གཞི་རིམ་དུ་རྐང་ཚུགས་ནས་མང་ཚོགས་ལ་ངེས་པ་དོན་གྱིས་ཞབས་འདེགས་ཞུ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-21


གཟི་རྩ་སྡེ་དགུ་རྫོང་གིས་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་གནད་བསྡུས།


བྱ་བ་གང་སྒྲུབ་དམངས་དོན་བསམ། དམངས་ཀྱི་བློ་ཁ་དེ་ལ་འཁོར། 

        2018ལོའི་ཟླ་11པའི་ཚེས་28ཉིན། འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པའི་སྐུལ་སློང་ཚོགས་འདུ་ལས། ཁུལ་ཨུ་ཧྲུའུ་ཅི་ལིའུ་ཕིང་གིས་བཤད་དོན། རང་ཁུལ་གྱི་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པ་ནི་ཏང་ཡོན་ལས་བྱེད་པར་རྒྱུན་མི་ཆད་པར་རིག་པ་དྭངས་གསལ་དང་། ལག་ཟུང་བརྐྱངས་ནས། རྐང་གཉིས་བརྟན་པོས། བོད་གྲོང་ཆའང་སྡེ་དང་མང་ཚོགས་ཀྱི་གམ་དུ་བཅར་ནས། དགོན་སྡེ་དང་མང་ཚོགས་ཀྱི་ཁྲོད་དུ་ཕྱིན་ནས། ལྷག་བསམ་རྣམ་དག་གིས་དམངས་དོན་ཉིན་ཐོ་ལེགས་པར་བཀོད་ནས། ལྷད་མེད་བརྩེ་སེམས་ཀྱིས་དམངས་ལ་སེམས་ཁྲལ་དང་དཀའ་གནད་སེལ་རོགས་བྱེད་པ་དང་། དངོས་ཡོད་སྤྱོད་ཚུལ་གྱིས་ཏང་དང་མང་ཚོགས་ལས་བྱེད་དབར་གྱི་འབྲེལ་བ་དམ་ཟབ་བྱས་ནས། ཏང་གི་སྲོལ་རྒྱུན་སྤྱོད་ཚུལ་བཟང་པོ་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་རྐང་ཚུགས་དགོས།
        མིག་སྔར། འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་གཟི་རྩ་སྡེ་དགུ་རྫོང་དུ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་སྒང་རེད། འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་སྤེལ་བ་ནས་བཟུང་། རྫོང་དེས་གེགས་རྗེས་བསྐྱར་སྐྲུན་དང་དབུལ་བྲལ་གནད་སྒྲོལ་སོགས་ཀྱི་ལས་ཀར་དམིགས་ནས། ཤུགས་ཆེན་པོས་མང་ཚོགས་ལ་འབྲེལ་འདྲིས་ཀྱི་ཞབས་ཞུ་བསྒྲུབས་ཤིང་། རྒྱ་ཆེ་བའི་ལས་བྱེད་པ་ལས་ཁུངས་ནས་གཞི་རིམ་དུ་བསྐྱོད་པ། མང་ཚོགས་ལ་འདྲིས་པ། ལ་ལུང་བརྒལ་ནས་གྲོང་གསེབ་དང་ཞིང་ས་གྲུ་བཞིར་སོང་སྟེ། མི་དམངས་མང་ཚོགས་དང་མཉམ་ཟ་མཉམ་སྡོད་མཉམ་དུ་ངལ་རྩོལ་བྱས་ཏེ། གཞི་རིམ་ལས་བྱེད་མང་ཚོགས་ཀྱི་བསམ་ཚུལ་རྒྱུས་བླངས་ཤིང་། ཁོ་ཚོའི་འདོད་པ་དང་རེ་སྒུག་དང་དུ་བླངས་བ་དང་། གང་དུ་སོང་ན་མང་ཚོགས་ལ་འཆམ་མཐུན་དང་མཛའ་བརྩེ་ཡི་ལག་རྡང་དམ་པོར་སྦྲེལ།
