ཕན་བདེ་པ་མཐུན་ཚོགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐིག་དམར་རྟགས་མའི་བྱ་དགའ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-09


ཕན་བདེ་བ་མཐུན་ཚོགས་གསར་འཛུགས་མཁན་དང་ལག་བསྟར་ཚོགས་གཙོ་ཚེ་རིང་ནོར་བུ།

                       བོད་ཀྱི་ན་གཞོན་ཚེ་རིང་ནོར་བུ་ཉེ་ཆར་ཨ་རི་ལ་ཐེངས་གཅིག་ཕྱིན། དེ་ནི་ཁོ་རང་ཐེངས་དང་པོར་ཕྱི་རྒྱལ་དུ་ཕྱིན་པ་མིན། 2009ལོར་ཁོ་རང་ཨ་རིར་ཕྱིན་ནས་ཤེས་རམས་ཞིབ་འཇུག་སློབ་མའི་སློབ་གནས་བླངས་ཡོད།

འོན་ཀྱང་ད་ཐེངས་ནི་སྔོན་ཆད་དང་མི་འདྲ། ལོ་36ལོན་པའི་བོད་ཀྱི་གསར་བུ་དེ་སློབ་མཐར་ཕྱིན་ནས་ཕྱིར་རང་ཡུལ་དུ་ལོག་རྗེས་འདུས་ཁུལ་གྱི་རྩ་འཛུགས་ཏེ་ཕན་བདེ་པ་མཐུན་ཚོགས་ཞེས་པ་བཙུགས་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་གཞི་ཁང་གི་ཐིག་དམར་རྟགས་མའི་བྱ་དགའ་ཐོབ།

                       ས་གནས་དེ་གའི་དུས་ཚོད་ཀྱི་ཟླ་9པའི་ཚེས་22ཉིན། ཚེ་རིང་ནོར་བུས་ཕན་བདེ་པ་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་ནོའུ་ཡོག་ལེན་ཁུན་ལྟེ་གནས་ནས་བྱ་དགའ་བླངས། བྱ་དགའ་གནང་བའི་མཛད་སྒོ་དེ་ནི་དུས་མཚུངས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྒྲུབ་པའི་གནམ་གཤིས་འགྱུར་ལྡོག་གི་རྩེ་གྲས་གྲོས་ཚོགས་ཀྱི་བྱེ་བྲག་གཅིག་ཀྱང་ཡིན།རྒྱལ་ཁབ་121ནས་ཡོང་བའི་བྱ་དགའ་གནང་བའི་མིང་བཏོན་མཁན་1234ལས། རྒྱལ་ཁབ་སོ་སོས་ཆེད་མཁས་པས་གྲུབ་པའི་སྒྱུ་རྩལ་བློ་འདྲི་སའི་དཔྱད་འདེམས་ཨུ་ལྷན་གྱིས་ཟླ་བ་ཁ་ཤས་རིང་དུ་དཔྱད་ཞིབ་བྱས་པ་བརྒྱུད། ཕན་བདེ་པ་མཐུན་ཚོགས་ནི་བྱ་དགའ་ཐོབ་མཁན་གྱི་རྩ་འཛུགས་35ཡི་ཡ་གྱལ་ཅིག་ཏུ་གྱུར།

                       ཐིག་དམར་རྟགས་མ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་གིས་བཙུགས་པ་ཡིན་ལ། དེའི་དམིགས་ཡུལ་ནི་མིའི་རིགས་དང་རང་བྱུང་ཁམས་ཆེན་མོ། འདུས་ཁུལ་བཅས་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་ནུས་ཇེ་མཐོར་གཏོང་བའི་ཞབས་ཞུ་གསར་གཏོད་ཀྱི་རྒྱུན་མཐུད་ཐུབ་པའི་ཐག་གཅོད་འཆར་ཟིན་གསར་རྙེད་དང་རྒྱ་བསྐྱེད་གཏོང་བ་དང་། འདུས་ཁུལ་གྱི་བྱ་འགུལ་སྤེལ་བ་བརྒྱུད་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་དུས་མཚུངས་སུ། དབུལ་དཀྲོལ་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ཕུལ་བྱུང་ཚོགས་པར་གཟེངས་རྟགས་གནང་བའི་ཆེད་ཡིན།

                      མིག་སྔར་ཀྲུང་གོའི་ཚོགས་པ་གཉིས་ལ་བྱ་དགའ་དེ་ཐོབ་ཡོད། དེ་གཉིས་རེ་རེ་ནི་2012ལོར་སི་ཁྲོན་ཁང་མའེ་འདུས་ཁུལ་གྱི་འཕེལ་རྒྱས་དང་ཚོང་ར་འཆར་འགོད་ཞབས་ཞུ་ལྟེ་གནས་དང་ད་ལོའི་ཕན་བདེ་པ་མཐུན་ཚོགས་གཉིས་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1