༄༅། །ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་ཚད་ལྡན་དུ་གཏོང་རྒྱུ་ནི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དགོས་མཁོ་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-11


              ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་ན་ཀྲུང་གོ་གུང་ཁྲན་ཏང་གིས་ཁྲིམས་སྐྱོང་སྲིད་འཛིན་དང་ཁྲིམས་ལྟར་ཏང་དོ་དམ་བྱ་དགོས་ལ། ཏང་ནང་ཁུལ་དུ་ཁྲིམས་འཛུགས་པའི་བཅའ་ཁྲིམས་བརྒྱུད་ནས་ཏང་གི་སྒྲིག་ཁྲིམས་ཚད་ལྡན་དུ་གཏོང་བ་དང་། ཚད་ལྡན་ཅན་གྱི་ཡིག་ཆ་གཏན་འབེབས་བྱེད་རྒྱུ་བཅས་ནི་ཆེས་གལ་འགེངས་ཆེ་བ་ཞིག་ཡིན།

              ཉེ་ལམ་ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་ཐོབ་པ་བརྒྱུད། «ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་གཏན་འབེབས་སྲོལ་ཡིག»དང«ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ཁྲིམས་ཚད་ལྡན་དུ་གཏོང་བའི་ཡིག་ཆ་ཐོ་འགོད་སྙན་སེང་ཞུ་བའི་སྐོར་གྱི་ཆོད་དོན»ཁྱབ་བསྒྲགས་བྱས་པས། འདིས་ཀྲུང་གོ་གུང་ཁྲན་ཏང་གིས་ཚན་རིག་ལྟར་སྲིད་སྐྱོང་བ་དང་དམངས་གཙོས་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་སྐྱོང་བ་བཅས་ཀྱིས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།

             ཀྲུང་གོ་གུང་ཁྲན་ཏང་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྲིད་ཏང་དང་མི་འདྲ་ལ། འདིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ལས་དོན་སྣ་ཚོགས་ལ་ཐད་ཀར་མགོ་ཁྲིད་བཞིན་ཡོད་པ་ལས་གཞན། ཁྲིམས་ལྟར་སྣེ་ཁྲིད་ནས་རྒྱལ་ཁབ་སྐྱོང་བཞིན་ཡོད་པས། ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྟེན་ནས་བྱ་བ་སྒྲུབ་དགོས་པ་དང་། ཏང་གིས་ཁྲིམས་ལྟར་སྲིད་སྐྱོང་དགོས་ན་ཐོག་མར་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱ་དགོས་པ་ལས། ངེས་པར་དུ་ཏང་ནང་ཁུལ་དུ་ཁྲིམས་ལྟར་ཏང་ལ་དོ་དམ་དང་ཏང་སྐྱོང་དགོས་ལ། དེའི་རྒྱུ་མཚན་ནི་ཏང་གི་མགོ་ཁྲིད་མ་ལག་དང་ཏང་གི་སྲིད་འཛིན་དབང་ཆའི་སྒྲིག་གཞི། ཏང་གི་སྲིད་འཛིན་སྟངས། དེ་མིན་ཏང་གི་རྩ་འཛུགས། ཏང་གི་སྒྲིག་ཁྲིམས། ཏང་ནང་ཁུལ་གྱི་ལྟ་སྐུལ། འགན་འཁྲིའི་ནང་རྐྱེན་སོགས་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ལེགས་སྒྲིག་བྱེད་ཐབས་མེད།