        རྔུལ་ཆུས་ལུས་བརླན་འདམ་ཁུས་སྦངས། ཉེ་འབྲེལ་ཆགས་ནས་བསམ་པ་མཐུན། ཏང་གི་བྱ་སྤྱོད་བཟང་ན། དམངས་ལ་སྤྲོ་སྣང་རྒྱས་ཡོང་། ཏང་དང་མི་དམངས་ཀྱིས་སྐྱིད་སྡུག་མཉམ་དུ་རོལ་ཐུབ། སྔོན་ཆད། སྡེ་མིར་བྲེལ་བ་ཆེ་བའི་དོན་དག་ཡོད་ན། ཕར་རྒྱུག་ཚུར་རྒྱུག་གིས་འབྲེལ་ཡོད་ལས་ཁུངས་དང་མི་སྣ་འཚོལ་དགོས། སྡེ་མི་ཚོས་བཤད་རྒྱུར། འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་སྤེལ་བ་ནས་བཟུང་། ལས་བྱེད་པ་རྣམས་སྡེ་བར་ཐོན་ནས། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་དམ་ནས་ཇེ་དམ་རེད།
        གཉེན་ཉེ་ཡོད་ན་ངོ་མ་བཟང་གི ང་ཚོར་གནད་དོན་མང་པོ་ཐག་གཅོད་རོགས་བྱས་པས། ང་ལ་སེམས་འགུལ་ཆེན་མོ་ཐེབས་བྱུང་། སྟག་ལོ་སྡེ་བའི་ཡུལ་གཞན་གནས་སྤོའི་ས་ཚིགས་ཀྱི་ཕུར་བ་ཚེ་རིང་གི་ཁྱིམ་དུ། གསར་འགོད་པས་ཁོ་ཚང་གི་གཙང་ཞིང་མཛེས་པའི་ནང་ཁྱིམ་མཐོང་བ་དང་། བརྙན་འཕྲིན་འཕྲུལ་ཆས་དང་འཁྱག་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ཆ་ཚང་བ་བསྒྲིགས་འདུག
        ཉིན་ཤས་རིང་། ཁུལ་ཨུའི་རྒྱུན་ཨུ། གཟི་རྩ་སྡེ་དགུའི་རྫོང་ཨུའི་ཧྲུའུ་ཅི་ལུའོ་ཀྲི་པོ་གྲོང་སྡེ་དང་ཁྱིམ་དུད་དུ་སོང་ནས། དམངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་། དམངས་ཀྱི་འབོད་སྐད་ལ་ཉན་པ། དམངས་ཀྱི་འདོད་བློར་རྒྱུས་ལོན་བྱས། འབྲེལ་འདྲིས་བྱ་ཡུལ་ཕུར་བ་ཚེ་རིང་ཚང་དུ། ལུའོ་ཀྲི་པོ་ཁྱིམ་མི་ཡོངས་དང་མཉམ་དུ་མེ་ཐབ་བསྐོར་ནས་བསྡད་དེ་སེམས་གཏམ་བཤད་པར་མ་ཟད་འགྱུར་ལྡོག་ཀྱང་གླེང་། ཕུར་བ་ཚེ་རིང་ཚང་གི་རྒྱ་ཆེ་ཞིང་གཙང་དག་གི་ནང་ཁྱིམ་མཐོང་དུས་ལུའོ་ཀྲི་པོ་སེམས་གཏིང་ནས་དགའ་བྱུང་།
        ལས་བྱེད་པ་ནི་མང་ཚོགས་ཁྱིམ་གྱི་རྒྱུན་ལྡན་མགྲོན་པོར་གྱུར་ཡོད་ལ། ཕན་ཚུན་བར་བློ་སེམས་གཅིག་ཏུ་གཏད་ན་ལས་ཀ་སྣ་ཚོགས་རང་ཤུགས་སུ་ལས་སླ་བ་རེད། ལུའོ་ཀྲི་པོ་ཡིས་བཤད་རྒྱུར། ལས་བྱེད་པ་སྡེ་བར་བཅའ་སྡོད་བྱས་པ་ཤིན་ཏུ་བཟང་། ཞི་དུལ་བག་ཕེབས་དང་བློ་རིག་སྒྲིམ་ནས་དཀའ་གནད་ཐག་གཅོད་དང་དངོས་དོན་མི་ཉུང་བ་བསྒྲུབས་པས། གཟི་རྩ་སྡེ་དགུ་རྫོང་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་ཤུགས་ཇེ་ཆེ་རུ་སོང་།
