀན་ན་ཡོད་པ་རེད། དེ་བ་ཚང་གི་ཞི་ལུའི་མིང་གསལ་བོ་མི་ཤེས། འོན་ཀྱང་རྐྱལ་སྟོང་སྐྲག་སྤྱད་ཅིག་ཡིན་རབས་ཡོད་གི”ཨ་ཕ་དོན་གྲུབ་ཀྱིས་རང་གི་ཤེས་ཚོད་ཀྱིས་ལན་བཏབས།

“འོ་རེད་རེད། དེ་རིང་ཡང་ངེད་ཚང་གི་ད་ཆོག་སྐྱིད་ཀྱི་དོན་དག་ཆེད་དུ་ཁྱེད་ལ་འོ་བརྒྱལ་མ་གཏད་ཐབས་མེད་བྱུང་སོང་།”ཨ་ཕ་ཆོས་རྒྱལ་གྱིས་དེ་ལྟར་ངོ་ནོངས་པའི་ཚུལ་དུ་བཤད།

“དེ་མི་སྐྱོན་གི འོན་ཀྱང་མི་འགྱུར་ཚང་ང་ཚོའི་སྡེ་བ་མ་ཡིན་ཡང་། ཕལ་ཆེར་འུ་ཚང་གི་ད་ཆོག་སྐྱིད་གནས་ཚུལ་ཐོས་ཡོད་སྲིད། ཡང་གཅིག་བཤད་ན། ཁོ་ཚང་གི་ཞི་ལུ་དེ་འདྲའི་རྐྱལ་སྟོང་ཞིག་ཁྱེད་རྒན་རྒོན་གཉིས་ལ་ཁུར་བོ་གཉིས་བརྩེགས་བསྣན་པ་རེད་འདོད”ཅེས་ཨ་ཕ་དོན་གྲུབ་ཀྱིས་སེམས་གཏམ་བཤད་མོད། འོན་ཀྱང་ཨ་ཕ་ཆོས་རྒྱལ་གྱིས་འུ་གཉིས་ཀྱིས་ཚོད་ལྟ་ཞིག་བྱ་ཟེར་བས་ཐད་ཀར་མི་འགྱུར་ཚང་གཟས་ནས་སོང་།

མི་འགྱུར་ཚང་ནི་དུང་དཀར་སྡེ་བའི་ཡིན་ཡང་། ཁོའི་ཆུང་མ་སྐྱིད་མཚོ་ནི་ང་ཚོ་ཐང་རྒན་སྡེ་བའི་ཨ་ཕ་ནོར་བྷའི་ཆུང་མ་དཔལ་མོའི་སྤུན་ཡིན་པས། ང་ཚོའི་སྡེ་བའི་གནས་ཚུལ་དུས་ཐོག་ཏུ་གོ་སྐབས་མ་ཤོར་བར་སྐྱིད་མཚོས་ཐོས་ཀྱིན་ཡོད་བས། ང་ལ་གདེང་ཚོད་ཅི་ཡང་མེད་ཀྱང་ཨ་ཕ་ཆོས་རྒྱལ་གྱི་ངོ་ལྡོག་མ་ཐུབ་པར་ཨུ་ཚུགས་ཀྱིས་སོང་བ་ཡིན།

“ཧོ་ཧོ་ཡ། ཀློའུ་ཞིག་གི་རྩིབས་ནས་སུ་ཞིག་འདུག་འདོད་དམ།”ཨ་ཕ་ཆོས་རྒྱལ་ངེད་གཉིས་ཀྱིས་ཆང་འཕང་ཁ་བཏགས་ཕར་བྱིན་པ་དང་། དེ་ནས་ཁོ་ཚང་གི་ཞི་ལུ་མག་པ་སློང་དུ་ཡོང་ཚུལ་ཐོས་མ་ཐག སྐྱིད་མཚོས་དེ་ལྟར་ཧབ་ཆ་རྒྱག་ཞོར་བཤད་པས། མི་འགྱུར་ཅུང་དོགས་མ་བདེ་བར་སྐྱིད་མཚོ་ལ་མིག་ཟུར་གྱིས་བལྟས་ནས། ངེད་གཉིས་ཀྱི་ཕྱོགས་སུ་འཁོར་ནས།