              ཏང་ནང་གི་སྒྲིག་ཁྲིམས་ནི་ལོ་རྒྱུས་སྟེང་གཏན་ལ་ཕབ་པའི་ཏང་སྟངས་ནས་གྲུབ་པའི་དོན་སྤྱི་ཞིག་ཡིན་ལ། ཏང་རྩ་འཛུགས་ཀྱི་བྱ་བ་དང་བྱ་འགུལ། ཏང་ཡོན་གི་བྱ་སྤྱོད་བཅས་ཚད་ལྡན་དུ་གཏོང་བའི་ཏང་ནང་ཁུལ་གྱི་སྒྲིག་སྲོལ་ལམ་ལུགས་བཅས་ལ་བསྟན་པ་ཡིན་ཞིང་། ཏང་གིས་གཏན་ལ་ཕབ་པའི«སྲོལ་ཡིག»དང«ཆོད་དོན»བཅས་ཀྱིས་ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་དང་ཡིག་ཆ་ཚད་ལྡན་དུ་བཏང་བས། ཁྲིམས་སྐྱོང་རྩ་དོན་མཚོན་ཡོད་པ་དང་ཁྲིམས་སྐྱོང་ཞེས་པ་ནི་སྤྱི་ཡོངས་དང་མཐུན་པའི་རྩ་དོན་དང་བླང་བྱ་ཡིན་ལ། རྒྱལ་ཁབ་སོ་སོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་དམིགས་བསལ་གྱི་རྩ་དོན་དང་བླང་བྱའང་ཡིན། སྤྱི་ཡོངས་དང་མཐུན་པའི་རྩ་དོན་དང་བླང་བྱ་ལྟར་ན་སྲིད་གཞུང་གི་དབང་ཆ་ཚད་ལྡན་དུ་བཏང་ནས་དབང་ཆ་ལམ་ལུགས་ཀྱི་འོག་ཚུད་དུ་འཇུག་དགོས་པ་དང་། ཁྲིམས་ལྟར་སྐྱོང་བའི་ཀྲུང་གོའི་ཁྱད་ཆོས་ལྟར་ན་ཀྲུང་གོ་གུང་ཁྲན་ཏང་གིས་ཁྲིམས་ལྟར་སྲིད་སྐྱོང་བ་དང་ཁྲིམས་ལྟར་ཏང་སྐྱོང་དགོས་པའི་བླང་བྱ་བཏོན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་མགོ་ཁྲིད་པའི་འགན་ཁུར་ཡོད་ཀྱང་རྒྱལ་ཁབ་ལས་ཁུངས་ཀྱི་གྲུབ་ཆ་ཞིག་མིན་པས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་གཞན་ད་རུང་ཏང་ནང་ཁུལ་ནས་ཁྲིམས་ལྟར་རང་གི་དབང་ཆ་ཚད་ལྡན་དུ་གཏོང་དགོས། དེ་བས་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱིས་ཏང་འཛུགས་སྐྲུན་བྱེད་དགོས་ན་ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་དང་ཚད་ལྡན་ཅན་གྱི་ཡིག་ཆ་ཡོད་དགོས་ལ། ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་དང་ཏང་ནང་ཁུལ་གྱི་ཚད་ལྡན་ཡིག་ཆ་དེ་དག་ནི་ཀྲུང་དབྱང་རིམ་པའི་སྡེ་ཁག་དང་། ས་གནས་རིམ་པ་བཅས་ཀྱིས་ཚད་ལྡན་ཅན་དུ་གཏོང་བར་ལག་བསྟར་ནན་མོ་བྱ་དགོས་པ་དང་། ཏང་རྩ་འཛུགས་ཀྱིས་ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་གཏན་འབེབས་དང་ཏང་ནང་གི་ཚད་ལྡན་ཅན་གྱི་ཡིག་ཆའི་དབང་ཚད་དང་ནང་དོན། གོ་རིམ། ལྟ་སྐུལ་ཞིབ་བཤེར་བཅས་ཀྱི་བླང་བྱ་ལྟར་གཏན་འཁེལ་གསལ་བོ་བྱ་དགོས་པ་ལས། རང་འདོད་ལྟར་གཏན་འབེབས་དང་ཡིག་ཆ་འགྲེམ་སྤེལ་བྱེད་མི་རུང་ལ། དེ་ལྟར་མ་བྱས་ན་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་དོན་དང་བླང་བྱ་འདོར་ངེས་པ་དེ་ཡིན།

              ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཀྱི་མགོ་ཁྲིད་སྲོག་ཤིང་དང་སྲིད་འཛིན་གོ་གནས་རྒྱུན་འཁྱོངས་བྱེད་པ་ནི། རྩ་ཁྲིམས་ནང་གཏན་ལ་ཕབ་པའི་ཆབ་སྲིད་ཀྱི་རྩ་བའི་རྩ་དོན་ཞིག་ཡིན་ཞིང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ལག་ལེན་དུ་བསྟར་དགོས་ན་ངེས་པར་དུ་ཏང་ནང་ཁུལ་གྱི་འཚོ་བ་ཁྲིམས་སྐྱོང་ཅན་དང་། ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་དང་ཚད་ལྡན་ཡིག་ཆ་གཏན་འབེབས་དང་དྲིལ་སྒྲོག་བྱས་ནས་ཁྲིམས་སྐྱོང་ཅན་དུ་བསྒྱུར་རྒྱུ་དེ་ཡིན། ད་ལྟ་ཀྲུང་དབྱང་གིས«སྲོལ་ཡིག»དང«ཆོད་དོན»བརྒྱུད་ནས་ཏང་ནང་ཁུལ་གྱི་ཁྲིམས་དང་ཚད་ལྡན་ཡིག་ཆ་གཏན་འབེབས་དང་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་ནི། སྐབས་གསར་བའི་ཏང་གི་མགོ་ཁྲིད་ཐུན་མོང་གིས་ཁྲིམས་ལྟར་ཏང་སྐྱོང་བ་དང་ཁྲིམས་ལྟར་སྲིད་སྐྱོང་བའི་ཆོད་སེམས་བརྟན་པོ་གསལ་བོར་མཚོན་ཡོད།