        ཏང་གི་སྤྱོད་ཚུལ་ནི་ཏང་གི་སྣང་བརྙན་རེད། ཏང་དང་མང་ཚོགས་དབར་དང་ལས་བྱེད་དང་མང་ཚོགས་དབར་གྱི་འབྲེལ་བར་ལྟ་ཞིབ་དང་། མི་སེམས་ཀྱི་གཏད་ཕྱོགས་ཀྱི་ཚད་གཞི་རེད། འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་སྤེལ་བ་ནས་བཟུང་། གཟི་རྩ་སྡེ་དགུ་རྫོང་གིས་རྫོང་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པ་ཚོས་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་ལས་ཀ་གོ་སྐབས་སུ་བཟུང་ནས། ཏང་གི་མང་ཚོགས་ལམ་ཕྱོགས་ཧུར་ཐག་གིས་ལག་ལེན་དུ་བསྟར་ཏེ། ཏན་ཏིག་གིས་མང་ཚོགས་ལས་ཀ་ལེགས་པོར་བསྒྲུབ་པ། གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས། དབུལ་བྲལ་གནད་སྒྲོལ་གྱི་དམག་འཐབ་ལས་རྒྱལ་ཁ་ལེན་པའི་དུས་མཚུངས་སུ། བཟང་བཞི་སྡེ་བའི་འཛུགས་སྐྲུན་མཉམ་པོར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བར་འབད་བརྩོན་བྱས།  
        གཟི་རྩ་སྡེ་དགུ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཝང་ཀུའེ་རུང་ནི་ཀུའོ་ཡོན་ཡུལ་ཚོ་ཧྲའེ་ཐེན་སྡེ་བའི་བཅའ་སྡོད་ལས་ཀའི་ཚོ་ཆུང་གི་ཚོ་མི་དང་མོར་སྡེ་བ་འདིར་འབྲེལ་གཏུག་བྱ་ཡུལ་གྱི་ཁྱིམ་ཚང་གཉིས་ཡོད། ན་ནིང་གི་ཟླ་12པའི་ཚེས་27ཉིན་སྡེ་བ་འདིར་ཐོན་ནས་ལས་ཀ་སྤེལ་དུས། ཝང་ཀུའེ་རུང་གིས་མཉམ་མ་བཞག་པར་རི་ལྡེབས་ནས་འགྱེལ་བས། རྐང་བ་གཡས་པས་ཚིགས་ཀ་བཞི་བཅག སྐབས་དེར་དབུལ་བྲལ་གནད་སྒྲོལ་དང་ཁྱིམ་འབྲེལ་དམངས་འདྲིས་ལས་ཀའི་འགག་རྩའི་དུས་སྐབས་ཡིན་ལ། རྨ་བཅོས་རགས་ཙམ་བྱས་རྗེས། མོ་སྔར་བཞིན་ལས་གནས་སུ་ལོག་ནས། མུ་མཐུད་དུ་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་ལས་ཀ་སྤེལ། མོས་རྐང་བར་རྨས་སྐྱོན་ཕོག་རུང་། དུས་རྒྱུན་དུ་ང་ལ་རོགས་བྱེད་དུ་ཐོན། འདི་འདྲའི་གཉེན་ཉེ་བཟང་བོ་ཞིག་ཡོད་པས་ང་ལ་སེམས་འགུལ་ཧ་ཅང་ཐེབས། ངས་འཚོ་བ་ཉིན་རེ་ལས་ཉིན་རེར་བཟང་བར་འབད་པ་བསྐྱེད་རྒྱུ་ཡིན། ཞེས་ཝང་ཀུའེ་རུང་གི་འབྲེལ་གཏུག་བྱ་ཡུལ་ཁྱིམ་བདག་མའོ་ཏུང་ཧྲེང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་བྱུང་།