“ད་ཁྱེད་གཉིས་ངོ་མ་ཅན་སྤོ་ལངས་མི་ཉན། གཅིག་ནི་ངེད་ཚང་གི་ཀན་མག་པ་ཅན་པོ་ཁ་ལེན་ཚིག་བརྩི་བྱེད་མཁན་ཞིག་མ་རེད། གཉིས་ནི་ཁྱེད་ཚང་གི་ཞི་མོ་ལའང་སྐྱོན་ཞིག་ཡོད་རབས་ཡོད་འདུག དེས་ན་གལ་སྲིད་ངས་མག་པར་བྱིན་པའི་དབང་དུ་ནའང་ཨ་ཕ་ཆོས་རྒྱལ་རྒན་རྒོན་གཉིས་ལ་ཕན་པ་ལས་གནོད་ཆེ་རྒྱུ་རེད། དེ་བས་ཁྱེད་རྣམ་པ་གཉིས་ཀས་ཀྱང་ཐུགས་བསམ་བཞེས་དང་། གསལ་བོར་མཁྱེན་པ་རེད།”ཅེས་བཤད་བྱུང་བས། ཨ་ཕ་ཆོས་རྒྱལ་ངེད་གཉིས་ཀྱང་ལག་སྟོང་མཆན་ལ་བཙིར་ནས་ཕྱིར་མི་ལོག་ཀ་མེད་བྱུང་།



སྐབས་དེར་ཐང་རྒན་སྡེ་གསར་གྱི་བགྲོད་ལམ་ཁ་ཤས་སྔར་བཞིན་སྔོན་ཆད་ལྟར་ཟེགས་ལམ་ཡིན་པ་ལ་གློ་བུར་དུ་སྣུམ་ལམ་བསྐྲུན་རྒྱུའི་རྣམ་གྲངས་ཤིག་སླེབས་པ་རེད། ཨ་ཕ་ཆོས་རྒྱལ་ཚང་གི་ཁང་བ་ཡང་ཏག་ཏག་ཟེགས་ལམ་རྙིང་བའི་ལམ་འགྲམ་དུ་ཡོད་པས། རིང་མིན་སྣུམ་ལམ་བསྐྲུན་མཁན་གྱི་རྒྱ་ལས་ཀ་བ་མང་བོས་འཕྲུལ་འཁོར་ཆ་མ་ཆོ་རིགས་དང་མལ་ཐུལ་མལ་གདན་རས་གུར་སོགས་འཁྱེར་ནས་སླེབས་པ་དང་། ཨ་ཕ་ཆོས་རྒྱལ་ཚང་གི་ཁ་གཏད་དུ་རྣོ་ལྕགས་ཁང་བ་སྔོན་པོ་དེ་འདྲ་ཕུབ་སོང་།

རྒྱ་ལས་ཀ་བ་དེ་དག་ནང་དུ་ལོ་ན་ཅུང་བགྲེས་ཤིང་ཁ་ཆེ་ཆེ་ཅན་ཞིག་སྟེ། སྐད་ཆ་བཤད་ཁ་ཤ་ལེབ་མོ་ལྷབ་ལྷབ་འགུལ་ཞིང་ཁ་ཆུ་གཏོར་བར་བྱེད་མོད། འོན་ཀྱང་ཁོ་སེམས་བཟང་གཞུང་དྲང་ཞིག་གི་ཚུགས་ཀ་འདུག ལས་ཀ་ལས་དུས་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱེད་ཅིང་ཟ་མ་ཟ་དུས་ཀྱང་སྐད་ཆ་མང་བོ་མེད་པར་

