༄༅།། སློབ་གསོའི་ཁེ་དབང་སྐོར།

སྒྲོལ་མ་ཚེ་རིང་དང་ཚེ་རིང་ཆོས་སྐྱིད་གཉིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-20



སྒྲོལ་མ་ཚེ་རིང་དང་ཚེ་རིང་ཆོས་སྐྱིད་གཉིས་ཀྱིས་བསྒྱུར།

དཔེ་མཚོན་གྱོད་གཞི།
        གྱོད་གཞི་དང་པོ། སི་ཁྲོན་གསར་འགྱུར་དྲ་བ་ལས་གསར་འགྱུར་སྤེལ་དོན། 2008ལོའི་ཟླ་4པའི་ཚེས་24ཉིན་ནི་རྔ་བ་ཁུལ་མཛོད་དགེ་རྫོང་ཉི་འོད་ཚོད་ལྟའི་སློབ་ཆུང་གི་སློབ་མ་སྒྲོལ་མ་ལ་མཚོན་ན། དངོས་གནས་མུན་ནག་ལྟ་བུའི་ཉིན་མོ་ཞིག་ཡིན། ཉིན་དེའི་སྔ་དྲོར་ཚན་རིག་སློབ་ཚན་སློབ་ཁྲིད་ཀྱི་སྐབས་སུ། སྒྲོལ་མའི་འགུལ་སྟངས་ཅུང་ཟད་དལ་བའི་དབང་གིས་དགེ་རྒན་ནོར་ཁོས་འཛིན་གྲྭ་ཡོངས་ཀྱི་སློབ་མ་ཚང་མར་རེས་མོས་ཀྱིས་དབྱུག་པ་ཁྱེར་ཏེ་སྒྲོལ་མའི་ལུས་ལ་གཞུས་སུ་བཅུག །ཐ་ན་རང་གི་ཕུ་བོ་ངོ་མས་ཀྱང་དགེ་རྒན་གྱི་བཙན་བཀའ་འོག་དབྱུག་པ་འཇིགས་སུ་རུང་བ་དེ་མི་འཕྱར་ཀ་མེད་དུ་གྱུར། སྒྲོལ་མའི་ཕོངས་མགོའི་ལྤགས་པ་ཡག་པོ་ཧ་ལམ་མེད་པར་བཟོས།
        གྱོད་གཞི་གཉིས་པ། དཀར་མཛེས་གསར་འགྱུར་ཐོག་སྤེལ་དོན། དར་མདོའི་སློབ་ཆུང་ཞིག་གི་སློབ་མ་དྲུག་གིས་བུད་མེད་ཚབ་ཁྲིད་དགེ་རྒན་ཞིག་དང་སློབ་གཙོ་བར་གྱི་ཕོ་མོའི་འབྲེལ་བ་ངན་པ་ཆགས་པ་གླེང་མོལ་བྱས་པའི་རྐྱེན་གྱིས། བུད་མེད་དགེ་རྒན་དེས་སློབ་མ་དེ་དག་གཞུང་ལས་ཁང་དུ་བོས་ཏེ་མི་རེ་རེ་བཞིན་འགྲམ་ལྕག་བཞུས་པ་དང་། པུས་མོ་ས་ལ་བཙུགས་བཅུག །དེའི་རྐྱེན་གྱིས་སློབ་མ་བཞི་ལ་རྨས་སྐྱོན་ཐེབས། སློབ་གྲྭས་བུད་མེད་དགེ་རྒན་དེ་ལ་རྡུང་བཙོག་ཕོག་པའི་སློབ་མ་དང་ཁྱིམ་བདག་རྣམས་ལ་དགོངས་དག་ཞུས་བཅུག་པ་དང་སྨན་བཅོས་ཀྱི་གྲོན་དངུལ་སྤྲད་བཅུག་པ་རེད།
        གྱོད་གཞི་གསུམ་པ། དཀར་མཛེས་ཚགས་པར་ཐོག་བཀོད་པའི་གསར་འགྱུར། ལས་བྱ་བྲིས་ཚར་མེད་པའི་སློབ་མ་བཅུ་ཕྲག་ཁ་ཤས་ལ་དགེ་རྒན་གྱིས་སློབ་སྟེགས་ཐོག་ལངས་བཅུག་ནས་རང་གིས་རང་ལ་འགྲམ་ལྕག་ཉིས་བརྒྱ་རེ་གཞུས་བཅུག །ཁྱིམ་བདག་གིས་བལྟས་ན་བྱེད་སྟངས་དེ་ནི་སློབ་མའི་མི་ཡི་ཐོབ་ཐང་ལ་དམའ་འབེབས་བྱས་པ་ཞིག་ཏུ་ངོས་འཛིན་པ་རེད། སློབ་གྲྭའི་འགོ་ཁྲིད་དང་དོ་བདག་དགེ་རྒན་དེ་ཉིད་སློབ་མ་རྣམས་ཀྱི་ཁྱིམ་དུ་འགྲོ་ནས་དགོངས་དག་གུས་འབུལ་ཞུས་ཀྱང་མ་ཕན་པར། ཁྱིམ་བདག་རྣམས་ཀྱིས་སློབ་གྲྭ་དེ་ལ་སློབ་མ་ལ་ལུས་ཆད་བཅད་པའི་དགེ་རྒན་དེ་བརྗེ་དགོས་པའི་རེ་འདུན་ཛ་དྲག་ཕུལ་པ་རེད།
        གྱོད་གཞི་བཞི་པ། 2009ལོའི་ཟླ་དང་པོའི་ཚེས་30ཉིན་གྱི་རྔ་བ་གསར་འགྱུར་ལས། མཛོད་དགེ་རྫོང་གི་དམངས་འཛུགས་སློབ་གྲྭ་ཞིག་གི་བུད་མེད་དགེ་རྒན་གཉིས་ཀྱིས། གཅིག་གིས་སློབ་མར་འགྲམ་ལྕག་གཞུས། གཅིག་གིས་སློབ་དབྱུག་གིས་སློབ་མ་བརྡུངས་པའི་དབང་གིས་སློབ་མ་རྣམས་ཀྱིས་ལྐོག་ཏུ་འགྲམ་ལྕག་དགེ་རྒན་དང་སློབ་དབྱུག་དགེ་རྒན་ཞེས་མིང་བཏགས། དེས་མ་ཟད་དགེ་རྒན་གྱིས་སློབ་མར་ལུས་ཆད་བཅད་པའི་གནས་ཚུལ་སློབ་མ་ཁ་ཤས་ཀྱིས་ལག་འཕྲིན་གྱིས་བརྙན་ཐུང་དུ་ཕབ། སློབ་ཐེངས་གཅིག་གི་ནང་ལ་དབྱུག་པ་དགེ་རྒན་དེས་སྐར་མ་སུམ་ཅུ་སོ་གསུམ་གྱི་ནང་ལ་སློབ་མ་15ལ་སློབ་དབྱུག་གཞུས་པའི་“ཟིན་ཐོ་གསར་པ་”བསྐྲུན་པ་རེད།