        ཝང་ཀུའེ་རུང་གིས་བཤད་པ་ལྟར། འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་ལས་ཀར་ལྷོད་གཡེང་སྤུ་ཙམ་ཡང་བྱ་མི་རུང་། རང་གི་གཉེན་ཉེ་དང་འབྲེལ་བ་མང་ཙམ་བྱས་ན། བཅར་འདྲི་དང་རྒྱུས་ལོན་མང་ཙམ་བྱས་ན། ད་གཟོད་གཉེན་ཉེ་ཚོར་རོགས་སྐྱོར་བྱས་ནས་དཀའ་ངལ་དང་གནད་དོན་དངོས་ཐག་གཅོད་ཐུབ། མི་ལ་ཡུན་དུ་འགྲོགས་ན་ལྷག་ཏུ་འདྲིས། གཉེན་ཉེར་འགྲོ་འོང་མང་ན་ལྷག་ཏུ་བརྩེ། ལས་བྱེད་པ་གཞི་རིམ་དུ་བསྐྱོད་པ་དེ་གཟི་རྩ་སྡེ་དགུ་རྫོང་གི་ལས་བྱེད་པའི་སྤྱོད་ཚུལ་ལེགས་སྒྱུར་དང་། ལས་བྱེད་མང་ཚོགས་ཀྱི་ཆུ་དང་ཉ་མོ་འདྲིས་པ་ལྟ་བུའི་བསྒྲགས་ཡིག་ཡིན།
        མིག་སྔར། རྫོང་འདིའི་སྔར་ཡོད་ཀྱི་གཅིག་ཅན་ལྔའི་རོགས་སྐྱོར་སྟོབས་ཤུགས་ཀྱི་རྨང་གཞིའི་སྟེང་། གསབ་ཐབས་ཁོ་ན་ལས་འཕྲི་ཐབས་དོར་བའི་རྩ་དོན་ལ་གཞིགས་ནས་ཆ་སྒྲིག་གཉེན་འཚོལ་གྱི་འབྲེལ་གཏུག་ཞབས་ཞུ་མཁོ་འདོན་བྱས། རྫོང་ཡོངས་ཀྱི་ལས་ཁུངས་ལས་དོན་སྡེ་ཚན་140དང་ཁེ་ལས་107ལ་ཁྱོན་ཡོངས་ཁྱབ་པའི་སྡེ་བ་(སྡེ་ཁུལ།)130ལ་འབྲེལ་གཏུག་བྱས་པ་དང་། ལས་བྱེད་ལས་བཟོ་བ5100ལྷག་གིས་རོང་དུད་19000ལ་ཆ་བསྒྲིགས་ནས་རྫོང་ཡོངས་ཀྱི་ཆ་སྒྲིག་ཁྱབ་ཚད་100%ལ་བསླེབས་ཡོད།


དངོས་དོན་བསྒྲུབ་ན་དཀའ་ངལ་སེལ། དཀའ་ངལ་སེལ་ན་དམངས་སེམས་སྤྲོ།
        མང་ཚོགས་ལས་ཀ་གཞི་རིམ་ནས་བསྒྲུབ་དགོས། གནས་ཚུལ་གསལ་བོ་གཞི་རིམ་ནས་རྟོགས་ཐུབ། གནད་ཀྱི་དོན་དེ་གཞི་རིམ་ནས་སེལ་དགོས། བརྩེ་བའི་དུང་བ་གཞི་རིམ་ནས་ཆགས་དགོས། སྣང་བརྙན་བཟང་བོ་གཞི་རིམ་ནས་འཛུགས་དགོས། ད་སྐབས་གཟི་རྩ་སྡེ་དགུ་རྫོང་གི་གང་ས་གང་དུ་བཅའ་སྡོད་རོགས་སྐྱོར་ཚོ་ཆུང་གི་བྲེལ་ཟིང་གི་རྣམ་པ་མཐོང་ཐུབ་ལ། ཁོ་ཚོས་བློ་གཅིག་གིས་དམངས་འཚོའི་ཆེད་དང་སྤྲོ་སེམས་འཁོལ་བའི་ངང་དམངས་ཀྱི་སེམས་ཁྲལ་སེལ་བ། ངང་རྒྱུད་རིང་པོས་དམངས་ཀྱི་དཀའ་ངལ་བསལ་བས། དམངས་སེམས་གཅིག་ཏུ་འཁོར་ཡོད། 