ཟེར་ཚར་རྗེས་ངལ་གསོ་བ་ཞིག་རེད། ལན་རེར་རྒྱ་ལས་ཀ་བ་སུ་ཞིག་གིས“ཞའོ་ལི”ཞེས་བོས་ན་དེ་སར་རྒྱུག་གིན་འདུག་པས། ཐང་རྒན་སྡེ་གསར་གྱི་རྒན་པོ་དེ་དག་གིས་ཀྱང་མ་ཤེས་ཤེས་ཁུལ་གྱིས་ཞའོ་ལི་ཞེས་འབོད་པར་བྱེད་ཅིང་། ལན་རེར་ཁྱིམ་མཚེས་རེ་འགས་རྒྱ་རྒན་འདི་སྙིང་མ་རྗེ་ཞེས་ཁྱིམ་དུ་བསུ་བར་བྱེད།

ཉིན་ཞིག རྒྱ་རྒན་ཞའོ་ལི་ཟེགས་ལམ་བརྒྱུད་དེ་འགྲོ་དུས། ད་ཆོག་སྐྱིད་ཀྱིས་ཨ་ཕ་ཆོས་རྒྱལ་རྒན་རྒོན་གཉིས་ལ་ཁ་བསྐོལ་འོ་མའི་ཆེད་དུ་སྡེ་གསར་ན་བཟུང་ཡོད་པའི་བ་མོ་གཉིས་ཀ་དེད་ནས་ཆུ་ལྡུད་དུ་ཡར་འགྲོ་བ་དང་འཕྲད། སྐབས་དེར་ལུག་ཁྱུ་ཞིག་ད་སོ་མ་ཆུ་བླུད་ནས་མར་ཕྱིར་ཡོང་གིན་འདུག དེར་མ་ཟད་རླངས་འཁོར་འགའ་རེའང་བྱ་འཕུར་བ་ལྟར་སླེབས་ནས་དལ་དལ་ལྷོད་ལྷོད་ངང་འདྲོག་རྒྱུ་མེད་པའི་ལུག་ཁྱུའི་གསེང་དུ་དུང་སྒྲ་བར་མེད་དུ་སྒྲོག་པར་བྱེད། དུང་སྒྲ་ཟམ་མི་ཆད་པར་བསྒྲགས་པའི་དབང་གིས་བ་མོ་གཉིས་ཀ་འགྲོ་འདོད་མེད་པར་བསྡད་ཡོད་པ་ལ་ཁ་གཡར་ས་ཞིག་རྙེད་པས། ད་ཆོག་སྐྱིད་ཀྱིས་རྡོ་བས་རྡེག་ཅིང་ཁ་ནས་ཁ་ཤུ་ཅི་ལྟར་བཏབས་ཀྱང་བ་མོ་དེ་གཉིས་མིག་བཙུམས་ནས་ཨུ་ཚུགས་ཀྱིས་ཕྱིར་མར་ཕྱོགས་སུ་འབྲོ་བར་བརྩམས། སྐབས་དེར་ཞའོ་ལིས་མཐོང་མ་ཐག་ཅི་བྱེད་འདི་བྱེད་མེད་པར་ཧད་དེ་འདུག་མོད། ད་ཆོག་སྐྱིད་ཀྱིས་ཕུ་རིང་འདེབས་པའི་སྐད་དེ་ཡིས་ཁོ་གཉིད་ལས་དཀྲོགས་པ་ལྟར་མགྱོགས་མྱུར་ངང་མགྱོགས་ནས་ད་ཆོག་སྐྱིད་ལ་བ་མོ་གཉིས་ཀྱི་ཁ་ཕྱིར་ལེན་རོགས་བྱས།

ཉིན་དེ་ནས་བཟུང་། ད་ཆོག་སྐྱིད་ཀྱིས་ཞའོ་ལི་དང་འཕྲད་དུས།ལན་རེར་ཞའོ་ལི་ལ་ཕུར་ཚུགས་སུ་ཅེར་ནས་འདུག་ཅིང་། ཞའོ་ལི་ཡང་དོགས་མ་བདེ་བར་ཁ་ཤ་ལེབ་མོ་དེ་ལྷབ་ལྷབ་གཡུག་ནས་སོ་ཕྲེང་ཡང་དཀར་ཀྱུག་ཀྱུག་བྱེད། མཚམས་རེར་ཞའོ་ལི་ཕྱོགས་ནས་འཛུམ་དམུལ་དམུལ་བྱེད་པས། ཞའོ་ལི་ཡི་སྐྱོ་ངལ་གྱི་མུན་པ་ལ་དགའ་སྤྲོའི་སྒྲོན་མེ་བཀར་བ་དང་འདྲ་བར་སེམས་སུ་སྨྲ་བརྗོད་མི་ནུས་པའི་སྤྲོ་བ་ཞིག་གིས་བརྟས།