ཁྲིམས་རྩོད་པའི་དཔྱད་བརྗོད།
        གོང་གི་གྱོད་དཔེ་མཚོན་གྱོད་གཞི་དེ་དག་ནི་མཐོང་བ་ཙམ་གྱིས་འཇིགས་སྣང་སྟེར་བའི་གནས་ཚུལ་ཞིག་ཀྱང་རེད། གྱོད་གཞི་འདི་རྣམས་ཀྱི་ནང་དུ་དགེ་རྒན་རྣམ་པ་རང་རང་གི་ལུས་ཆད་བཅད་པའི་བྱ་སྤྱོད་གྱི་དབང་གིས་ཁྲིམས་ཆད་ཕོག་པ་རེད། ཡིན་ན་ཡང་སློབ་མ་དེ་ཚོ་ལས་གནོད་སྐྱོན་ཆེན་པོ་ཐེབས་པ་མེད། ཁོ་ཚོའི་ལུས་སེམས་གཉིས་ཀ་ལ་དེའི་དབང་གིས་གནོད་སྐྱོན་ཚད་མེད་ཐེབས། ཐ་ན་མི་ཚེ་གཅིག་ལའང་གནོད་སྲིད། དེའི་དབང་གིས་ད་རུང་རང་རྒྱལ་གྱི་བཅའ་ཁྲིམས་ནང་ན་གཞོན་དང་གཞོན་ནུ་རྣམས་གསལ་ཐང་ངང་འཚར་ལོངས་ཡོང་ཆེད་ལུས་ཆད་བཅད་པ་དང་རྣམ་པ་འགྱུར་བའི་སྒོ་ནས་ལུས་ཆད་བཅད་པ་ཚང་མ་ལ་བཀག་རྒྱ་དྲག་པོ་བྱས་ཡོད། རང་རྒྱལ་ཙམ་དུ་མ་ཟད་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ལྷག་པར་དུ་ལུས་ཆད་བཅད་པའི་སྲོལ་རྒྱུན་སློབ་གསོའི་ལོ་རྒྱུས་ཡུན་རིང་ལྡན་པའི་གླིང་ཆེན་ཨེ་ཤ་ཡའི་རྒྱལ་ཁབ་རྣམས་ལ་ཡང་ད་ལྟར་ཁྲིམས་བཙུགས་ཏེ་ལུས་ཆད་གཅོད་མི་ཆོག་ཅེས་གསལ་པོར་བཀག་རྒྱ་བྱས་ཡོད། དཔེར་ན་ལྷོ་ཁོ་རེ་ཡ་ལྟ་བུ་ལ་མཚོན་ན་སྔོན་མ་ཡིན་ན་ལུས་བཅད་པ་ནི་ཁྱབ་གདལ་དུ་གནས་པའི་སློབ་གསོའི་བྱེད་ཐབས་ཤིག་ཡིན། 2010ལོའི་ཟླ་7པར་རྒྱལ་ས་སའོ་ཨར་ས་ཁུལ་གྱི་དགེ་རྒན་ཆེ་གེ་མོ་ཞིག་གིས་གཏུམ་སྤྱོད་དྲག་པོས་སློབ་མ་ལ་ལུས་ཆད་བཅད་པའི་གཟུགས་འཕྲིན་དྲ་ཐོག་གསལ་རྗེན་དུ་བསྟན་པས་ལྷོ་ཁོ་རེ་ཡའི་རྒྱལ་ཁབ་སྤྱི་ཚོགས་ཀྱིས་དགག་པ་དྲག་པོ་སློང་བ་རེད། སའོ་ཨེར་གྱི་སློབ་གསོ་སྡེ་ཁག་ནས་དེའི་རྗེས་སུ་སློབ་གྲྭའི་ལུས་ཆད་ཚང་མ་ལ་བཀག་རྒྱ་བྱས་པའི་གཏན་འབེབས་གནང་།