        ཁྱིམ་མཚེས་བར་ཁ་འཛིང་རྩོད་པ་སོགས་འགལ་རྐྱེན་བསླངས་ན། ཨན་ལོ་ཡུལ་ཚོའི་མང་ཚོགས་ཚོས་འཕྲལ་མར་ཡུལ་ཚོ་རུ་འདུམ་འགྲིག་པ་འཚོལ་བར་འོང་། ཁོ་ཚོའི་ངང་རྒྱུད་རིང་པོས་བར་འདུམ་བྱས་འོག འགལ་ཟླ་ཞི་འཇགས་བཏང་། ན་ནིང་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་ལས་ཀ་སྤེལ་བ་ནས་བཟུང་། ཨན་ལོ་ཡུལ་ཚོའི་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་ཆེད་བསྐོས་འདུམ་འགྲིག་པ་རང་ཤུགས་སུ་ཡོད་བྱུང་ལ། ཟླ་འགའི་དུས་ཚོད་ནང་། ཁོ་ཚོས་བར་འདུམ་གྱི་ནུས་པ་ཆེན་མོས་མང་ཚོགས་ཀྱི་འགལ་བ་རེ་རེ་བཞིན་སེལ་བྱུང་།
        ཅ་ཝོ་སྡེ་བའི་སྡེ་མི་ལི་ཁྲང་ཧྲིན་གྱིས་འདུམ་འགྲིག་པ་འཚོལ་དུ་འགྲོ་བའི་སྐོར་གླེང་སྐབས། སྐབས་དེར་ངའི་འབྲེལ་གཏུགས་མི་སྣ་ཝུན་ཧྥང་ཧྥང་གིས་ང་རང་འདུམ་འགྲིག་པའི་གམ་དུ་འཁྲིད་པའི་སྟབས་ཀྱིས། ང་ལ་ཁྱིམ་ཚང་གི་འགལ་བ་སེལ་ཐུབ་བྱུང་། དེ་ལྟར་མ་བྱས་ན། དོན་དག་ཇི་འདྲ་ཞིག་ཏུ་འགྱུར་སྲིད་པ་རྟོགས་དཀའ།
        འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་ལས་ཀ་སྤེལ་བའི་རིང་། གཟི་རྩ་སྡེ་དགུ་རྫོང་གིས་ཤུགས་ཆེན་པོས་དངོས་སྡོད་བརྟག་ཞིབ་དང་རྩིས་བསྡུར་ཐོ་ཡིག་བསུབ་པ། དགུན་གཞུང་ལ་དྲོད་སྣང་སྐྱེལ་བ་སོགས་ཀྱི་བྱ་འགུལ་སྤེལ་ལ། ཁྱོན་ཡོངས་ནས་འགལ་རྩོད་ཀྱི་མངོན་མེད་རྒྱུ་རྐྱེན་གྲལ་བཤེར་བྱས་ཏེ། དམངས་འཚོའི་ཞུ་དོན་དང་མང་ཚོགས་དཀའ་ངལ་ཅན། བརྟན་ལྷིང་ལས་དོན་བཅས་ཀྱི་རྩིས་ཐོ་གསུམ་བཟོས་ཏེ། གནད་དོན་དག་ཐེར་གནད་འཁེལ་དང་གནད་དོན་གཅིག་ཀྱང་མེད་པ་འགན་ལེན་བྱས་ནས། མང་ཚོགས་ཀྱི་ཁས་ལེན་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་།
        རྫོང་མི་དམངས་ཁྲིམས་ཁང་གི་ང་ལ་འབྲེལ་གཏུག་བྱེད་མཁན་གྱི་ལས་བྱེད་མི་སྣ་རྒྱུན་དུ་ངེད་ཚང་ལ་དཀའ་ངལ་སེལ་རོགས་ལ་འོང་། ངའི་དེང་གི་བདེ་སྐྱིད་འཚོ་བའི་ཕྱེད་ཀ་ཁོ་ཚོའི་བྱས་རྗེས་ཡིན་ཞེས་དེང་གི་བདེ་སྐྱིད་འཚོ་བ་གླེང་སྐབས། ཚའོ་ཏི་ཡུལ་ཚོ་ཧྲང་ཚའོ་ཏི་སྡེ་བའི་སྡེ་མི་ཝང་ཡུས་ཡོན་གྱི་གདོང་ལ་དགའ་སྤྲོས་ཁེངས་འདུག