               «སྲོལ་ཡིག»དང«ཆོད་དོན»ལས་ཁྲིམས་སྐྱོང་གི་རྩ་དོན་དང་དགོངས་དོན་གསལ་བོར་རྟོགས་ཐུབ་ལ། དཔེར་ན། «སྲོལ་ཡིག»གི་ནང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་ལྔ་བའི་སྟེང་གཏན་ལ་ཕབ་ཡོད་པའི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐབས་ཇུས་ལྟར། ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་གཏན་འབེབས་བྱེད་སྐབས། ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་མངའ་ཁོངས་སུ་བྱ་འགུལ་སྤེལ་དགོས་པའི་ཆོད་དོན་བརྩི་སྲུང་བྱེད་དགོས་པ་དང་། ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་དེ་གལ་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་དང་འགལ་མི་རུང་བ་དེ་ཡིན་པ་ལས། «སྲོལ་ཡིག»གི་ནང་དུའང་དེང་རབས་སྤྱི་ཚོགས་དམངས་གཙོ་ཅན་གྱི་འཕེལ་ཕྱོགས་ལྟར་ཏང་ནང་ཁུལ་ནས་ཐོ་འགོད་དང་གཏན་འབེབས་བྱེད་སྐབས། ཏང་ནང་ཁུལ་དུ་ཡོངས་ཁྱབ་ཀྱིས་བསམ་འཆར་སྡུད་ལེན་བྱ་དགོས་པར་མ་ཟད། ད་རུང་མང་ཚོགས་ཀྱི་ཁེ་ཕན་ངོ་མ་དང་འབྲེལ་བའི་ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་ཟིན་ཐོ་འགོད་སྐབས་མང་ཚོགས་ཀྱི་བསམ་འཆར་ལ་ཉན་དགོས་ལ། དེ་མིན་ཏང་ནང་ཁུལ་གྱི་དམངས་གཙོ་རང་བཞིན་དང་ཚན་རིག་རང་བཞིན་ལ་འགན་སྲུང་བྱ་ཆེད། འབྲེལ་ཡོད་ཆེད་མཁས་པ་དང་མཁས་པའི་བསམ་འཆར་ལ་ཉན་དགོས་པ་གཏན་འབེབས་བྱས་ཡོད་པ་ལས།«སྲོལ་ཡིག»དང«ཆོད་དོན»གྱི་ནང་དུའང་ཏང་ནང་ཁུལ་གྱི་ཁ་བྱང་དམར་བོའི་ཡིག་ཆ་དེ་ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་དང་མཉམ་དུ་ཐོ་འགོད་སྙན་སེང་ཞུ་དགོས་པ་བཀོད་ཡོད། ནང་དོན་འདི་དག་གིས་ཏང་ནང་ཁུལ་གྱི་ཁྲིམས་དང་ཚད་ལྡན་ཡིག་ཆ་ཚད་ལྡན་དུ་བཏང་ནས་ཁྲིམས་སྐྱོང་ཅན་དུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཐུབ།

                ཀྲུང་གོས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འཛུགས་སྐྲུན་བྱེད་ན། ཀྲུང་གོ་གུང་ཁྲན་ཏང་གིས་ཁྲིམས་ལྟར་སྲིད་འཛིན་པ་དང་ཁྲིམས་ལྟར་ཏང་དོ་དམ་བྱ་དགོས་པ་བླང་བྱ་བཏོན་ཡོད་ལ། ཏང་ནང་ཁུལ་དུ་ཁྲིམས་འཛུགས་པའི་བཅའ་ཁྲིམས་བརྒྱུད་ནས་ཏང་ནང་གི་སྒྲིག་ཁྲིམས་དང་ཏང་ནང་གི་ཚད་ལྡན་ཡིག་ཆ་གཏན་འབེབས་བྱེད་སྐབས། ཚད་ལྡན་ཅན་དུ་གཏོང་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཁྲིམས་ལྟར་སྲིད་སྐྱོང་བ་དང་། ཁྲིམས་ལྟར་ཏང་དོ་དམ་བྱེད་པར་སྐུལ་འདེད་བྱེད་པའི་ཐབས་གལ་ཆེན་ཞིག་ཡིན་པ་འགན་སྲུང་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1