        ལུས་ཆད་བཅད་པའི་དམིགས་ཡུལ་ནི་ངས་བསམ་ན་མུང་ཙེའི་(དེར་བརྟེན། གོང་མ་ལྷ་ཡིས་མི་དེ་ལ་འགན་ཆེན་གནང་བའི་སྔོན་ལ། ངེས་པར་དུ་མི་དེ་ཉིད་ཀྱི་སེམས་པ་ལ་དཀའ་སྡུག་སྤྲད། ཁོའི་རྩ་དང་རྒྱུས་པ་ངལ་དུ་བཅུག །བཀྲེས་སྐོམ་ལ་བཟོད་སྒོམ་བྱེད་དུ་བཅུག)ཅེས་གསུངས་པ་དང་མ་གྲོས་གཅིག་མཐུན་དུ་ཡིན་ཤས་ཆེ། དེའི་ཐོག་མའི་འདུན་པ་བཟང་པོ་མ་རེད་ཅེས་བརྗོད་དཀའ། དོན་དངོས་ཐོག་ལ་སློབ་གྲྭ་དང་ཁྱིམ་ཚང་གི་སློབ་གསོ་ནང་ལ་བཙན་ཤེད་ཀྱི་རང་བཞིན་ལྡན་པའི་ནང་དོན་ཆ་ཤས་དང་ཐ་ན་མང་པོ་ཞིག་གཡོལ་དུ་མེད་པའི་སྒོ་ནས་ཡོད་དེ། དཔེར་ན། ངག་འདོན་ནམ་ལས་བྱ་དེ་རྣམས་ཀྱིས་ནི་ཕྲུ་གུ་ཚོར་སྤྱི་འགྲོས་དང་གཏན་སྲོལ། མཉམ་བྱ་རྩིས་ཕྲེང་ངམ་བརྡ་སྤྲོད་རིག་པ་དང་ཚིག་འབྲུ་དེད་ནས་འབྲི་སྟངས་ཀྱི་ལུགས་སྲོལ་ཁ་ཤས་བློ་ལ་ངེས་བཅུག་པའི་ཆེད་དུ་ཡིན། འོན་ཀྱང་རང་གིས་ནི་ཐོག་མཐའ་བར་གསུམ་དུ་སློབ་གསོའི་ནང་ལ་སློབ་མ་ལ་སྐྱོན་བརྗོད་དང་ཆད་པ་གཅད་རྒྱུ་ནི་ངེས་པར་དུ་དགོས། འོན་ཀྱང་ཆད་པ་དང་ལུས་ཆད་གཉིས་གཅིག་མཚུངས་མིན་པར་མ་ཟད་ད་རུང་ཆད་པ་དེ་དག་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་ངེས་པར་དུ་མཐུན་དགོས། མཐའ་གཅིག་ཏུ་ཆད་པ་ནན་བརྗོད་བྱས་ཏེ་སློབ་གསོ་བྱེད་མཁན་གྱི་དབང་གྲགས་ལ་ནན་བརྗོད་བྱེད་མི་རུང་ཞིང་། མཆོང་ཐེངས་གཅིག་གིས་མཐར་གཞན་ཞིག་ཏུ་མཆོང་སྟེ་མཐའ་གཅིག་ཏུ་དགའ་བདེ་དང་ཕྲུ་གུའི་ལྷན་སྐྱེས་ཀྱི་རང་གཤིས་ཁོ་ནའང་ནན་བརྗོད་བྱེད་རྒྱུ་དེ་ཡང་མི་འགྲིག །ལུགས་དང་མཐུན་པའི་སློབ་གསོ་བྱེད་ཐབས་དེས་ནི་དེ་གཉིས་ཀྱི་བར་དུ་དོ་མཉམ་ག་གེ་མོ་ཞིག་འཚོལ་རྒྱུ་དེ་ཡིན་ལ། དོ་མཉམ་པ་དེའི་མཐའ་ཐུག་གི་གསང་ཐག་ནི་ཁྲིམས་དང་མཐུན་པ་དེ་ཡིན། གལ་ཏེ་བཅའ་ཁྲིམས་ཀྱི་གསང་ཐག་དེ་ལས་བརྒལ་ན་དགེ་རྒན་གྱི་སེམས་བཟང་དེ་བྱ་ངན་དུ་གྱུར་ནས་རང་ཉིད་ཕུང་བ་མ་ཟད་ལྷག་པར་དུ་སློབ་མའང་ཕུང་། སློབ་གསོ་ཡང་ཕུང་བ་ཡིན་ནོ། །