དེང་སྐབས། ཚའོ་ཏི་ཡུལ་ཚོ་རུ་དར་ཆེ་བའི་ནན་ཕིང་གཞས་དབྱངས་ནི་ཝང་ཡུས་ཡོན་གྱིས་བརྩམས་པའི་ཏང་དང་སྲིད་གཞུང་ལ་དྲིན་གཟོ་བའི་གླུ་དེ་རེད། ཐེངས་རེ་རེའི་དཀའ་ངལ་སེལ་བ་དང་ཐེངས་རེ་རེའི་བརྟག་བཤེར། ཐེངས་རེ་རེའི་འཚམས་འདྲིའི་ཁྲོད། མང་ཚོགས་ཀྱི་སྙིང་ཉེ་བ་གསལ་གྲགས་ཆེ་བའི་འབོད་ཚིག་མིན་པར། ཏང་ཡོན་ལས་བྱེད་དང་མང་ཚོགས་བར་གྱི་འབྲེལ་བའི་མཚོན་ཚུལ་དངོས་ཡིན། ལས་བྱེད་པ་རྟག་ཏུ་ཞིང་གྲོང་དུ་སོང་ནས། ཞིང་ཁྱིམ་ནས་ཞག་ལ་བསྡད་ནས། ཡུལ་སྐད་ཀྱི་ལམ་ནས་ཏང་གི་སྲིད་ཇུས་བསྒྲགས་ལ་དོན་འཁྱོལ་དཔྱིས་ཕྱིན་པ་ཡོང་བར་སྟོབས་ཤུགས་ཆེན་པོ་བསྩལ། མིག་སྔའི་བར་དུ། གཟི་རྩ་སྡེ་དགུའི་རྫོང་གིས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་འབྲེལ་གཏུག་ཡུལ་ཚོའི་( གྲོང་རྡལ)མཉམ་འབྲེལ་གྲོས་ཚོགས་ཐེངས་18འཚོགས་པ་དང་། རྩིས་ཐོ་བཤེར་སྡུར་གྱི་གནད་དོན་50དང་། མང་ཚོགས་ཀྱི་བསམ་འཆར་གྲོས་འགོ་80ལྷག་འཚོལ་སྡུད། འགལ་རྩོད་གྱོད་དོན་83ཐག་བཅད། འཚམས་འདྲིའི་དངུལ་དང་དགུན་སྒྲོལ་དངོས་རྫས་སྣ་ཚོགས་སྒོར་ཁྲི་70བཀྲམ་གཏོང་བྱས།

དོན་རྩར་སྣེ་ཁྲིད་ལེགས་པོ་བྱས་ཏེ། ཁྱིམ་འབྲེལ་དམངས་འདྲིས་ལ་མཉམ་དུ་སྐུལ་བ།
        བྱེད་སྲོལ་བཟང་ན་སྤྱོད་པ་ལས་ཀྱིས་བཟང་། ལས་སྒྲུབ་ལས་སྐྲུན་སྙིང་སྟོབས་ཆེ་རུ་བསྐྱེད། དེང་སྐབས། གཟི་རྩ་སྡེ་དགུའི་གང་སར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་གཞི་རིམ་དུ་རྩ་བ་ཚུགས་པ་དང་། མེ་ཏོག་བཞད་ཅིང་འབྲས་བུ་སྨིན་པའི་དཔེ་དོན་དངོས་མཐོང་ཐུབ།
        གནམ་འོག་གི་ལས་དོན་ཆེན་པོ་དག་ངེས་པར་དུ་ཆུང་ངུ་ནས་སྒྲུབ་མགོ་རྩོམ་དགོས། མང་ཚོགས་ལས་ཀ་ཡག་པོར་བསྒྲུབ་ན་དོན་གྱི་རྩ་བ་ནི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། གཟི་རྩ་སྡེ་དགུ་རྫོང་གིས་འཐབ་ས་དང་པོར་ལས་ཀ་ལག་ལེན་བྱེད་ཐབས་དང་། ཏང་ཡོན་ཆིག་སྟོང་ཞིང་དུད་དུ་འཛོམས་པའི་བྱེད་སྒོའི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག ཁྱིམ་འབྲེལ་དམངས་འདྲིས་ལས་ཀའི་འཆར་གཞིའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། ཁྱིམ་འབྲེལ་དམངས་འདྲིས་ནུས་ལྡན་སྐུལ་འདེད་ཀྱིས་འཆར་གཞི་ཡག་པོ་བྲིས། མིག་སྔའི་བར་དུ། རྫོང་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་དམངས་འབྲེལ་ཁྱིམ་འདྲིས་ལས་དོན་འགོ་ཁྲིད་ཚོ་ཆུང་90ལྷག་བཙུགས། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་མཉམ་འགུལ་བྱེད་པའི་ཆེད་དོན་གྲོས་ཚོགས་ཐེངས་140ལྷག་ཞིབ་འཇུག་བཀོད་སྒྲིག་བྱས་ནས། གནད་འཁེལ་སྐུལ་འདེད་ལས་ཀ་དོན་འཁྱོལ་ཡོང་བར་འགན་ལེན་བྱས། 
        འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་ལས་ཀ་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན། སྔར་ལས་མང་བའི་ལས་ཁུངས་ཀྱི་ལས་བྱེད་པས་མདུན་དུ་བསྐྱོད་ནས་དཔེ་བཟང་བསྟན། གང་སར་རྔུལ་ཆུ་འདམ་ཆུའི་ཁྲོད་འཚོ་བ་དངོས་ལ་མྱོང་ཚོར་བྱེད་བཞིན་ཡོད།
        ལས་ཁུངས་ཀྱི་ལས་བྱེད་པ་མང་པོ་ཞིག་གིས་དེ་སྔ་ལས་ཁུངས་སུ་ཡི་གེ་དང་འབྲེལ་བ་བྱེད་རྒྱུར་གོམས་ཡོད། གྲོང་ཚོར་བཅའ་སྡོད་བྱས་རྗེས་མང་ཚོགས་དང་འབྲེལ་འདྲིས་བྱེད་རྒྱུ་ཤེས་སོང་། ང་ཚོའི་མང་ཚོགས་དང་མཉམ་དུ་ངལ་རྩོལ་བྱས་པས་བརྩེ་དུང་ཡང་ཟབ་མོ་ཆགས། ད་ཆ་མང་ཚོགས་ཀྱིས་ང་ཚོ་མཐོང་དུས་རང་འགུལ་ངང་འཚམས་འདྲི་བྱེད།
        མི་ལ་ལས་བཤད་དོན། སྔོན་ཆད་ནི་སྲིད་ཇུས་བཟོ་མཁན་དང་། ད་ལྟ་ནི་སྲིད་ཇུས་དོན་འཁྱོལ་བྱེད་མཁན་རེད། ད་ལྟ་གཞི་རིམ་དུ་དངོས་སུ་སོང་ན། མང་ཚོགས་ཀྱི་སེམས་གཏམ་དྲང་མོར་ཉན་ན། ཕྱིས་སུ་ལས་དོན་བསྒྲུབ་པར་དམིགས་སའི་རང་བཞིན་ལྡན་པ་རེད།
        རྐང་བ་འདམ་གྱིས་སྦངས་ན། ད་གཟོད་བརྩེ་སེམས་མཐོང་ཐུབ། གཞི་རིམ་མང་ཚོགས་ཀྱི་དགོས་མཁོ་དང་ས་ཆ་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་རྒྱུས་ཡོད་ན། ད་གཟོད་མང་ཚོགས་ལ་ཕན་པའི་ཇུས་བཟང་འདོན་ཐུབ། ད་གཟོད་དོན་དངོས་ཐོག་མང་ཚོགས་ལ་ཕན་པ་བསྐྲུན་ཐུབ། ད་གཟོད་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཐུབ། ལུའོ་ཀྲི་པོ་ཡིས་བཤད་དོན། ཏང་ཡོན་ལས་བྱེད་པ་ངེས་པར་མང་ཚོགས་ཀྱི་ཁྲོད་དང་གཞི་རིམ། ལས་ཡུལ་དངོས་སུ་འགྲོ་དགོས་ལ། སྲིད་དོན་དམངས་ལ་འདྲི་བ། དགོས་མཁོ་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ། ཕན་ནུས་དམངས་ལ་འདྲི་བ་བཅས་བྱེད་དགོས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1