དེ་ལྟར་ཉིན་ཞིག་གི་ས་སྲོད་དུས་སུ། ཨ་ཕ་ཆོས་རྒྱལ་རྒན་རྒོན་གཉིས་ཀྱིས་ད་ཆོག་སྐྱིད་མེད་ཁུ་ཞེས་ཀི་ཕེ་གཉིས་ཀ་འདེབས་ཀྱིན་འདུག ཚང་མ་འཚབ་འཚུབ་ངང་དེ་མ་ཐག་ཨ་ཁུ་དཔོན་ལ་མོ་འདེབས་སུ་བཅུག་པ་ན། སྐྱོན་མེད་ཁུ། ཉེ་འདབས་ཤིག་ན་ཡོད་གི་ཟེར་བས། ནམ་གུང་གཟུར་ལ་ཡོད་ཅིང་། ཨ་ཕ་ཆོས་རྒྱལ་རྒན་རྒོན་གཉིས་ཀ་སྨྱོ་ལ་ཁད་ཅིག་བྱེད་ཀྱིན་འདུག་ཀྱང་། ད་དུང་མ་རྙེད་པར་ཚང་མ་ཡར་མར་ལ་བརྒྱུགས་ནས་ཐང་ཆད་དེ་རང་རང་སར་སྡོད་དུས། ད་ཆོག་སྐྱིད་ད་གཟོད་རྒྱ་ལས་ཀ་བ་ཚོའི་རྣོ་ལྕགས་ཁང་བ་སྔོན་པོ་དེ་ལས་ཕྱིར་བུད་བྱུང་བས། ཚང་མ་ཧ་ལས་པར་གྱུར།

དུས་དེ་ནས་བཟུང་། གློ་བུར་གློ་བུར་དུ་རྒྱ་རྒན་ཞའོ་ལི་དང་ད་ཆོག་སྐྱིད་གཉིས་ཀ་ལྷན་དུ་གར་སོང་ཆ་མེད་དུ་གྱུར་འགྲོ་ཞིང་། ལན་རེར་ཉིན་མང་བོར་ཕྱིར་ཡོང་རྒྱུ་མི་འདུག་པས། ཨ་ཕ་ཆོས་རྒྱལ་རྒན་རྒོན་གཉིས་ཀའང་སེམས་ཀྱི་རྟེན་ས་གཅིག་པུ་ཤོར་འགྲོ་བར་དོགས་ནས་རྒྱ་རྒན་ཞའོ་ལི་མག་པ་ལེན་རྒྱུ་བྱས་པ་རེད། འོན་ཀྱང་། རྒྱ་རྒན་ཞའོ་ལི་ལ་མ་གཞི་ཡུལ་བ་ཞེས་པ་ཞིག་མི་འདུག་པས། ཨ་ཕ་ཆོས་རྒྱལ་ཚང་ནས་བོད་ཀྱི་གཉེན་སྟོན་སྟབས་བདེ་ཞིག་གིས་འཐུས་པར་བྱས།