ཁྲིམས་ལུགས་སྦྲེལ་ཐག

(འོས་འགན་སློབ་གསོའི་ཁྲིམས།)
        དོན་ཚན་ཉེར་དགུ་པ། དགེ་རྒན་རྣམས་ཀྱིས་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་འགུལ་ནང་སློབ་མ་ལ་འདྲ་མཉམ་བྱ་དགོས་ཤིང་། སློབ་མ་རྣམས་ཀྱི་རང་རང་སོ་སོའི་ཁྱད་པ་ལ་དོ་སྣང་སེམས་འཁུར་བྱས་ཏེ་སློབ་མར་བསྟུན་ཏེ་སློབ་གསོ་བྱས་ནས་སློབ་མ་རྣམས་གང་ལེགས་སུ་གོང་འཕེལ་ཡོང་བར་སྐུལ་འདེད་བྱ་དགོས།
        དགེ་རྒན་གྱིས་སློབ་མའི་མི་ཡི་ཐོབ་ཐང་ལ་བརྩི་འཇོག་བྱས་ཏེ་སློབ་མ་ལ་མཐོང་ཆུང་མི་བྱ་བ་དང་། སློབ་མ་ལ་ལུས་ཆད་དང་རྣམ་པ་འགྱུར་བའི་ལུས་ཆད་མི་གཅད་པའམ། ཡང་ན་མི་ཡི་ཐོབ་ཐང་ལ་དམའ་འབེབས་གཏང་བའི་བྱ་སྤྱོད་གཞན་དག་རྣམས་བསྒྲུབ་མི་ཆོག །སློབ་མའི་ཁྲིམས་མཐུན་གྱི་དབང་ཆ་དང་ཁེ་ཕན་ལ་གནོད་འཚེ་གཏང་མི་ཆོག ། 


རྩོམ་ཡིག་སྔོན་མ།
༄༅།། སྣང་ཞིག་སྐྱབས།
རྩོམ་ཡིག་རྗེས་མ།
༄༅།། ཡེ་ཤེས་ཕུན་ཚོགས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1