ཨ་ཕ་ཆོས་རྒྱལ་རྒན་རྒོན་གཉིས་ལ་མཚོན་ན། གཉེན་རྟགས་དང་སྐ་རགས་བཅས་ཀྱི་འགྲོ་སྒོ་ཅི་ཡང་མེད་པར་མག་པ་ཞིག་ལག་ལ་ཐོན་པ་ནི་དངོས་གནས་དགའ་འོས་པ་ཞིག་ཅི་ལ་མིན། དེ་བཞིན་ད་ཆོག་སྐྱིད་ལའང་ཡུན་རིང་རེ་སྒུག་བྱས་པའི་ཚེ་གཅིག་གི་སྐྱ་ཡ་ཞིག་ཡོད་པར་གྱུར་བས། ཉིན་རེ་བཞིན་དུ་ལས་ཀ་ཇེ་ཡོད་དང་རིག་པ་ཇེ་དྭངས་སུ་གྱུར་བཞིན་འདུག་སྟེ། མག་པ་རྒྱ་རྒན་ཞའོ་ལི་དང་ཧུར་ཐག་འབད་ཐག་བྱེད་ཀྱིན་མཆིས། མག་པ་རྒྱ་རྒན་ཞའོ་ལི་ཡང་དེ་ལྟར་ལོ་ན་ཆེ་ཞིང་ཚུགས་ཀ་བཙོག་ནའང་། ལག་ཤེས་ཀྱི་ཐད་ནས་ཁང་བ་བརྩིགས་རྒྱུ་དང་དེ་མིན་ལྕགས་ཆའི་རིགས་ཞིག་གསོ་བྱ་དགོས་ན་ཐང་རྒན་སྡེ་གསར་ནས་རྒྱལ་བོ་བྱས་ཆོག་པས། ལོ་གཅིག་མ་འགོར་བར་རྒྱ་རྒན་ཞའོ་ལི་གཞན་གྱི་ཁང་བ་བརྩིགས་ཞོར་དང་ཨ་ཕ་ཆོས་རྒྱལ་ཚང་ལ་བར་ཁྱམས་ཡོད་པའི་ཁང་བ་ཡག་པོ་ཞིག་ཕུབ་ཐུབ་སོང་བས། སྐབས་དེར་ཐང་རྒན་སྡེ་གསར་གྱི་བརྗོད་གཞི་གཙོ་བོ་དེ་ཨ་ཕ་ཆོས་རྒྱལ་ཚང་གི་མག་པ་རུ་གྱུར་ཡོད་དེ། ལ་ལས་མག་པ་རྐྱལ་སྟོང་མགོ་སྟོང་ཞིག་ལས་ཨ་ཕ་ཆོས་རྒྱལ་ཚང་གི་མག་པ་རྒྱ་རྒན་ཞའོ་ལི་ལྟ་བུ་ཞིག་བཟང་ཟེར་བ་དང་། ཡང་ལ་ལས་དགའ་རྒྱུ་མེད། དེའི་ཁ་ལ་བལྟས་ན་སྐྲག་སྤྱད་ཅིག་རེད་ཟེར། འོན་ཀྱང་། མག་པ་རྒྱ་རྒན་ཞའོ་ལི་ཡིས་ཨ་ཕ་ཆོས་རྒྱལ་རྒན་རྒོན་གཉིས་ལ་ཨ་ཕ་ཨ་མ་གཉིས་ཞེས་འབོད་ཅིང་ཟས་གང་ཞིམ་དང་གོས་གང་ཡག་ཉོས་ནས་སྟེར་བར་བྱེད་པས། ཨ་ཕ་རྒན་རྒོན་གཉིས་ཀའང་དགའ་དྲགས་ནས་ཁ་མི་ཟུམ་པར་གྱུར།

ནངས་མོ་དེར། ཨ་མ་ལྷ་སྐྱིད་འཚབ་འཚུབ་ངང་རྒྱུག་ཡོང་ནས“ཆོས་རྒྱལ། མག་པ་རྒྱ་རྒན་མེད་ཁུ།””ད་དུང་ཁ་སྣོན་ཚུལ་དུ“མཆོད་ཁང་གློངས་ནས་ལེན་རྒྱུ་བཞག་མེད་ཁུ”ཟེར། ཨ་ཕ་ཆོས་རྒྱལ་ཡང་གཉིད་མ་སད་ཀྱིས་རྟབ་རྟབ་པོར་སྒོར་རྒྱུག་ཅིང་། ད་ཆོག་སྐྱིད་ཀྱི་སར་སོང་དུས། ད་ཆོག་སྐྱིད་མལ་སའི་ནང་དུ་མིག་ཆུ་འདོན་བཞིན་མཆིས་པས།

ཁོ་རང་དེ་གར་ཡུད་ཙམ་ལ་ཧད་དེ་ལུས་སོང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1